༡༩༠༧ གྱི་གན་རྒྱ། 1907 Genja (Contract)

Wikipedia ལས།
(༡༩༠༧ གྱི་གན་རྒྱ། ལས་ ལོག་བཏང་ཡོདཔ་)

སྤྱི་ལོ་ ༡༩༠༦ མེ་རྟ་ཟླ་ ༧ ཚེས་ ༡༠ ལུ་ཧཱ་དྲུང་པ་ཨོ་རྒྱན་རྡོ་རྗེ་གིས་ སར་ཨོ་རྒྱན་དབང་ཕྱུག་འདི་ བརྒྱུད་འཛིན་གྱི་རྒྱལ་པོ་མཛད་དགོཔ་སྦེ་ ཞུ་ཡིག་ཕུལཝ་བཞིན་དུ་ འབྲུག་གི་དཔོན་ཁག་འབངས་མི་སེར་ དགེ་འདུན་གྲྭ་ཚང་ཆ་མཉམ་གྱིས་ ཧཱ་དྲུང་པའི་བསམ་འཆར་འདི་ གནམ་མེད་ས་མེད་འོས་འབབ་ཅན་གྱི་བསམ་འཆར་སྦེ་གཟིགས་ཏེ་ ཨྱོན་དབང་ཕྱུག་རྒྱལ་པོ་མཛད་དགོཔ་དང་ སྲས་རིམ་བྱོན་ཚུ་གིས་ཡང་ བརྒྱུད་འཛིན་གྱི་རྒྱལ་པོ་མཛད་དགོཔ་སྦེ་ ཆ་འཇོག་གྲུབ་ཡོདཔ་ཨིན་མས། དེ་སྦེ་ཨྱོན་རྡོ་རྗེ་གིས་ ཞུ་ཡིག་ཕུལ་མི་འདི་ཡང་། རྒྱལ་རབས་གསལ་བའི་མེ་ལོང་། (གནམ་ལོ་མེད། ༢༠༠༨) ནང་འབད་བ་ཅིན་ “ང་བཅས་རའི་འབྲུག་གི་རྒྱལ་ཁབ་འདི་ནང་ ཧེན་ལས་ད་རེས་ཚུན་ཚོད་ སྡེ་སྲིད་དེ་ཡང་གྲྭ་ཚང་བླ་སློབ་དང་ ལྷན་རྒྱས་ཕྱོགས་ཀྱི་སྤྱི་བླ་ལ་སོགས་པ་གིས་ ག་ལྷོདཔ་མཛད་བཞུགསཔ་མ་གཏོགས་ བརྒྱུད་འཛིན་གྱི་རྒྱལ་་པོ་ཟེར་མི་ཅིག་མིན་འདུག། དེ་ལུ་བརྟེན་ ད་རེས་མཁན་སློབ་འདུས་ཚོགས་སྤྱི་དང་ གཞུང་ལྷན་རྒྱས་ཕྱོགས་ཀྱི་སྤྱི་བླ་བཅས་པ་དཔོན་འབངས་ག་ར་ མགྲིན་གཅིག་གི་ཐོག་ལས་ འགྱུར་བ་མེད་པའི་གན་རྒྱ་མཐའ་བཙན་དུ་བཞག་དོན།” ཟེར་བཀོད་དེ་འདུག།

གོང་ལུ་བཀོད་དེ་ཡོད་མི་ཚུ་ གསུང་གྲོས་གནང་ཐོག་ལས་ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ རང་ལུགས་གནམ་ལོ་ས་སྤྲེལ་གྱི་ཟླ་བ་ ༡༡ པའི་ཚེས་ ༡༣ ལུ་ གཟའ་སྐར་འཕྲོད་སྦྱོར་དང་བསྟུན་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ བརྒྱུད་འཛིན་གྱི་རྒྱལ་པོ་སྦེ་ཁྲི་མངའ་གསོལ་མཛད་ཡོདཔ་ཨིན་མས། གན་རྒྱ་འདི་ནང་ནང་དོན་གཙོ་བོ་གཅིག་ ག་ཅི་ཚུད་ཡོདཔ་སྨོ་ཟེར་བ་ཅིན་ འབྲུག་གི་རྒྱལ་རབས་ སློབ་དཔོན་པད་མ་ཚེ་དབང་། (གནམ་ལོ་མེད། ༢༠༠༨) དང་འཁྲིལ་བ་ཅིན་ “གསེར་ཁྲི་མངའ་གསོལ་མཛད་གྲུབ་པའི་རྒྱལ་པོ་དེ་ ཁོ་ར་དང་ གདུང་འཛིན་རྒྱལ་བརྒྱུད་རིམ་པ་དང་བཅས་པ་ལུ་ གོང་གསལ་བླ་དཔོན་འབངས་འཁོར་ཆེ་ཕྲ་ག་ར་གིས་ དམ་ཚིག་དཔང་དུ་བཙུགས་ཏེ་ ཞབས་ཏོག་བསྙེན་བཀུར་ཞུ་ནི་མ་གཏོགས་ གལ་སྲིད་བསམ་ངན་གྱི་གཏམ་རེ་སླབ་མི་ཐོན་པ་ཅིན་ དམངས་ཀྱི་གྲལ་ལས་ ཕྱིར་འབུད་འབད་ནི་ཨིན།” ཟེར་བཀོད་དེ་འདུག། དེ་སྐབས་ དབྱིན་ཇིའི་གཞུང་གི་སྐུ་ཚབ་ ག་དང་ག་ར་བྱོན་ནུག་ཟེར་བ་ཅིན་ འབྲུག་གསལ་བའི་སྒྲོན་མེ། (གནམ་ལོ་མེད། ༢༠༠༤) ལྟར་དུ་འབད་བ་ཅིན་ “དབྱིན་ཇི་ལས་འབྲུག་གཞུང་ལུ་ སྐུ་ཚབ་ ཝའི་ཏ་སཧེབ། མེ་ཇར་རི་ནིག། ཀེམ་བེལ་སཧེབ། ཀབན་ཧིསི་ལོབ། བཛར་ཝལ་ལ་སུ་བྷི་དྷར་ཇི་ཧད་དན་ཁཱ་ན་དང་ སྐད་སྒྱུར་འབྲས་ལྗོངས་པ་ རའི་བ་དུར་དང་བློ་བཟང་ཆོས་ལྡན་བཅས་ དཔོན་གཡོག་ ༢༤ ཙམ་བྱོན་ཏེ་ བཀྲིས་མངའ་གསོལ་མཛད་གནང་ནུག།” ཟེར་བཀོད་དེ་འདུག།

དེ་ལས་གོང་ས་ཨྱོན་དབང་ཕྱུག་གི་ཐུགས་ལུ་ ཧཱ་དྲུང་པ་ཨྱོན་རྡོ་རྗེ་དེ་ འབྲུག་རྒྱལ་ཁབ་ལུ་དད་དམ་གཙང་མའི་སྒོ་ལས་ ཕྱག་ཕྱིད་འགྲན་ཟླ་མེད་པར་ཞུ་མི་ཅིག་ཨིནམ་ལས་ ཁོ་ལུ་གོ་གནས་འདི་ལས་ལྷགཔ་ཅིག་བྱིན་དགོཔ་འདུག་ཟེར་ཐུགས་བཞེས་གནང་སྟེ་ རྒྱལ་ཁབ་འདི་ནང་གོ་གནས་མཐོ་ཤོས་ར་ ལྷན་རྒྱས་ལས་ལྷགཔ་ཅིག་མེདཔ་ལས་ ལྷན་རྒྱས་བཞི་གི་གྲས་ལས་ གོང་གཟིམ་འདི་བཅར་ཤོས་ཅིག་ཨིན་ནི་དེ་གིས་ གོང་གཟིམ་གྱི་གོ་གནས་འདི་ཁོ་ལུ་གནང་དགོ་པས་ མནོ་བའི་ཐུགས་བཞེས་གནང་སྟེ་ སྤྱི་ལོ་ ༡༩༡༡ རབ་བྱུང་ ༡༥ པའི་གནམ་ལོ་ལྕགས་ཕག་ལུ་ ཧཱ་དྲུང་ཨོ་རྒྱན་རྡོ་རྗེ་ལུ་བཀའ་ཤོག་གནང་སྟེ་ གོ་གནས་ཡང་གནང་ནུག་གོ།

རྒྱབ་རྟེན།

རྒྱལ་རབས་གསལ་བའི་མེ་ལོང་།. (༢༠༠༨). ཐིམ་ཕུག

སློབ་དཔོན་པད་མ་ཚེ་དབང་།. (༢༠༠༤). འབྲུག་གི་རྒྱལ་རབས།. ཕུན་ཚོགས་གླིང་།

སློབ་དཔོན་པད་མ་ཚེ་དབང་།. (༢༠༠༨). རྒྱལ་རབས་གསལ་བའི་མེ་ལོང་།. ཐིམ་ཕུ།

Source : Dzongkha Development Commission 2022