༼ང་བཅུ་དྲུག་མའི་བཤད་པ༽ Nga chudruma
༉ འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ དཔལ་འབྲུག་པ་རིན་པོ་ཆེ་བླ་མ་ངག་དབང་རྣམ་རྒྱལ་མཆོག་ གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་ ཐུགས་མ་མཐུན་པར་ ལྷོ་ལུངམ་འདི་ནང་བྱོན་དོ་བཟུམ་སྦེ་ཚོར་རུང་ དོན་གྱི་བསམ་བློ་གཏང་ན་ ཨོ་རྒྱན་མ་ཧཱ་གུ་རུ་དང་ ལྷ་ཆོས་སྐྱོང་སྲུང་མའི་ལུང་བསྟན་དང་འཁྲིལ་ཏེ་ ལྷོ་མོན་ཁ་བཞིའི་གདུལ་བྱ་འདུལ་བའི་དུས་ལུ་བབས་ཏེ་ བྱོན་བྱོནམ་ཨིན་མས། དེ་ཡང་སྤྱི་ལོ་ ༡༦༡༦ དགུང་ལོ་ ༢༣ ལུ་གདན་ས་ར་ལུང་ལས་ ཆིབས་ཁར་བསྒྱུར་ཏེ ལྷོ་མོན་ཁ་བཞིའི་ཕྱོགས་སུ་བྱོན་ཞིནམ་ལས་ ལྷོ་མོན་ཁ་བཞིའི་མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་གིས་ དད་མོས་དང་གུས་ཞབས་ཀྱི་ཐོག་ སྐྱབས་ཀྱི་མཆོག་ཏུ་བཟུང་སྟེ་སྤྱི་གཙུག་གུར་བཀལཝ་ལས་ སྙན་གྲགས་ཁྱབ་སོ་ནུག། དེའི་བསྒང་སྡེ་སྲིད་གཙང་པ་ ཕུན་ཚོགས་རྣམ་རྒྱལ་ཕྲག་དོག་གིས་བཟོད་མ་ཚུགས་པར་ དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་རྣམ་རྒྱལ་མཆོག་ རྩ་མེད་བཏང་ཞིནམ་ལས་ ལྷོ་མོན་ཁ་བཞི་དབང་དུ་ བསྡུ་ནི་གི་འཆར་གཞི་བརྩམས་ཏེ་ དམག་དཔུང་ཚར་ལེ་ཤ་ཅིག་བཏང་རུང་ དཔལ་ཆོས་ཀྱི་རྗེ་བླ་མ་ངག་དབང་རྣམ་རྒྱལ་མཆོག་གིས་མཐུ་དང་ནུས་པ་ལུ་རྩ་ལས་ར་གླགས་ཁེལ་མ་ཚུགས་པས།
དེ་ལས་ ངག་དབང་རྣམ་རྒྱལ་མཆོག་ ལུགས་གཉིས་བསྟན་པའི་ཆབ་སྲིད་ཀྱི་སྐོར་ལས་ ག་དེ་སྦེ་མཛདཔ་དྲག་ག་མནོ་སྟེ་བཞུགསཔ་ད་ ནུབམོ་ཅིག་མནལ་ལམ་ནང་ལུ་ མཁའ་འགྲོ་སྡེ་བཞི་གིས་ ལུགས་གཉིས་ཀྱི་བསྟན་པ་སྐྱོང་དགོཔ་སྦེ་གསོལཝ་བཏབ་བཞིན་དུ་ཞལ་བཞེས་ནུག།
ལུགས་གཉིས་ཀྱི་བསྟན་པ་སྐྱོང་བ་ལུ་ དང་པ་ར་ ཕྱི་ནང་གསང་གསུམ་གྱི་དགྲ་བཏུལ་དགོཔ་སྦེ་ཟེར་ཐུགས་བཞེད་གནང་ནུག། དེ་ཡང་ སྡེ་སྲིད་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་ འབྲུག་པའི་བསྟན་པ་དང་ རྗེ་བླ་མ་ཁོ་ར་ལུ་ མ་རངས་མི་ཅིག་ཨིནམ་ལས་བརྟེན་ སྡེ་སྲིད་གཙང་པ་བསྒྲལ་ནི་སྦེ་གདན་ས་ར་ལུང་ལས་ ཐོད་ནག་འབྲུབ་ཁུང་ལེན་ཏེ་ རྟ་མགོའི་བྱག་ རྟ་མགྲིན་རང་བྱོན་གྱི་བྱག་ཕུག་ནང་ལུ་ དཔལ་ཡེ་ཤེས་མགོན་པོའི་ཐོད་ནག་ལུ་བརྟེན་པའི་ མངོན་སྤྱོད་ལས་སྦྱོར་གྱི་ཐུགས་དམ་གནང་བཞུགས་ནུག།
དེ་བསྒང་ སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དབུས་ཕྱོགས་སུ་དམག་རྐྱབ་པར་འགྱོཝ་ད་ ལམ་ཁར་ལྟས་ངན་གྱི་ཆོ་འཕྲུལ་ལེ་ཤ་ཅིག་མཐོངམ་མ་ཚད་ དམག་རྐྱབ་པའི་བསྒང་གློ་བུར་དུ་ འབྲུམ་ནད་ཀྱིས་བཤེད་དེ་ སྨན་བཅོས་འབད་རུང་དྲག་མ་ཚུགས་པར་ སྡེ་སྲིད་དམག་སྒར་ནང་ར་བཤགས་སོཔ་མ་ཚད་ དེའི་ཤུལ་ལས་ བཙུནམོ་ཨ་ལྕེ་དྲུང་ཡང་བཤགས་སོཔ་ཨིན་པས། དེ་ལས་ སྡེ་སྲིད་བཤགས་ཏེ་ལོ་གསུམ་གྱི་རིང་ མི་ག་ལུ་ཡང་མ་སླབ་པར་གསང་བཞག་སྟེ་འབད་རུང་ ངག་དབང་རྣམ་རྒྱལ་གྱིས་མཁྱེན་ཏེ་ ཆོས་སྐྱོང་ཚུ་ལུ་གཏང་རག་དགའ་སྟོན་མཛད་གནངམ་ལས་བརྟེན་ ད་རེས་ནངས་པར་གཞུང་གྲྭ་ཚང་ནང་ ཟོར་འཆམ་ཟེར་གནང་སྲོལ་ཡོད་མི་འདི་ཡང་ དེ་བསྒང་ལས་འགོ་བཙུགས་ཨིན་པའི་ལོ་རྒྱུས་ ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ་ནང་གསུངས་ནུག།
དེ་བཟུམ་སྦེ་ བླ་མ་ངག་དབང་རྣམ་རྒྱལ་བྱག་ཕུག་ནང་ ཐུགས་དམ་མུ་མཐུད་གནང་སྟེ་སྐུ་མཚམས་ལུ་བཞུགས་པའི་སྐབས་ སྡེ་སྲིད་གཙང་པའི་ཕྱོགས་བཟུང་མི་ཚུ་གིས་ ངག་དབང་རྣམ་རྒྱལ་ལུ་ མ་རངས་པར་མངོན་སྤྱོད་ལས་སྦྱོར་ལུ་མཁས་པའི་སྔགས་པ་ལེ་ཤ་ཅིག་ལུ་མཐུ་གཏང་བཅུགཔ་ལས་བརྟེན་ སྐུ་མཚམས་བཞུགས་སར་ ས་དང་རྡོ་ཆད་དེ་ བྱག་ཕུག་མཐོང་ནི་ར་མེདཔ་སྦེ་སྤུབས་ཆི་རུང་ ཕྱག་ཞུ་མི་ཚུ་གིས་ས་དང་རྡོ་བསལ་ཏེ་བལྟཝ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་ཏིང་ངེ་འཛིན་གྱི་ངང་ལུ་བཞུགས་ཏེ་ སྐུ་གཟུགས་ལུ་གནོད་སྐྱོན་ག་ནི་ཡང་མ་བྱུང་བར་ སྐུ་མདུན་གྱི་དཀར་ཡོལ་ཡང་ མ་བཅག་པར་ཡོདཔ་ཨིན་པས། གནས་ཚུལ་འདི་ཚུ་གི་སྐོར་ལས་ མི་སེར་གྱིས་གོཝ་ད་ གནམ་མེད་ས་མེད་ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་པའི་ བརྩིབཀུར་དང་དག་སྣང་བསྐྱེད་དེ་ མི་སེར་ཚུ་གིས་རང་སོའི་ཁྱིམ་ཐོག་གུར་དར་འཕྱར་ཏེ་ དགའ་སྟོན་རྟེན་འབྲེལ་བརྩི་སྲུང་ཞུ་ནུག།
མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་རྒྱལ་མཆོག་ དང་པ་ སྡེ་སྲིད་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་དགྲའི་ཕྱོགས་ལས་རྒྱལ། གཉིས་པ་ ལྷ་སྲིན་སྡེ་བརྒྱད་ཀྱི་དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བ་ལས་བརྟེན་ ང་བཅུ་དྲུག་མ་བརྩམས་གནང་ནུག། དེ་ཡང་ ངོ་བོ་སངས་རྒྱས་ཀྱི་ཐུགས་ལུ་ ངར་འཛིན་མེད་རུང་བསྟན་པའི་དགྲ་བོ་ཟིལ་གྱིས་གནོན་ནིའི་དོན་ལུ་འཇིགས་བསྐྲགས་བཟུམ་ཅིག་སྟོན་གནང་གནངམ་ཨིན་པས།
ང་བཅུ་དྲུག་མའི་ཚིག་བཅད་ཀྱི་བཤད་པ་འཕུལ་བ་ཅིནཿ
༡༽ ལུགས་གཉིས་འཁོར་ལོ་བསྒྱུར་བ་ང་།། ཟེར་མི་འདི་ ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ལས་བསྟན་པ་དང་ རྒྱལ་ཁབ་ཚུལ་བཞིན་བསྐྱངས་གནང་བའི་བརྡ་མཚོན་ལུ་ ལུགས་གཉིས་འཁོར་ལོ་སྒྱུར་མི་འདི་ང་ཨིན་ཟེར་གསུངམ་ཨིན་པས།
༢༽ ང་ནི་ཀུན་གྱི་སྐྱབས་སུ་བཟང་།། ཟེར་མི་འདི་ གནས་སྐབས་འཇིག་རྟེན་པའི་ལྷ་བཟུམ་མེན་པར་ སེམས་ཅན་ག་ར་ རང་གི་ཕམ་ཨིན་པའི་འདུ་ཤེས་བཞག་སྟེ་ ཆགས་སྡང་ཕྱོགས་རིས་མེད་པར་ ཚེ་འདིའི་རྐྱེན་ངན་བར་ཆད་དང་ཕྱི་མ་ངན་སོང་གསུམ་གྱི་ལམ་ལས་སྐྱོབ་སྟེ་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ལུ་བཀོད་གནངམ་ལས་ ང་ནི་ཀུན་གྱི་སྐྱབས་སུ་བཟང་ཟེར་གསུངམ་ཨིན་པས།
༣༽ དཔལ་ལྡན་འབྲུག་པའི་བསྟན་འཛིན་ང་།། ཟེར་མི་འདི་ དཔལ་ལྡན་འབྲུག་པའི་སྒྲུབ་བརྒྱད་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལས་མཛད་ཕྲིན་གོང་འཕེལ་གནངམ་ལས་བརྟེན་དཔལ་ལྡན་འབྲུག་པའི་བསྟན་འཛིན་ང་ཟེར་གསུངམ་ཨིན་པས།
༤༽ ང་ནི་འབྲུག་པར་བརྫུས་རྣམས་བཅོམ།། ཟེར་མི་འདི་ ཕྱི་ཁ་ལས་བལྟཝ་ད་ དཔལ་ལྡན་འབྲུག་པའི་བསྟན་པ་འཛིན་པའི་ སྐྱེས་བུ་དམ་པ་བཟུམ་བཟོ་སྟེ་ མི་སེར་གྱི་དོན་ལུ་ཆོས་མིན་གྱི་བྱ་བ་ཙང་ཙ་འབད་བའི་ཆོསཔ་བརྫུས་མ་ཚུ་ ཚར་བཅད་གནངམ་ལས་ ང་ནི་འབྲུག་པར་བརྫུས་རྣམས་བཅོམ་ཟེར་གསུངམ་ཨིན་པས།
༥༽ རྩོམ་པའི་དབྱངས་ཅན་གྲུབ་པ་ང།། ཟེར་མི་འདི་ གཞུང་རིག་གནས་བསྟན་བཅོས་རྩོམ་པ་ལུ་ ང་ར་ར་དྲག་ཟེར་མཁས་པར་རློམ་མི་ཚུ་གི་ང་རྒྱལ་བཅོམ་གནངམ་ལས་རྩོམ་པའི་དབྱངས་ཅན་གྲུབ་པ་ང་ཟེར་གསུངམ་ཨིན་པས།
༦༽ ང་ནི་ལེགས་བཤད་འབྱུང་ཁུངས་བཙུན།། ཟེར་མི་འདི་ ཆོས་དང་འཇིག་རྟེན་གཉིས་ཀྱི་ལེགས་པའི་ཆ་ག་ར་འབྱུང་བའི་གཞི་ མདོ་སྔགས་ཀྱི་ལེགས་བཤད་ཀྱི་འབྱུང་ཁུངས་མཐར་ཐུག་ས་ཅིག་འབདཝ་ལས་ ང་ནི་ལེགས་བཤད་འབྱུང་ཁུངས་བཙུན་ཟེར་གསུངམ་ཨིན་པས།
༧༽ མཐའ་བྲལ་ལྟ་བའི་བདག་པོ་ང།། ཟེར་མི་འདི་ མཐའ་བཞི་སྤྲོས་པ་དང་འབྲེལ་བའི་ཡང་དག་པའི་ལྟ་བ་གིས་མཐར་ལྷུང་གི་ལྟ་བ་ལོག་པ་ཚུ་བཀག་གནང་མི་ཅིག་ཨིནམ་ལས་ མཐའ་བྲལ་ལྟ་བའི་བདག་པོ་ང་ཟེར་གསུངམ་ཨིན་པས།
༨༽ ང་ནི་ལྟ་ལོག་མཁན་སུན་འབྱིན།། ཟེར་མི་འདི་ སངས་རྒྱས་ཀྱི་བསྟན་པ་ལུ་ ལོག་ལྟ་སྐྱེ་མི་ཚུ་ག་ར་ཚར་བཅད་གནངམ་ལས་དེ་སྦེ་གསུངམ་ཨིན་པས།
༩༽ རྩོད་པའི་མཐུ་སྟོབས་བདག་པོ་ང།། ཟེར་མི་འདི་ ལྟ་བ་ལོག་པ་ཚུ་ ལུང་རིགས་ཀྱི་ཐོག་ལས་རྩོད་པ་རྐྱབ་སྟེ་ ཚར་བཅད་གནངམ་ལས་དེ་སྦེ་གསུངམ་ཨི་ནཔས།
༡༠༽ ང་མདུན་མི་འདར་རྒོལ་བ་སུ།། ཟེར་མི་འདི་ ཕྱི་ནང་གསང་གསུམ་གྱི་བསྟན་པའི་དགྲ་ཚུ་ག་ར་ ཟིལ་གྱིས་གནོན་བཏངམ་ལས་ ངེ་གི་གདོང་ཁ་ལུ་རྒོལ་བ་ངན་པ་ཚུ་ སྒྱིད་ཐག་མ་འདར་མི་ག་ཡོདཔ་ཟེར་གསུངམ་ཨིན་པས།
༡༡༽ བདུད་དཔུང་འཇོམས་པའི་དཔའ་བོ་ང།། ཟེར་མི་འདི་ ཕྱི་ནང་གསང་གསུམ་གྱི་བདུད་ཀྱི་དཔུང་ཚོགས་ལྷག་མ་མེདཔ་སྦེ་བཅོམ་གནངམ་ལས་གསུངས་ནུག།
༡༢༽ ང་ནུས་ཟློག་པའི་མཐུ་ཆེན་སུ།། ཟེར་མི་འདི་ མི་དང་མི་མ་ཡིན་པ་ག་གིས་ཡང་དོ་འགྲན་མ་ཚུགསཔ་ལས་དེ་སྦེ་གསུངས་ནུག།
༡༣༽ འཆད་པའི་ངག་གི་དབང་ཕྱུག་ང།། ཟེར་མི་འདི་ གསུང་ནི་ལུ་ཐོགས་པ་མེད་པའི་ངག་གི་དབང་ཕྱུག་ང་ཨིན་ཟེར་གསུངས་ནུག།
༡༤༽ ང་ནི་རིག་གནས་ཀུན་ལ་མཁས།། ཟེར་མི་འདི་ མདོ་སྔགས་རིག་གནས་དང་བཅས་པ་ཀུན་ལ་མཁས་མི་འདི་ང་ཨིན་ཟེར་གསུངས་ནུག།
༡༥༽ གོང་མས་ལུང་བསྟན་སྤྲུལ་པ་ང།། ཟེར་མི་འདི་ རྒྱལ་བ་གོང་མ་ཚུ་གི་ལུང་བསྟན་ལྟར་ བསྟན་འགྲོའི་དོན་ལུ་བྱོན་པའི་སྤྲུལ་པའི་སྐུ་ཅིག་ཨིན་ཟེར་གསུངས་ནུག།
༡༦༽ ང་ནི་འདྲ་མིན་སྤྲུལ་པའི་བཤེད།།་ཟེར་མི་འདི་ སྤྲུལ་པ་བརྫུས་མ་ཚུ་ཚར་བཅད་པའི་གཤེད་མ་བཟུམ་ཅིག་ཨིན་ཟེར་གསུངས་ནུག།
མདོར་བསྡུ་བ་ཅིན་ དཔལ་ཆོས་ཀྱི་རྒྱལ་པོ་བླ་མ་ངག་དབང་རྣམ་རྒྱལ་མཆོག་གི་མཛད་འཕྲིན་ཚུ་ ང་བཅུ་དྲུག་མའི་ནང་ལུ་བསྡུཝ་མ་ཚད་ དེ་བ་ཡང་མདོར་བསྡུ་བ་ཅིན་ དཔལ་ལྡན་འབྲུག་པར་ཕྱོགས་ལས་རྣམ་རྒྱལ་ཟེར་མི་འདི་ནང་ལུ་བསྡུཝ་ཨིན་པས། ལྷོ་མོན་ཁ་བཞི་དབང་དུ་བསྡུ་ཚར་ཞིནམ་ལས་ བླ་མ་མཆོག་གིས་ཤིང་ལེབ་གུར་པར་བརྐོ་སྟེ་ཁོ་རའི་ཕྱག་ཐམ་སྦེ་གནང་ནུག། འདི་བཟུམ་གྱི་ཕྱག་ཐམ་བཟོ་གནང་དགོ་མི་འདི་ཡང་ གཙོ་བོ་ཕྱི་ནང་གསང་གསུམ་གྱི་དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་མཚན་དང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཨིན་པའི་རྟགས་མཚན་ལུ་ཡང་ཨིན་པས།
ང་བཅུ་དྲུག་མའི་ཕྱག་ཐམ་ཡོད་པའི་བཀའ་ཤོག་དང་ཡིག་ཆ་ཚུ་ གནམ་མེད་ས་མེད་གལ་ཅན་སྦེ་བརྩིཝ་མ་ཚད་ ཕྱག་ཐམ་གྱི་བཀའ་ཤོག་ཡོད་པ་ཅིན་ རྒྱལ་ཁབ་ཀྱི་ས་ཕྱོགས་ག་ཏེ་འགྱོ་རུང་བརྩི་མཐོང་དང་གུས་བཀུར་ཐོབ་ཨིན་པས། དང་ཕུ་འབད་བ་ཅིན་ མཚོན་ཐུབ་སྦེ་ལག་ལེན་འཐབཔ་ཟེར་རྒན་ཤོས་ཚུ་གིས་བཤདཔ་ཨིན་པས།
རྒྱབ་རྟེན་དཔེ་ཐོ།
༡༽ རྡོ་རྗེ་རྒྱལ་མཚན། (གནམ་མོ་མེད་ སྤྱི་ལོ་ ༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་པར་སྐྲུན་ཁང།.
༢༽ སློབ་དཔོན་པདྨ་ཚེ་དབང། (གནམ་ལོ་མེད་ སྤྱི་ལོ་ ༡༩༩༤) འབྲུག་གསལ་བའི་སྒྲོན་མེ། འབྲུག། ཕུན་ཚོགས་གླིང། ཀེ་ཨེམ་ཀྲིཔར་སྐྲུན་ཁང།
༣༽ རྗེ་དགེ་འདུན་རིན་ཆེན། (གནམ་ལོ་མེད་ སྤྱི་ལོ་ ༢༠༠༨) ཞབས་དྲུང་པོ་ཆེའི་རྣམ་ཐར། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་པར་སྐྲུན་ཁང།
༤༽ རྗེ་ངག་དབང་ལྷུན་གྲུབ། (གནམ་ལོ་མེད་ སྤྱི་ལོ་ ༢༠༠༥) རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་པར་སྐྲུན་ཁང།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.