Jump to content

༼བཀྲིས་རྫས་བརྒྱད༽ The eight auspicious articles

Wikipedia ལས།

༉ ང་བཅས་རའི་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་ཁ་ཐུག་ལས་ བཀྲ་ཤིས་རྫས་བརྒྱད་འདི་ ལཱ་ག་ཅི་འབད་རུང་རྟེན་འབྲེལ་མི་འཁྲུལ་ནི་དང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལུ་དམིགས་ཏེ་ འདི་ལུ་ཅི་དང་མ་འདྲ་བའི་ཡིད་ཆེས་དང་དག་སྣང་སྦོམ་བསྐྱེད་དེ་ ལྷ་ཁང་དང་གྲྭ་ཚང་གི་གྱང་གུར་ལྡེབ་རིས་དང་རི་མོ་སྦེ་འབྲི་སྲོལ་ཡོངས་གྲགས་ཡོདཔ་ཨིན། བཀྲིས་རྫས་བརྒྱད་འདི་ མེ་ལོང། གི་ཝང། འོ་མ། རྩྭ་དུརྦ། ཤིང་ཏོག་བིལ་ཝ། དུང་དཀར་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་ཚུ་ཨིན།

དེ་ཡང་གཙུག་དགུའི་དཀྱིལ་མཆོག་ལས། ཇི་སྐད་དུཿ མཐུ་སྟོབས་གྲུབ་པ་ཡུངས་དཀར་དང།། ཤིན་ཏུ་གཙང་བའི་རྩྭ་མཆོག།། ཡོན་ཏན་སྡུད་པའི་ལི་ཁྲི་དང།། བཅུད་ཀྱི་དམ་པ་གི་ཝང་དང།། དོན་རྣམས་གསལ་བའི་མེ་ལོང་དང།། ཆོས་སྒྲ་སྒྲོག་པའི་དུང་མཆོག་དང།། གཟི་མདངས་བསྐྱེད་པའི་ཟས་མཆོག་དང།། འབྲས་བུ་སྨིན་པའི་བིལ་བ་དང།། དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ བཀྲིས་རྫས་བརྒྱད་ཀྱི་རྟེན་འབྲེལ་ནི་ འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་ག་ར་ཞི་བཅུག་ནི་དང་ སྲིད་ཞིའི་དཔལ་འབྱོར་མངའ་ཐང་དར་ཤིང་རྒྱས་བཅུག་ནི་ཚུ་ཨིན། དེ་ཡང་ འདུལ་བ་དང་མདོ་དྲན་པ་ཉེར་བཞག་ལ་སོགས་ལས་གསུངས་པའི་བཀྲ་ཤིས་པའི་རྫས་མཆོག་ཏུ་འགྱུར་པ་བརྒྱད་ཀྱི་འབྱུང་ཚུལ་ཚུ་ བདེ་དཀར་བརྟན་བཞུགས་ལས། གང་ཞིག་རེག་ཅིང་མཐོང་ཐོས་དྲན་པས་ཀྱང།། མི་ཤིས་ཀུན་སེལ་ཕུན་སུམ་མཆོག་སྩོལ་བའི།། རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས།། རྣམ་བརྒྱད་ཕུལ་བས་དགེ་ལེགས་འབར་གྱུར་ཅིག། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ སྔོན་མ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ ལྷ་དང་མའི་ སྦྱིན་བདག་ཚུ་གིས་སྟོན་པ་ལུ་ཕུལ་བའི་རྫས་རྣམས་སངས་རྒྱས་ཀྱིས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་ རྫས་ལུ་བརྟེན་ཏེ་བཀྲ་ཤིས་པར་བྱུང་ཚུལ་དེ་ཡང་།

དང་པ མེ་ལོང་ནི། གཟུགས་ཀྱི་ལྷ་མོ་འོད་མཆང་མ་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ལུ་མེ་ལོང་ཅིག་ཕུལ་བ་ལས་བརྟེན་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་མེ་ལོང་དེ་ ལུས་ཅན་ཐམས་ཅད་རྒྱལ་བའི་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱིས་རྣམ་དག་ཆོས་ལུ་ཐོགས་པ་མེད་པའི་་ལོངས་སྤྱོད་བཏུབ་པའི་ནུས་པ་ཡོད་པའི་རྟེན་འབྲེལ་ལུ་ མེ་ལོང་འདི་ བཀྲ་ཤིས་པའི་རྫས་སུ་རྒྱལ་བ་བྱང་ཆུབ་སེམས་དཔའ་ཚུ་གིས་བྱིན་གྱིས་བརླབས་ཏེ་ མེ་ལོང་འདི་འཕུལ་བ་ཅིན་ གཟུགས་བཟང་པོ་དང་ བློ་གསལ་བར་འགྱུར་ནི་ལ་སོགས་པ་ རྒྱུ་དང་འཚམས་ལས་འབྲས་བུ་འབྱུང་ནི་དང་ དེ་བཟུམ་སྦེ་ སྒྲོལ་དཀར་བརྟན་བཞུགས་ལསཿ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས།། ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས།། རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི།། བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག། ཟེར་གསུངས་ཏེ་འདུག།

གཉིས་པ་ གི་ཝང་ནི། གཉིས་མཐུང་གི་དབང་པོ་ས་སྲུང་ ༼གླང་པོ་ཆེ་ནོར་སྐྱོང༽ གིས་སྟོན་པར་ གི་ཝང་ཕུལ་ཏེ་ ཉོན་མོངས་ཟུག་རྔུའི་ནད་དང་ སྡུག་བསྔལ་སང་ཚུགས་པའི་སྨན་མཆོག་ཏུ་འགྱུར་པ་ ཆོས་ཉིད་ཀྱི་དོན་ལེགས་ཤོམ་སྦེ་རྟོགས་ཚུགས་ནི་ལུ་གྱུར་ནི་དང་ ཡང་དེ་ཉིད་ལསཿ གྷི་ཝ་དུག་གསུམ་འཇོམས་པ་ནད་ཀྱི་སྨན།། སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ།། ཉོད་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི།། བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག། ཟེར་གསུངས་ཏེ་འདུག།

གསུམ་པ་ཞོ་ནིཿ ཁྱིམ་བདག་བཟང་སྐྱོང་ ༼ཞིང་པའི་བུ་མོ་ལེགས་སྐྱེས་མ་༽ གིས་ཞོ་ཕྱག་ལུ་འཕུལ་བ་ལས་བརྟེན་ དུག་གསུམ་ཞི་ཞིང་སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཏུ་རྟོགས་པར་བྱིན་གྱིས་བརླབས་ནུག་ དེ་ཡང་ དེ་ཉིད་ལསཿ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ།། སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས།། ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡིས།། བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག་།།ཟེར་གསུངས་ཏེ་འདུག།

བཞི་པ་ རྩྭ་དུར་བ་ནི་ བྲམ་ཟེ་ཀུན་རྡ་ལིས་ ༼རྩྭ་ཚོང་པ་བཀྲ་ཤིས༽ རྩྭ་དུར་བ་ཕྱག་ལུ་ཕུལ་བ་ལས་བརྟེན་ ཉོན་མོངས་སྐྱེ་ཤིའི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་ཨིནམ་ལས་ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་སྦེ་བྱིན་གྱིས་བརླབས་ནུག། དེ་ཡང་ དེ་ཉིད་ལས་ཿ དུར་བས་ཚེ་ནི་སྤེལ་བར་བྱེད་པ་སྟེ།། རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས།། ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱ྄ར་བ་ཡི།། བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག། ཟེར་གསུངས་བཞག་ནུག།

ལྔ་པ་ ཤིང་ཏོག་བིལ་བ་ནི་ ཤིང་གི་ལྷ་མོ༼ལྷ་ཚངས་པ༽ གིས་ ཤིང་ཏོག་བིལ་བ་ཕུལ་བ་ལས་བརྟེན་ཏེ་ འཇིག་རྟེན་ལས་འདས་པའི་བྱང་ཆེན་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་བསམ་པའི་དོན་ཀུན་ཆོས་དོན་ཡིད་བཞིན་དུ་གྲུབ་ནུག། དེ་ཡང་ སྒྲོལ་དཀར་བརྟན་བཞུགས་ལསཿ་བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས།། འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན།། བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་པའི།། བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག།་ཟེར་གསུངས་བཞག་ནུག།

དྲུག་པ་ དུང་དཀར་གཡས་འཁྱིལ་ནི་ ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་འདི་ཕྱག་ལུ་ཕུལ་བ་ལས་བརྟེན་ ཐེག་གསུམ་ཆོས་ཀྱི་འཁོར་ལོ་གང་འདུལ་མ་ནོར་བ་ཡོངས་སུ་བསྟན་ཤིང་ཅེས་པའི་ལོ་རྒྱུས་ཡང་འདུག་ དེ་ཡང་ ་དེ་ཉིད་ལསཿ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ།། ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ།། ཆོས་རྣམས་མ་ནོར་ཡོངས་སུ་བསྟན་པ་ཡི།། བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག། ཟེར་གསུངས་བཞག་ནུག།

བདུན་པ་ ལི་ཁྲི་ནི་ ས་ཡི་ལྷ་མོ་བརྟན་མ་གིས་ ༼བྲམ་ཟེ་སྐར་རྒྱལ་ཟེར་ཡང་ཞུཝ་ཨིན་པས༽ ལི་ཁྲི་ཕྱག་ལུ་ཕུལ་བ་ལས་བརྟེན་ སྲིད་ཞིའི་དཔལ་འབྱོར་ག་ར་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་དུ་བསྒྱུར་ནུག། དེ་ཡང་ ཡང་དེ་ཉིད་ལས་ཿ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ།། ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང།། ཆོས་ཀྱི་རྒྱལ་སྲིད་རྟག་ཏུ་བརྟན་གྱུར་པའི།། བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག། ཟེར་གསུངས་ཏེ་འདུག།

བརྒྱད་པ་ ཡུངས་དཀར་ནི་ སྒྲོལ་དཀར་བརྟན་བཞུགས་ལསཿ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ།། བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡིས།། མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི།། བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་གིས་ཡུངས་དཀར་ཕྱུག་ལུ་ཕུལ་བ་ལས་བརྟེན་ཏེ་ བདུད་བགེགས་བར་ཆད་མཐའ་དག་གི་གཡུལ་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་དང་དབང་འབྱོར་བའི་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་དོ་བཟུམ་ དེང་སང་གི་དུས་ལུ་ཡང་ བཀྲ་ཤིས་ཤིང་བྱིན་བརླབས་ཆེ་ཏོག་ཏོ་ཡོདཔ་ལས་ འཁོར་བ་ཇི་སྲིད་ནམ་གནས་ཀྱི་བར་དུ་འགྲོ་བའི་དོན་ཁྱད་པར་ཅན་འགྲུབ་ནི་དང་ མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཚུགསཔ་མ་ཚད་ བཀྲ་ཤིས་ཕུན་སུམ་ཚོགས་ནི་ཨིན་མས། དེ་ཡང་ རིག་གནས་བཅུའི་ཐ་སྙད་གསལ་འགྲེལ་ལེགས་བཤད་ཆོས་དུང་དཀར་པོའི་སྒྲ་དབྱངས་ལས༔ དྭངས་གསལ་མེ་ལོང་ཡེ་ཤེས་མཐའ་ནས་རྒྱས་།། གྷི་ཝང་སྨན་གྱིས་ཉོན་མོངས་ནད་ཀུན་ཞི།། བཅུད་ལྡན་ཞོ་ཡིས་དབང་པོའི་ཟིལ་མདངས་རྒྱས།། དུར་བ་རྩྭ་ཡིས་གདོན་གྱི་གནོད་པ་ཐུབ།། བིལ་བ་ཤིང་འབྲས་བཀྲེས་པའི་སྡུག་བསྔལ་སེལ།། དུང་དཀར་གཡས་འཁྱིལ་ཆོས་ཀྱི་སྒྲ་ཆེན་གྲགས།། ལི་ཁྲི་མཚལ་གྱི་འགྲོ་བ་དབང་དུ་འདུས།། ཡུངས་དཀར་རྫས་ཀྱིས་བགེགས་ཚོགས་ཕ་མཐར་སྐྲོད།། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ རྫས་བརྒྱད་འདི་གིས་མི་མཐུན་པའི་ཕྱོགས་ག་ར་ཞི་ཞིནམ་ལས་ ཞི་རྒྱས་དབང་དྲག་ཚུ་ལྷུན་གྱིས་གྲུབ་ནི་དང་ དགེ་བའི་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་རྫས་ཚུ་ རི་མོ་སྦེ་བཀོད་དེ་ཡོད་མི་འདི་ བཀྲ་ལ་ཤིས་ ཡངས་ལ་ཆགས་པའི་རྫས་མཆོག་ཏུ་འགྱུར་པ་ཨིན་ཟེར་ ཡོངས་གྲགས་ལུ་འདི་ཚུ་ཆོས་ཕྱོགས་དང་འབྲེལ་བའི་རི་མོ་ཨིན་མས།

རྒྱབ་རྟེན་ཐོ།

ཀུན་བཟང་འཕྲིན་ལས། (གནམ་ལོ་མེད་ སྤྱི་ལོ་ ༢༠༠༡) ཉེར་མཁོའི་རྣམ་བཤད་སྣང་བ་གསར་པ་བཞུགས། འབྲུག། ཕུན་ཚོགས་   གླིང། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.