ཀ་མ་གུ་ཡི། Camaguey

༉ ཀ་མ་གུ་ཡི་གི་ཁྲོམ་འདི་ ཀིའུ་བ་རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གསུམ་པ་ཨིནམ་དང་ འདི་ནང་ ཕ་ལས་བུ་རྒྱུད་དེ་ རྒྱལ་རབས་ཕྱུགཔོ་ཡོདཔ་དང་ ཁྲོམ་ཚོགས་ཀྱི་བཀོད་རིས་ཡང་གཞན་དང་མ་འདྲ་བའི་མཛེས་ཏོག་ཏོ་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ཡུན་བརྟན་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན་པས། དེ་མ་ཚད་ ཀིའུ་བ་རྒྱལ་ཁབ་ཀྱི་སྦུག་ལུ་ཆགས་ཏེ་ཡོད་པའི་ ཀ་མ་གུ་ཡི་མངའ་སྡེའི་རྒྱལ་ས་ལྟེ་བ་ཅིག་ཡང་ཨིན་པས།

ཀ་མ་གུ་ཡི་ཁྲོམ་འདི་ མངའ་སྡེ་གི་སྦུག་ལུ་ ཐང་ཅིག་གུར་ཆགས་ཏེ་ཡོདཔ་དང་ དེ་ཡང་ ཝར་ཊི་ཡན་ཊིས་དང་ ཕོལོ་རི་ཌ་ དེ་ལས་ ཨེསི་མེ་རལ་ཌ་དང་ སི་ཡ་ར་ཌི་ཀུ་བི་ཊས་ དེ་ལས་ མི་ནཱས་དང་ སི་བ་ནི་ཅུ་ དེ་ལས་ ཇི་མ་གུ་ཡུ་བཟུམ་གྱི་ཁྲོམ་སྡེ་ཚུ་གིས་ ས་མཚམས་ལུ་ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་ ཧ་ཏི་བོ་ནི་ཀོ་དང་ ཏི་ནི་མ་གཙང་ཆུ་གཉིས་ཀྱི་བར་ན་དང་ མཚོ་ཁ་ལས་མཐོ་ཚད་མི་ཊར་ ༩༥ ཡོད་པའི་ས་ཁར་ཆགས་ཏེ་ཡོདཔ་ཨིན། གནམ་གཤིས་འདི་ ཚ་དྲོད་དང་ལྡནམ་ལས་ སྤྱི་ཟླ་ ༥ པ་ལས་ སྤྱི་ཟླ་ ༡༠ པ་ཚུན་ ཆརཔ་གི་དུས་ཚོད་དང་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༤ པ་ཚུན་ སྐམ་པའི་དུས་ཚོད་ཨིན་པས། ཀིའུ་བ་ལུ་ཁྲོམ་ཚོགས་སྦོམ་ཤོས་གསུམ་པ་ཨིན་མི་ ཀ་མ་གུ་ཡི་མངའ་སྡེ་གིས་ ས་ཆ་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༥,༤༡༣.༨ ཁྱབ་སྟེ་ཡོདཔ་དང་ རྒྱལ་ས་ལྟེ་བ་གི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞིམ་ ༡,༡༠༦ ཡོདཔ་ཨིན་པས། རྒྱ་ཆེ་བའི་ལུང་ཕྱོགས་འདི་ རྒྱལ་ཁབ་ཀྱི་ཤར་ཕྱོགས་དབུས་ཕྱོགས་ལུ་ཆགས་ཏེ་ཡོདཔ་དང་ ལུང་ཕྱོགས་འདི་ནང་ ཐང་རྒྱ་ཆེཝ་དང་སོ་ནམ་གྱི་ས་ཆ་རྒྱ་ཆེཝ་སྦེ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༢ ཚུན་ ཀིའུ་བའི་ ཀ་མ་གུ་ཡི་མངའ་སྡེ་ནང་ མི་འབོར་ཡོངས་བསྡོམས་ ༧༥༦,༠༦༤ ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ མི་རློབས་མང་ཤོས་ཡོད་པའི་མངའ་སྡེ་ཅིག་ལུ་གྱུར་ཡོདཔ་ཨིན། དེ་ལས་ རྒྱལ་ས་ལྟེ་བ་ ཀ་མ་གུ་ཡི་ནང་ལུ་ མི་རློབས་ ༣༣༣,༢༥༡ དེ་ཅིག་སྡོད་དོ་ཡོདཔ་དང་ མི་རློབས་ཀྱི་འབོར་ཚད་ཀི་ལོ་མི་ཊར་གྲུ་བཞི་མ་རེ་ནང་ མི་རློབས་ ༣༠༠ དེ་ཅིག་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་དེ་འདུག།
མངའ་སྡེ་འདི་ བདག་སྐྱོང་ཐོག་ལས་ ཁྲོམ་སྡེ་ ༡༦ ལུ་དབྱེ་སྟེ་ཡོདཔ་ཨིན། ཁྲོམ་སྡེ་རེ་རེ་གིས་ ཁྲོམ་ཚོགས་ལྟེ་བ་དང་ གྲོང་གསེབ་ས་ཁོངས་གཉིས་ཆ་ར་ཁྱབ་སྟེ་ཡོདཔ་ལས་ མངའ་སྡེ་ནང་ མི་འབོར་ཞིབ་རྩིས་མ་འདྲཝ་ཡོད་མི་ལུ་ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས། ཀ་མ་གུ་ཡི་གི་མི་རློབས་འདི་ མི་རིགས་མ་འདྲཝ་སླ་བསྲེ་རྐྱབ་སྟེ་ཡོདཔ་དང་ མང་ཤོས་ཅིག་ར་ ཨིསི་པེ་ནིཤ་དང་ཨཕ་རི་ཀ་གི་རིགས་བརྒྱུད་ཨིནམ་ལས་ ཀིའུ་བ་གི་ལམ་སྲོལ་ཕྱུགཔོ་སྦེ་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། མངའ་སྡེ་འདི་ སོ་ནམ་གྱི་དཔལ་འབྱོར་སྟོབས་ཤུགས་ཅན་དང་ དམིགས་བསལ་གྱིས་ སྒོ་ནོར་གསོ་སྐྱོང་དང་ གུ་རམ་ཐོན་སྐྱེད་ཀྱི་ཐད་ཁར་ ཡོངས་གྲགས་ཡོདཔ་ལས་ གྲོང་གསེབ་ཀྱི་མི་རློབས་བཀྲམ་སྤེལ་ལུ་ ཤན་ཞུགས་འབདཝ་ཨིན།
ཀ་མ་གུ་ཡི་གི་ལོ་རྒྱལ་རབས་དང་འབྲེལ་བའི་ལོ་རྒྱུས་ཚུ་ཡང་ དུས་རབས་ ༡༥༡༤ ལུ་ བྱང་ཕྱོགས་མཚོའི་མཐའ་མ་ལུ་ སཱན་ཊ་མ་རི་ཡ་ཌེལ་ པུའུ་ཊོ་ཌེལ་པྲིན་སི་པི་ཟེར་མི་གཞི་བཙུགས་འབད་ཡོདཔ་དང་ ཁྲོམ་འདི་ སྤྱི་ལོ་ ༡༥༢༨ ལུ་ ད་རེས་ཡོད་པའི་ས་གནས་ནང་ལུ་ སྤོ་བཤུད་འབད་ནུག། སྤོ་བཤུད་འབད་མི་འདི་ཡང་ མཚོ་རྐུན་ཚུ་གིས་ལོག་སྟེ་ར་ གནོདཔ་བཀལ་མི་ལུ་བརྟེན་ཨིན་མས། དུས་རབས་ ༡༧ པིའ་ནང་ ཧེན་རི་མོར་གཱན་གྱིས་ ཀ་མ་གུ་ཡི་ཁྲོམ་སྡེ་འདི་ མེ་བཏང་ཞིནམ་ལས་ ཁྲོམ་ཚོགས་འདི་ དྲག་རྒོལ་འབད་མི་ཚུ་ མགུ་འཐོམ་བཅུག་ནིའི་དོན་ལུ་ ཁྲོམ་ལམ་གྱི་བཀོད་རིས་ཡང་ ལམ་སྣ་འཛོམས་བཟུམ་སྦེ་ ལོག་སྟེ་བཟོ་བཀོད་འབད་ནུག།
ཀ་མ་གུ་ཡི་གིས་ ཁྲོམ་དཔོན་ཚོགས་སྡེ་གཞུང་གི་ལམ་ལུགས་འོག་ལུ་ལཱ་འབདཝ་ཨིན། ཁྲོམ་འདི་ རྫོང་ཁག་དང་ ཁྱིམ་ཚང་ལེ་ཤ་ཅིག་ལུ་དབྱེ་སྟེ་ ས་གནས་ཀྱི་ཚོགས་སྡེ་ཚུ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན། མངའ་སྡེ་གཞུང་གིས་ བདག་སྐྱོང་ལས་འགན་རྒྱ་ཆེ་བ་ཚུ་ ལྟ་རྟོག་འབད་དེ་ རྒྱལ་ཡོངས་གཞུང་དང་གཅིག་ཁར་ མཉམ་འབྲེལ་འབདཝ་ཨིན་མས། ཨེསི་པེ་ནིཤ་འདི་ ཀ་མ་གུ་ཡི་གི་གཞུང་འབྲེལ་སྐད་ཡིག་ཅིག་ཨིན། ཁྲོམ་སྡེ་འདི་ རྒྱལ་རབས་ནང་ ཆརཔ་གི་ཆུ་བསྡུ་ལེན་འབད་ནིའི་དོན་ལུ་ ལག་ལེན་འཐབ་མི་ འདམ་གྱི་དམ་སྦྱིས་སྦོམ་ཚུ་ལུ་བརྟེན་ མིང་ཡང་ “རྒྱ་རྫི་སྦོམ་གྱི་གྲོང་ཁྱེར” ཟེར་སླབ་སྲོལ་སྡོད་ནུག། ཀ་མ་གུ་ཡི་གི་རྒྱལ་རབས་དང་ལྡན་པའི་ལྟེ་བ་འདི་ དུས་རྒྱུན་མེན་པའི་ མཛེས་སྡུག་ཅན་གྱི་བཟོ་བཀོད་ཅིག་ཨིནམ་དང་ སྤྱི་ལོ་ ༢༠༠༨ ལུ་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ཅིག་སྦེ་ངོས་འཛིན་འབད་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཤདཔ་ཨིན་པས།
ཀ་མ་གུ་ཡི་ལུ་ བེསི་བཱོལ་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་དང་ ཁྲོམ་སྡེ་འདི་ནང་ ཊོ་རོས་ཌི་ཀ་མ་གུ་ཡི་སྡེ་ཚན་ཟེར་མི་འདི་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་འདི་ནང་ མཛོག་ཁྱད་རྩེདམོ་དང་ ལུས་རྩེད་ཚུ་བརྩིས་ཏེ་ རྩེད་རིགས་གཞན་ཚུ་གི་དོན་ལུ་ཡང་ མཐུན་རྐྱེན་ཚུ་ཡོདཔ་ལས་ ཀིའུ་བ་གི་རྩེད་རིགས་ལམ་སྲོལ་སྒྲིང་སྒྲི་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། ཀ་མ་གུ་ཡི་གི་བཟའ་འཐུང་ནང་ ས་གནས་ཀྱི་ཁྱད་པར་ཡོད་པའི་ ཀིའུ་བཱན་གྱི་རང་ལུགས་བཟའ་འཐུང་ཚུ་ བཀྲམ་སྟོན་འབདཝ་ཨིན། གལ་གནད་ཅན་གྱི་བཟའ་འཐུང་ཚུ་ཡང་ ཨ་ཇི་ཀོ་ཟེར་མི་ ཤ་དང་རྩ་བའི་ཚོད་བསྲེ་ཚུ་བླུགས་ཏེ་བཟོ་མི་ བྲོཝ་ཅན་གྱི་བཟའ་འཐུང་དང་ མ་ཏ་ཇི་བཱ་རོ་ཟེར་མི་ ཚོད་བསྲེ་དང་ཕགཔ་གི་ཤ་གི་ཚི་ལུ་ཚུ་ལས་ བཟོ་མི་བཟའ་འཐུང་ཚུ་ཨིན་མས། ཁྲོམ་འདི་ དམིགས་བསལ་གྱིས་ ཆུམ་གྱི་ཐོན་སྐྱེད་ཚུ་གི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་ཨིན།
ཀ་མ་གུ་ཡི་མངའ་སྡེའི་ནང་ དཔལ་འབྱོར་གཙོ་བོ་ར་ སོ་ནམ་དང་སྒོ་ནོར་གསོ་སྐྱོང་ལུ་གཞི་བཞག་སྟེ་ བཟོ་གྲྭའི་ལས་སྣ་ལ་ལུ་ཅིག་ཡོདཔ་ཨིན། དེ་ཡང་ མངའ་སྡེ་གི་དཔལ་འབྱོར་གཙོ་བོ་ར་ བྱང་ཕྱོགས་དང་ལྷོ་ཕྱོགས་ལུང་ཕྱོགས་ཚུ་ནང་ སྒོ་ནོར་གསོ་སྐྱོང་དང་ གུ་རམ་ཐོན་སྐྱེད་ལུ་གཙོ་བོར་བསྟེན་དོ་ཡོདཔ་ཨིན། ཀ་མ་གུ་ཡི་འདི་ ནོར་དང་འབྲེལ་བའི་ལམ་སྲོལ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ལས་ འཕྲལ་འཕྲལ་སྦེ་ར་ རོ་ཌིའོ་ཚུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ་ (༢༠༢༥) གི་བཀོད་བཞག་མི་ནང་ ཁྲོམ་ཚོགས་འདི་ མཚོ་གླིང་འདི་ནང་ལུ་ ཆང་བཟོ་ཁང་དག་པ་ཅིག་ལས་ གཅིག་ཨིནམ་ལས་ མངའ་སྡེ་འདི་གིས་བཟོ་གྲྭའི་ལས་སྣ་ཚུ་ལུ་ཕན་ཐོགས་བྱུང་དོ་ཡོདཔ་ཨིན། མངའ་སྡེ་འདི་ནང་ ལྟ་བཤལ་གྱི་འོས་འབབ་སྦོམ་ཡོད་རུང་ དམིགས་བསལ་གྱིས་ མཚོའི་མཐའ་མ་གཉིས་ཆ་རའི་ནང་ བྱེམ་གྱི་མཚོའི་མཐའ་མ་ཡོདཔ་ལས་ བྱང་མཚོའི་མཐའ་མའི་ནང་ སཱན་ཊ་ལུ་སི་ཡ་མཚོའི་མཐའ་མ་མ་གཏོགས་ ལས་ཁུངས་འདི་ནང་ གོང་འཕེལ་གྱི་ལཱ་ཚུ་ ཚད་འཛིན་འབད་དེ་ཡོདཔ་ཨིན། དེ་འབདཝ་ལས་ སྤྱིར་བཏང་ལུ་ ཀ་མ་གུ་ཡི་གི་དཔལ་འབྱོར་དེ་ མང་ཆེ་བ་ སོ་ནམ་གྱི་ལཱ་ལུ་བརྟེན་དོ་ཡོདཔ་དང་ བཟོ་གྲྭ་འཕྲུལ་ཁང་ལ་ལུ་ཅིག་ཡོདཔ་མ་ཚད་ ལྟ་བཤལ་གྱི་འོས་འབབ་ཡོད་རུང་ ལོངས་མ་སྤྱོད་པར་ལུས་ཡོད་པའི་ལོ་རྒྱུས་བཤདཔ་ཨིན་པས།
ཀ་མ་གུ་ཡི་མངའ་སྡེ་འདི་ ཀིའུ་བ་ལུ་ལམ་སྲོལ་གྱི་སྲོལ་རྒྱུན་དང་ སོ་ནམ་གྱི་ཁག་ཆེ་ཧིང་ཕྱུགཔོ་ཡོད་རུང་ གདོང་ལེན་དང་དཀའ་ངལ་ལེ་ཤ་ཅིག་ར་ཐོན་དོ་ཡོདཔ་ཨིན། འདི་ཚུ་ འཛམ་གླིང་རྒྱས་བཤད་དང་དཔལ་འབྱོར་ གཞི་རྟེན་མཐུན་རྐྱེན་དང་ རྒྱལ་ཡོངས་ཀྱི་གནས་སྟངས་ཚུ་གི་ཐད་ཁར་ཐོན་དོ་ཡོདཔ་ཨིན་པས། ཀ་མ་གུ་ཡི་དཔལ་འབྱོར་འདི་ སྒོ་ནོར་གསོ་སྐྱོང་དང་ གུ་རམ་ཐོན་སྐྱེད་ལུ་ཤུགས་སྦེ་ར་བརྟེན་དོ་ཡོདཔ་དང་ འདི་བཟུམ་གྱི་སྣ་མང་མེད་མི་འདི་གིས་ གོང་ཚད་འཕེལ་འགྲིབ་དང་གནམ་གཤིས་ཀྱི་གནོད་པ་ཚུ་འབྱུང་སྲིད་དོ་ཡོདཔ་ཨིན་པས། སོ་ནམ་མིན་པའི་ བཟོ་གྲྭ་ཁང་ཚུ་ དག་པ་ཅིག་ལས་བརྒལ་མེདཔ་ལས་ ལས་ཁུངས་གཞན་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་པས། དེ་ལས་ སྐྱེལ་འདྲེན་དང་མཐུན་རྐྱེན་རྙིངམ་འགྱོ་མི་ ལམ་དང་རེ་ལི་ལམ་ དེ་ལས་ འཐུང་ཆུ་བཀྲམ་སྤེལ་ཚུ་ཡང་ གནས་སྟངས་སྐྱོ་དྲགས་འགྱོ་སྟེ་ཡོདཔ་ལས་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ ལེགས་ཤོམ་སྦེ་བདག་འཛིན་འཐབ་མ་ཚུགས་པའི་དཀའ་ངལ་ཡང་འདུག། དེ་མ་ཚད་ ས་ཁོངས་འདི་ནང་ ཁྲོམ་ཚོགས་དང་གྲོང་གསེབ་ཀྱི་བར་ན་དབྱེ་བ་ཕྱེས་ཏེ་ཡོད་མི་ཡང་ རྒྱལ་ས་ལྟེ་བ་ལུ་ཞབས་ཏོག་ཚུ་ལེགས་ཤོམ་སྦེ་ཐོབ་ཚུགསཔ་ཨིན་རུང་ གྲོང་གསེབ་ས་ཁོངས་ཚུ་ནང་ གསོ་བའི་ཞབས་ཏོག་དང་ ཤེས་རིག་ དེ་ལས་ བློ་གཏད་ཅན་གྱི་གློག་མེ་ཚུ་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས།
དཀའ་ངལ་གཞན་ཡང་ ཀ་མ་གུ་ཡི་འདི་ གནམ་གཤིས་ཚབས་ཆེན་ཚུ་ལུ་ ཉེན་ཁ་ཡོདཔ་ལས་ ཡུན་རིངམོ་སྦེ་ ཐན་སྐམ་དང་དུས་ཚོད་དང་བསྟུན་པའི་ཆར་རླུང་ཚུ་ལུ་བརྟེན་ སོ་ནམ་དང་མི་ཚེའི་གནས་སྟངས་གཉིས་ཆ་ར་ལུ་ཐོ་ཕོག་དོ་ཡོདཔ་དང་ མཚོ་མཐའི་ས་ཁོངས་དང་ ཆུ་གཡུར་གྱི་ས་ཁོངས་ལ་ལུ་ཅིག་ནང་ དམིགས་བསལ་གྱིས་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ཆུ་རུད་ཐོན་ནི་གི་ཉེན་ཁ་ཡོདཔ་ཨིན་མས། དེ་ལས་ ས་ཁོངས་འདི་གི་ མི་གཞོནམོ་མང་ཤོས་ཅིག་གིས གོ་སྐབས་ལེགས་ཤོམ་འཚོལ་ནིའི་དོན་ལུ་ ཧ་ཝ་ན་དང་ ཡང་ན་ ཕྱི་རྒྱལ་ལུ་འགྱོ་དོ་ཡོདཔ་ལས་ མི་སྡེ་ལ་ལུ་ཅིག་ནང་ ལཱ་འབད་མི་མ་ལང་པའི་དཀའ་ངལ་དང་ ས་ཁོངས་འདི་ནང་ མི་རློབས་རྒས་ཤོས་རྐྱངམ་གཅིག་ལུས་དོ་ཡོདཔ་ཨིན་པས། ཀ་མ་གུ་ཡི་ལུ་ གློག་རིག་ཡོངས་འབྲེལ་དང་ཨང་གནས་ཅན་གྱི་གློག་རིག་མཐུན་རྐྱེན་ཚུ་ ད་ལྟོ་ཡང་ གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ལས་ དེང་གསང་གི་ཤེས་ཡོན་དང་ བརྒྱུད་འབྲེལ་ དེ་ལས་ ཚོང་འབྲེལ་གྱི་ལག་ཆས་ཚུ་ཐོབ་མ་ཚུགསཔ་པའི་དཀའ་ངལ་ལེ་ཤ་ར་འབྱུང་སྲིད་པས།
ཀ་མ་གུ་ཡི་འདི་ ཀིའུ་བ་རྒྱལ་ཁབ་ཀྱི་རྒྱལ་རབས་དང་ལམ་སྲོལ་སྣ་ཚོགས་ཀྱི་བདེན་ཁུངས་ཅིག་ཨིན། དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་རུང་ ཀ་མ་གུ་ཡི་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་མ་འགྱོ་མི་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་ གོང་འཕེལ་མ་འགྱོ་མི་ དེ་ལས་ གནམ་གཤིས་གནས་སྟངས་ལུ་ ཉེན་ཁ་ཡོད་པའི་གདོང་ལེན་ཚུ་ཐོན་དོ་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་ཚོགས་ཀྱི་བཟོ་བཀོད་གཞན་དང་མ་འདྲཝ་དང་ ལམ་སྲོལ་འདྲ་མིན་སྣ་ཚོགས་ དེ་ལས་ བཟོད་བསྲན་ཅན་གྱི་མི་སྡེ་ཚུ་གིས་ རྒྱལ་ཁབ་ནང་ལུ་ ལམ་སྲོལ་དང་རྒྱལ་རབས་ཀྱི་ལྟེ་བ་ཅིག་སྦེ་ གནས་རིམ་ཐོབ་ནི་ལུ་ ཕན་ཐོགས་འབདཝ་ཨིན།
རྒྱབ་རྟེན་དཔེ་དེབ།
Wikipedia. (2025). Camaguey. Published by: Creative Commons. Retrieved from: https://en.wikipedia.org/wiki/Camag%C3%BCey
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source: Department of Culture and Dzongkha Development.