Jump to content

ཀ་ཛགས་ཏཱན། (Kazakhstan)

Wikipedia ལས།

ངོ་སྤྲོད་དང་ཆགས་རབས།

ཀ་ཛགས་ཏཱན་འདི་ དབུས་ཨེ་ཤི་ཡ་གི་རྒྱལ་ཁབ་སྦོམ་ཅིག་ཨིན། འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་ཨང་༩ པ་ཨིནམ་ད་ ས་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་ས་ཡ་༢.༧ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན་པས། ཀ་ཛགས་ཏཱན་གྱི་ བྱང་ཁ་ཐུག་ལུ་ ཀེས་པི་ཡཱན་(Caspian) མཚོ་དང་ ལྷོ་ནུབ་ལུ་ ཊཱཀ་མེ་ནིས་ཏཱན་(Turkmenistan) ཨུས་བེ་ཀིས་ཏཱན་(Uzbekistan) དེ་ལས་ ལྷོ་ཁ་ཐུག་ལུ་ ཀིར་གིས་ཏཱན་(Kyrgyzstan) དང་ ཤར་ཁ་ཐུག་ལུ་ ས་མཚམས་ཁར་ཡོདཔ་ཨིན་པས། ཀ་ཛགས་ཏཱན་ལུ་ གནམ་གཤིས་འདི་ རྒྱ་མཚོ་ལས་ཐག་རིང་ནི་འདི་གིས་ ས་གླིང་གི་གནམ་གཤིས་ཡོདཔ་དང་ འདི་ཡང་ གནམ་བྱཱར་ལུ་དྲོད་དང་ཆར་ཆུ་མེད་པ་སྐམ་སུ་སྦེ་ཡོདཔ་དང་ གནམ་དགུན་འདི་དུས་ཡུན་རིངམ་དང་བསིལ་དྲགས་སྦེ་ཡོདཔ་ཨིན། སྤྱི་ལོ་༡༩༩༡ སྤྱི་ཟླ་༡༢ པའི་སྤྱི་ཚེས་༡༦ ལུ་ ཀ་ཛགས་ཏཱན་འདི་ ཧེ་མའི་ སོ་ཝིཏ་ཡུ་ནི་ཡོན་(Soviet Union) ལས་རང་དབང་ཐོབ་ཡོདཔ་ཨིན་པས། []

མི་རློབས་དང་མི་རིགས།

སྤྱི་ལོ་༢༠༢༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྡུད་གསརཔ་དང་འཁྲིལ་བ་ཅིན་ ཀ་ཛགས་ཏཱན་གྱི་ མི་རློབས་འདི་ ༢༠,༧༦༩,༧༣༢ ཡོདཔ་ཨིན་པས། ཀ་ཛགས་ཏཱན་འདི་ མི་རློབས་མང་ཉུང་གི་ རྒྱལ་ཁབ་ཀྱི་ཐོ་ནང་ཨང་ ༦༥ ལུ་ལྷོད་ཡོདཔ་ཨིན་པས། བརྒྱ་ཆ་ ༦༨ དེ་ཅིག་འདི་མི་རིགས་ཀ་ཛགས་ཨིན། མི་རློབས་བརྒྱ་ཆ་༡༩ འདི་ ར་ཤི་ཡའི་མི་རིགས་ཡོདཔ་དང་ གཞན་མི་ཚུ་ ཨུཛ་བེཀ་(Uzbeks) དང་ ཡུ་ཀེ་རེ་ནི་ཡཱན་(Ukrainians) དེ་ལས་ ཨུའི་གུར་(Uighurs) དང་ ཊར་ཊར་(Tartars) དེ་ལས་ ཇཱར་མཱནས་(Germans) ཚུ་ཨིན་པས། ཀ་ཛགས་ཏཱན་འདི་ ཆོས་དང་འབྲེལ་བ་མེད་པའི་རྒྱལ་ཁབ་ཅིག་ཨིན། ཨིན་རུང་ མི་རློབས་བརྒྱ་ཆ་༧༠ དེ་ཅིག་གིས་ མུས་ལིམ་སྦེ་ངོས་འཛིན་འབདཝ་ཨིནམ་ད་ མི་རློབས་བརྒྱ་ཆ་༢༦ དེ་ཅིག་གིས་ ཡིད་ཆེས་ཅན་གྱི་ ཡེ་ཤུ་པའི་ཆོས་ལུགས་འཛིན་མི་སྦེ་ ངོས་འཛིན་འབདཝ་ཨིན་པས། []

གཞུང་སྐྱོང་ལམ་ལུགས།

ཀ་ཛགས་ཏཱན་གྱི་ དབང་ཚད་འདི་ ཧ་ལམ་ར་ སྲིད་འཛིན་དང་གཅིག་ཁར་ བཞག་སྟེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། ཀ་ཛགས་ཏཱན་གྱི་རྩ་ཁྲིམས་ཆེན་མོ་གིས་ སྲིད་འཛིན་དང་ བློན་ཆེན་འོགམ་ གཉིས་ཆ་ར་ སྲིད་འཛིན་གྱིས་ བསྐོ་བཞག་འབད་ཡོདཔ་ཨིན་པས།

སྲིད་འཛིན་འདི་ ལོ་༥ གི་རིང་ ཐད་ཀར་དུ་ ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་འབདཝ་ཨིན། སྤྱི་ཚོགས་ནང་ ཚོགས་ཁང་ (གོང་མ་) དང་ མཇ་ལིས་(Majlis) (ཚོགས་ཁང་འོག་མ་) ཚུ་ཡོདཔ་ཨིན། ཚོགས་ཁང་གི་འཐུས་མི་༤༧ ཡོད་ས་ལས་༡༥ སྲིད་འཛིན་གྱིས་བསྐོ་བཞག་གནང་ཡོད། གཞན་མི་འཐུས་མི་ཚུ་ ཚད་ལྡན་གྱི་ངོ་ཚབ་སྦེ་ བཙག་འཐུ་འབདཝ་ཨིན། མཇ་ལིས་(Majlis) གིས་ འཐུས་མི་ས་༡༠༧ ཡོད། འཐུས་མི་ཚུ་ ལོ་༤ གི་རིང་ ཕྱག་ཞུ་ནིའི་དོན་ལུ་ བཙག་འཐུ་འབདཝ་ཨིན་པས།

ཀ་ཛགས་ཏཱན་གྱིས་ འགྲོ་བ་མིའི་ཐོབ་དབང་དང་ ཁྲིམས་དོན་གྱི་དབང་ཚད་ཚུ ཡར་དྲག་གཏང་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཆིངས་ཡིག་དང་ གདམ་ཁ་ཅན་གྱི་མཐུན་གྲོས་ལེ་ཤ་ཅིག་ ཆ་འཇོག་འབད་དེ་ ཁས་བླངས་ཚུ་ ཁ་སྐོང་འབད་ཡོདཔ་ཨིན། སྤྱི་ལོ་༢༠༢༡ ལུ་ ཀ་ཛགས་ཏཱན་གྱིས་ སྤྱི་ལོ་༢༠༢༢-༢༠༢༤ གི་དོན་ལུ་ འཛམ་གླིང་འགྲོ་བ་མིའི་ཐོབ་དབང་ཚོགས་སྡེ་ནང་ བཙག་འཐུ་འབད་ནུག། []

སྐད་ཡིག་དང་ལམ་སྲོལ།

ཀ་ཛགས་ཁ་སྐད་འདི་ ཀ་ཛགས་ཏཱན་གྱི་ མངའ་སྡེའི་སྐད་ཡིག་ཨིནམ་ད་ མི་ས་ཡ་༡༠ ལྷགཔ་ཅིག་གིས་ སྐད་ཡིག་འདི་ལག་ལེན་འཐབ་དོ་ཡོདཔ་ཨིན་པས། ཀ་ཛགས་ཀྱི་ ལམ་སྲོལ་འདི་ ཕྱུགཔོ་དང་ དེ་གི་ལྟེ་བ་ཚུ་མ་འདྲཝ་ཡོདཔ་ཨིན། ཨིསི་ལམ་འདི་ ཆོས་ལུགས་གཙོ་བོ་ཅིག་ཨིན་རུང་ ཆོས་གཞན་ཚུ་ཡང་ ལག་ལེན་འཐབ་ཨིན། [] རང་ལུགས་ཀྱི་ལག་བཟོའི་རིགས་ཚུ་ ས་གདན་དང་རྒྱན་ཆ་ཚུ་ མི་རབས་བརྒྱུད་དེ་ བཟོ་ཡོདཔ་ཨིན་པས། ཀ་ཛགས་རྩོམ་རིག་འདི་ དམིགས་བསལ་གྱིས་ ཨ་བའི་ ཀུ་ནཱན་བ་ཡེབ་(Abai Kunanbayev) ཀྱི་ལཱ་ཚུ་ལུ་ གུས་ཞབས་སྦོམ་སྦེ་རང་ཡོདཔ་ཨིན། བཞེས་སྒོ་འདི་ བེཤ་བར་མཱཀ་(beshbarmak) དང་ ཀ་ཛི་(Kazy) བཟུམ་གྱི་ རིགས་ཚུ་ མཛེས་ཏོག་ཏོ་དང་ བྲོཝ་ཅནམ་ཅིག་ཨིན་པས། སྙན་ཆ་དང་ཞབས་ཁྲ་འདི་ ལམ་སྲོལ་གྱི་ཆ་ཤས་གཙོ་བོ་ཅིག་ཨིནམ་ད་ རང་ལུགས་ཀྱི་ལག་ཆས་ཚུ་ཡང་ དོམ་བ་ར་(dombra) དང་ ཀོ་བིཛ་(Kobyz) ཚུ་གིས་ འགན་ཁུར་གཙོ་བོ་ཅིག་འབག་དོ་ཡོདཔ་ཨིན་པས། []

དཔལ་འབྱོར་དང་ཚོང་འབྲེལ།

སྤྱི་ལོ་༢༠༢༤ ལུ་ ཀ་ཛགས་ཏཱན་གྱི་དཔལ་འབྱོར་དེ་ བརྒྱ་ཆ་༣.༢ ལུ་ མར་ཕབ་འགྱོ་ཡོདཔ་ད་ ལོ་གཅིག་གི་ཧེ་མ་ བརྒྱ་ཆ་༥.༣ ལས་ མར་ཕབ་སོང་སྟེ་ མ་རྩ་གཞི་བཙུགས་དང་ གཞུང་གི་ཟད་འགྲོ་ཚུ་ མཐོ་དྲགས་སྦེ་ ཐོན་ཡོདཔ་ཨིན་པས། དཔལ་འབྱོར་གོང་འཕེལ་འདི་ སྤྱི་ལོ་༢༠༢༥ ལུ་ གནས་སྐབས་ཅིག་གི་དོན་ལུ་ བརྒྱ་ཆ་༤.༧ ལུ་ཡར་སེང་འགྱོ་ནི་ཨིནམ་སྦེ་ ཚོད་དཔག་འབདཝ་ཨིན་པས། ཀ་ཛགས་ཏཱན་གྱི་དཔལ་འབྱོར་འདི་ རང་བཞིན་ཐོན་སྐྱེད་དང་ དམིགས་བསལ་གྱིས་ མར་ཁུ་དང་རང་བཞིན་རླངས་རྫས་ཚུ་ལུ་ ཤུགས་སྦེ་རང་ བརྟེན་དོ་ཡོདཔ་ཨིན།

འཛམ་གླིང་ནང་ལུ་ བཟོ་སྐྲུན་པ་གཙོ་བོ་ཚུ་གི་གྲངས་སུ་ཚུད་དེ་ ཅ་ཆས་ཚུ་ གལ་གནད་ཅན་སྦེ་བཟོ་སྦེ་བཏོན་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ཡང་ ཡུ་ར་ནི་ཡམ་(Uranium) ཐོན་སྐྱེད་འབད་མི་གཙོ་བོ་ཅིག་ཨིནམ་མ་ཚད་ རྡོ་སོལ་དང་ གསེར་ ཟངས་ ཞ་རྩི་ དེ་ལས་ ཧ་ཡང་གཏེར་རྡོ་ཚུ་གི་ གཏེར་མཛོད་སྦོམ་སྦེ་ར་ བཞག་སྟེ་ཡོདཔ་ཨིན། ས་གཏེར་གྱི་ལཱ་གྱིས་ བཟོ་གྲྭ་ལས་སྡེ་གི་ རྒྱབ་རྟེན་ཅིག་སྦེ་ཡོདཔ་དང་ སོ་ནམ་ལཱ་གིས་ཡང་ཁག་ཆེ་བའི་ འགན་ཁུར་འབགཔ་ཨིན། ཀ་ཛགས་ཏཱན་གྱི་ ཁྱིམ་ཚང་རྒྱལ་ཁབ་དང་ ཨེ་ཤི་ཡ་ལུ་ ཕྱིར་ཚོང་འཐབ་མི་ གལ་ཅན་ཅིག་ཨིན་པས། []

དཀའ་ངལ་དང་གདོང་ལེན།

ཀ་ཛགས་ཏཱན་གྱི་དཔལ་འབྱོར་འདི་ མར་ཁུ་ལུ་ ཤུགས་སྦེ་ར་བརྟེན་དོ་ཡོདཔ་ལས་ འཛམ་གླིང་ནང་གི་སྤྱིར་བཏང་ གོང་ཚད་ཀྱི་འགྱུར་བ་ལུ་ ཉེན་ཁ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ ཁ་སླབ་ནི་དང་བསམ་འཆར་བཀོད་ནིའི་དལ་དབང་(freedom of expression) དང་འཛོམས་ནིའི་དལ་དབང་(freedom of assembly)ལུ་ བཀག་ཆ་འབདཝ་ལས་ དྲང་ཁྲིམས་རང་དབང་མེད་པའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན། ངན་ལྷད་དང་ དབུལ་ཕོངས་ དེ་ལས་ འདྲ་མཉམ་མེད་མི་ཚུ་ལུ་ཡང་ཚ་གྱང་ཡོདཔ་ཨིན་པས། འདི་བཟུམ་གྱི་གདོང་ལེན་ཚུ་ བསལ་ཐབས་ལུ་ ཀ་ཛགས་ཏཱན་གྱིས་ དཔལ་འབྱོར་སྣ་མང་བཟོ་ནི་དང་ གཙུག་སྡེ་ཚུ་སྒྲིང་སྒྲི་བཟོ་ནི་ དེ་ལས་ འགྲོ་བ་མིའི་ཐོབ་དབང་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས། སོ་ནམ་དང་ ལྟ་བཤལ་ དེ་ལས་ བསྐྱར་གསོ་འབད་བཏུབ་པའི་ ནུས་ཤུགས་ཡར་དྲག་གཏང་ནི་ཡང་ཁག་ཆེཝ་སྦེ་ཡོདཔ་ཨིན་པས། གཞན་ཡང་ ངན་ལྷད་ལུ་གདོང་ལེན་འབད་ནི་ ཁྲིམས་ལུ་དབང་ཚད་བྱིན་ནི་ ཁ་སླབ་ནི་དང་འཛོམས་ནི་ ཆོས་ལུགས་ཚུ་ ཉམས་སྲུང་འབད་ནི་ ཤེས་ཡོན་ཚུ་ འདྲ་མཉམ་སྦེ་ཐོབ་ཚུགསཔ་བཟོ་ནི་ཚུ་ཡང་ ཁག་ཆེཝ་སྦེ་ཡོདཔ་ཨིན་པས།[]

རྒྱལ་ས་ལྟེ་བ་ ཨཱས་ཊ་ན།

ཨཱས་ཊ་ན་འདི་ ཀ་ཛགས་ཏཱན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཨིན། ཀ་ཛགས་ཏཱན་གྱི་ དབུས་ཕྱོགས་ཀྱི་ རྩྭ་ཐང་ནང་ ཆགས་ཡོདཔ་ད་ ཁྲོམ་སྡེ་ནང་ ས་ཆ་ ཀི་ལོ་མི་ཊར་གྲུ་བཞི་ ༩༥༢ ཡོད་པའི་ཁར་ མི་རློབས་ས་ཡ་ ༡.༥ ཡོདཔ་ཨིན་པས། ཨི་ཤིམ་(Ishim) གཙང་ཆུ་འདི་ ཁྲོམ་ཚོགས་བརྒྱུད་དེ་འགྱོཝ་ཨིན། སྤྱི་ལོ་༡༩༩༧ ལུ་ ཀ་ཛགས་ཏཱན་གྱིས་ རྒྱལ་ས་ལྟེ་བ་འདི་ ཨཱལ་མ་ཊི་(Almaty) ལས་ ཨཀ་མོ་ལ་(Akmola) ལུ་སྤོ་བཤུད་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༡༩༩༨ ལུ་ ཨཱས་ཊ་ན་དང་ དེ་ལས་ སྤྱི་ལོ་༢༠༡༩ ལུ་ ནུར་སུལ་ཏཱན་(Nur-Sultan) ཟེར་ མིང་བསྒྱུར་བཅོས་འབད་ནུག། ཨཱས་ཊ་ན་གི་ལམ་སྲོལ་འདི་ རང་ལུགས་ཀྱི་ ཀ་ཛགས་ཀྱི་སྲོལ་རྒྱུན་དང་ དེང་སང་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ སྙན་ཆའི་ལམ་སྲོལ་དང་ ཡར་རྒྱས་འགྱོ་བའི་སྒྱུ་རྩལ་ཚུ་ཡོདཔ་ཨིན།  ཁྲོམ་གྱི་གནམ་གཤིས་འདི་ ས་གླིང་ཆེན་གྱི་གནས་གཤིས་ཡོདཔ་དང་ བྱཱར་ལུ་ཚ་དྲོད་དང་ཆར་ཆུ་མེད་པ་ས་སྐམ་ དེ་ལས་ དགུན་ལུ་བསིལ་དྲགས་ཡོད་པའི་གུར་དུས་ཡུན་རིངམོ་སྦེ་ཡོདཔ་ཨིན་པས། []

མཇུག་སྡུད།

ཀ་ཛགས་ཏཱན་འདི་ སྔོན་ལུགས་ཀྱི་ལམ་སྲོལ་དང་ དེང་སང་གི་གོང་འཕེལ་ཚུ་ལྡན་པའི་ རྒྱལ་ཁབ་ཅིག་ཨིན། ལམ་སྲོལ་གྱི་སྲོལ་ཁྱུན་ནང་ཕྱུགཔོ་སྦེ་ཡོདཔ་དང་ དེང་སང་དཔལ་འབྱོར་དང་ གོང་འཕེལ་གྱི་འཆར་གཞི་ཚུ་གིས་ མ་འོངས་པའི་ནང་ཡར་དྲག་ཅན་སྦེ་འགྱོ་བའི་གསལ་བཏོན་འབདཝ་ཨིན་པས།

རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན། (References)

[ཞུན་དག]
  1. https://www.dfat.gov.au/geo/kazakhstan/kazakhstan-country-brief
  2. https://ceus.indiana.edu/about/languages/kazakh.html
  3. https://www.cia.gov/the-world-factbook/countries/kazakhstan/
  4. https://ceus.indiana.edu/about/languages/kazakh.html
  5. https://kazakhstanhouse.pk/culture-in-kazakhstan/
  6. ༦.༠ ༦.༡ https://www.trade.gov/country-commercial-guides/kazakhstan-market-challenges
  7. mercial-guides/kazakhstan-market-challenges https://wb.beijing.gov.cn/en/sister_cities/sister_cities_of_beijing/asia/asia_nur_sultan/asia_nur_sultan_city_profiles/202211/t20221104_2852181.html
"https://dz.wikipedia.org/w/index.php?title=ཀ་ཛགས་ཏཱན།_(Kazakhstan)&oldid=38477" ལས་ སླར་འདྲེན་འབད་ཡོདཔ།