Jump to content

ཀ་རུ་ཕོ། Carrefour

Wikipedia ལས།

༉ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ མི་སྡེ་དཔལ་འབྱོར་གྱི་གནས་སྟངས་ནང་ ཁག་ཆེ་བའི་འགན་ཁུར་འབག་མི་ ས་ཁོངས་ཅིག་ཨིན་མི་ ཀ་རུ་ཕོ་འདི་ ཧེ་ཊི་གི་འཚོལ་ཞིབ་ལས་ཁུངས་ཀྱི་མི་སྡེ་ཅིག་ཨིན། རྒྱལ་ས་ལྟེ་བ་ པོརཊ་ཨའུ་པྲིནསི་གི་ཉེ་འདབས་ལུ་ཆགས་ཏེ་ཡོད་མི་ ཀ་རུ་ཕོ་འདི་ གྲོང་གསེབ་ཀྱི་གཞིས་ཆགས་ལས་ མི་རློབས་མངམ་ཡོད་པའི་ཁྲོམ་ཚོགས་ཀྱི་ས་ཁོངས་ལུ་གྱུར་ཡོདཔ་ཨིན། འ་ནཱི་ཡོངས་སུ་རྫོགས་པའི་ནང་དོན་འདི་གིས་ ཀ་རུ་ཕོ་གི་ས་ཆའི་གནས་སྟངས་དང་ བྱུང་རབས་ ལམ་སྲོལ་ དཔལ་འབྱོར་ དེ་ལས་ གདོང་ལེན་ཚུ་བརྩིས་ཏེ་ གནད་དོན་མ་འདྲཝ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ཡོདཔ་ཨིན།

ཕེརེནཆི་གི་ཁ་སྐད་ནང་ལུ་ ཀ་རུ་ཕོ་ཟེར་མི་འདི་ "ལམ་རྒྱ་གྲམ་" ཟེར་བའི་དོན་དག་ཨིནམ་དང་ མི་སྡེ་ནང་ལུ་ཐབས་བྱུས་ཅན་གྱི་ས་གོ་འདི་ ཧེ་ཊི་གི་ས་གནས་མ་འདྲཝ་ཚུ་མཐུད་སའི་ས་གོ་ཅིག་སྦེ་འགྲེལ་བཤད་རྐྱབ་ཨིན། ཞིབ་འཚོལ་ལས་ཁུངས་ནང་ལུ་ཡོད་པའི་ པོརཊ་ཨའུ་པྲིནསི་རྫོང་ཁག་གི་ཆ་ཤས་ཅིག་སྦེ་ ཀ་རུ་ཕོ་གི་སྐྱེལ་འདྲེན་དང་ཚོང་འབྲེལ་ དེ་ལས་ ལམ་སྲོལ་བརྗེ་སོར་གྱི་དོན་ལུ་ ཁག་ཆེ་བའི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། ས་གནས་འདི་ནང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ རང་བཞིན་གྱི་རྐྱེན་ངན་ཚུ་བརྩིས་ཏེ་ གདོང་ལེན་ལེ་ཤ་ཅིག་ར་ ཐོན་ཡོད་རུང་ ཀ་རུ་ཕོ་འདི་ ཧེ་ཊི་ཡན་གྱི་མི་སེར་ཚུ་གི་ བཟོད་བསྲན་དང་ སེམས་ཤུགས་ཀྱི་ བདེན་ཁུངས་ཅིག་སྦེ་ལུས་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ནང་བཀོད་ནུག།

ཀ་རུ་ཕོ་གི་ས་ཆ་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞིམ་ ༡༦༥.༡༦ དེ་ཅིག་ཡོདཔ་དང་ མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༣༩ ལུ་ཆགས་ཡོདཔ་ཨིན་པས། མི་སྡེ་གི་ས་ཆའི་གནས་སྟངས་ནང་ལུ་ ཁྲོམ་ཚོགས་དང་གྲོང་གསེབ་ཀྱི་ས་ཆའི་གནས་སྟངས་གཉིས་ཆ་ར་ཚུད་དོ་ཡོདཔ་དང་ ཀ་རུ་ཕོ་གི་ས་ཆའི་མཚམས་འདི་ ཕོན་ཊ་མ་ར་ ༤༣ ལས་ མཚོའི་མཐའམ་བདའ་སྟེ་ མ་རི་ཡ་ནི་གཙང་ཆུ་ཚུན་ཚོད་ ཁྱབ་སྟེ་ཡོདཔ་དང་ དེ་ནང་ བི་ཛོ་ཏོན་དང་ ཐོར་ དེ་ལས་ ཕོརོ་ཌི་ཆུ་བོ་དང་ མོར་ནེ་ཨ་ཅཱན་ཌེལ་བཟུམ་གྱི་ མི་སྡེའི་སྡེ་ཚན་ཚུ་ ཁྱབ་སྟེ་ཡོདཔ་ཨིན། སྤྱི་ལོ་ ༢༠༡༥ ལུ་ ཀ་རུ་ཕོ་ལུ་ མི་རློབས་ ༥༡༡,༣༤༥ ཡོད་པའི་ཚོད་རྩིས་བཏོན་ཡོདཔ་ལས་ ཧེ་ཊི་རྒྱལ་ཁབ་ནང་ལུ་ མི་རློབས་མང་ཤོས་ཡོད་པའི་ མི་སྡེ་ཅིག་ལུ་གྱུར་ཡོདཔ་ཨིན། མི་འབོར་གྱི་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་མ་རེ་ནང་ མི་ ༣,༠༩༦ དེ་ཅིག་ཡོདཔ་དང་ ཀ་རུ་ཕོ་གི་མི་སེར་ཚུ་ལུ་ ཀ་རུ་ཕོ་རོའིས་ (ཕོ་) དང་ ཀ་རུ་ཕོ་རོའི་སི་ (མོ) ཟེར་སླབ་ཨིན་ཟེར་ (ཝི་ཀི་པི་ཌི་ཡ། ༢༠༢༥) ནང་བཀོད་ནུག།

ཀ་རུ་ཕོ་གི་གནམ་གཤིས་འདི་ གནམ་གཤིས་སབ་ཁྲ་ (༢༠༢༤) གི་ཞིབ་འཚོལ་དང་འཁྲིལ་བ་ཅིན་ རློན་གཤེར་དང་སྐམ་པའི་དུས་ཚོད་མ་འདྲཝ་སྦེ་ དབྱེ་བ་ཕྱེས་ཏེ་ཡོདཔ་ཨིན། ལོ་གཅིག་གི་རིང་ལུ་ དྲོད་ཚད་མཐོ་དྲགས་སྦེ་སྡོད་ཡོདཔ་དང་ སྤྱིར་སྙོམས་མཐོ་ཚད་ ༩༤°F (༣༤°C) དང་ དམའ་ཤོས་ ༧༣°F (༢༣°C) དེ་ཅིག་ལུ་ལྷོད་དེ་ཡོདཔ་ཨིན། ཆརཔ་གི་དུས་ཚོད་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་ ༤ པ་ལས་ ༦ པ་ཚུན་ དེ་ལས་ སྤྱི་ཟླ་ ༡༠ པ་ལས་ ༡༡ པ་ཚུན་ཚོད་དང་ ཆརཔ་མང་ཤོས་ར་ སྤྱི་ཟླ་ ༨ པ་དང་ ༩ པའི་ནང་ རྐྱབ་དོ་ཡོདཔ་ཨིན་མས། ཞིབ་འཚོལ་ནང་བཀོད་དོ་བཟུམ་འབད་བ་ཅིན་ ཀ་རུ་ཕོ་ལུ་འོང་ནིའི་དུས་ཚོད་ལེགས་ཤོམ་འདི་ ཆརཔ་དང་དྲོད་ཀྱི་བཟོད་བསྲན་ལུ་རག་ལསཔ་ཨིནམ་དང་ གནམ་གཤིས་འདི་ ལོ་གཅིག་གི་རིང་ལུ་ གཅིག་མཚུངས་སྦེ་ དྲོད་བཏགས་ཡོད་རུང་ སྤྱི་ཟླ་ ༡༢ པ་ལས་ ༤ པ་ཚུན་ སྐམ་པའི་དུས་ཚོད་ནང་ཆརཔ་མ་རྐྱབ་པར་ ཕྱི་ཁར་གྱི་ལས་སྣ་འབད་ནི་གི་ གོ་སྐབས་ལེགས་ཤོམ་ཡོདཔ་ཨིན་པས། དུས་ཚོད་འདི་གི་རིང་ལུ་ ཆརཔ་གི་སྤྱིར་སྙོམས་ཚད་གཞི་འདི་ མི་ལི་མི་ཊར་ ༡༢ (༠.༤༧) ལས་ མི་ལི་མི་ཊར་ ༧༦ (༢.༩༩) ཚུན་ཨིནམ་དང་ ཆུ་ཚོད་འདི་ དམའ་ཤོས་ཅིག་ཨིནམ་ལས་ བརྒྱ་ཆ་ ༧༢ ལས་ ༧༥ གི་བར་ན་འགྱུར་བ་འགྱོཝ་ཨིན་ཟེར་བཀོད་དེ་འདུག། དེ་ལས་ གནམ་གཤིས་རློན་གཤེར་ལས་ བཀག་ཐབས་འབད་ནི་གི་དོན་ལུ་ ལྟ་བཤལཔ་ཚུ་གིས་ སྤྱི་ཟླ་ ༥ པ་ལས་ སྤྱི་ཟླ་ ༡༡ པ་ཚུན་ཚོད་ དུས་ཡུན་འདི་ ལེགས་ཤོམ་མེདཔ་སྦེ་བརྩི་འཇོག་འབད་དོ་ཡོདཔ་ཨིན་པས། དུས་ཚོད་འདི་ནང་ ཉི་མའི་འོད་འདི་ མངམ་སྦེ་ཡོད་རུང་ ཟླཝ་འདི་ཚུ་ནང་ ཆརཔ་མཐོ་ཤོས་ར་ སྤྱི་ཟླ་ ༩ པའི་ནང་ མི་ལི་མི་ཊར་ ༡༣༥ (༥.༣༡) ལུ་ལྷོད་དེ་ཡོདཔ་ཨིན་ཟེར་བཤད་ནུག།

ཀ་རུ་ཕོ་གི་བྱུང་རབས་འདི་ ཧེ་ཊི་གི་བྱུང་རབས་གཏམ་རྒྱུད་རྒྱ་ཆེཝ་དང་གཅིག་ཁར་ འབྲེལ་མཐུད་འབད་དེ་ཡོདཔ་ཨིན། ཕེན་ཌོམ་ (ལོ་མེད་) གིས་ ས་གནས་འདི་ དམིགས་བསལ་གྱིས་ སྲིད་འཛིན་ ཨེ་ལེགསི་ཟན་ཌར་པེ་ཤིན་དང་ ཕོལོ་ཝིལ་ཧའི་པོ་ལའིཊ་བཟུམ་གྱི་ གལ་གནད་ཅན་གྱི་མི་ངོམ་ཚུ་གི་ཁྱིམ་ཅིག་ཨིན་པས། དེ་མ་ཚད་ "ཆུ་རྫིང་གི་རྒྱབ་ལུ་" ཟེར་སླབ་མི་ས་ཁོངས་འདི་ ཧེ་མ་ ཧའི་པོ་ལའིཊ་གི་ གཅེས་པའི་སེམས་ཅན་སྤྱ་ལས་བརྟེན་ཏེ་ "སྤྱའི་ཆུ་རྫིང་" ཟེར་སླབ་སྲོལ་སྡོད་ནུག་ཟེར་ཨིན་མས། བྱུང་རབས་དང་འཁྲིལ་བ་ཅིན་ ཀ་རུ་ཕོ་འདི་ པོརཊ་ཨའུ་པྲིནསི་བརྩིས་ཏེ་ མཐའ་འཁོར་གྱི་ས་གནས་ཚུ་ནང་ སོ་ནམ་ཐོན་སྐྱེད་ཆུམ་དང་ གུ་རམ་ ཀ་བལ་ ཤིང་འབྲས་ ཚོད་བསྲེ་དང་ ཀཱ་ཕི་ཚུ་ བཀྲམ་སྤེལ་འབད་མི་ གྲོང་གསེབ་གཞི་ཆགས་ཅིག་སྦེ་ ཕྱག་ཞུ་ཡོད་པའི་ཁར་ ཁྲོམ་ཚོགས་གོང་འཕེལ་འདི་ སྤྱི་ལོ་ ༡༩༧༠ བར་ཁམས་ཅིག་ཁར་ ས་ཆའི་བདག་དབང་སྦོམ་ཚུ་ རྩ་མེད་བཏང་ཞིནམ་ལས་ གཞུང་མེད་གོང་འཕེལ་འགྱོ་བའི་སྐབས་ལུ་ འགོ་བཙུགས་ནུག། (ཝི་ཀི་པི་ཌི་ཡ། ༢༠༢༥) གིས་བཀོད་ནུག།

ཀ་རུ་ཕོ་འདི་ ཁྲོམ་དཔོན་དང་ཚོགས་སྡེ་གཞུང་གི་ལམ་ལུགས་འོག་ལུ་ལཱ་འབདཝ་ཨིན། བརྡ་དོན་གསརཔ་ཐོབ་མི་དང་འཁྲིལ་བ་ཅིན་ ཁྲོམ་དཔོན་འདི་ ཇུཌ་ཨེ་ཌོ་ཝརཌི་པི་ཡར་ཨིནམ་དང་ སྤྱི་ཚོགས་འདི་ པོརཊ་ཨའུ་པྲིནསི་རྫོང་ཁག་གི་ཆ་ཤས་ཅིག་ཨིནམ་དང་ ཞིབ་འཚོལ་ལས་ཁུངས་ནང་ལུ་ཚུདཔ་ཨིན། རང་དབང་ཁང་ (༢༠༢༤) གིས་ ཧེ་ཊི་གི་སྲིད་དོན་གནས་སྟངས་འདི་ བརྟན་ཏོག་ཏོ་མེདཔ་ལས་ འདས་པའི་ལོ་ཚུ་ནང་ བཙག་འཐུའི་ལམ་ལུགས་དང་ གཞུང་སྐྱོང་གཞི་བཀོད་ཚུ་ ཉམས་ཆག་ཤོར་ཏེ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༡ ལུ་ སྲིད་འཛིན་ ཇོ་ཝེ་ནེལ་མོ་སི་བསད་མི་འདི་གིས་ གནས་སྟངས་འདི་ ཧེང་སྐལ་ར་ ཚབས་ཆེན་བཟོ་སྟེ་ གཞུང་སྐྱོང་མ་ཚང་པར་སྟོང་པ་དང་ འགྱུར་བའི་ཚོགས་སྡེ་ཚུ་ལུ་ བློ་གཏད་དགོཔ་ ཡར་སེང་འགྱོ་ཡོདཔ་སྦེ་བཀོད་ནུག།

ཧེ་ཊི་གི་གཞུང་འབྲེལ་སྐད་ཡིག་འདི་ ཕཱེརེནཆི་དང་ ཧེ་ཊི་ཡན་ཀིརི་ཨོལ་སྐད་ཡིག་གཉིས་ཨིན། ཀ་རུ་ཕོ་ལུ་ ཧེ་ཊི་ཡན་ཀིརི་ཨོལ་འདི་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ མང་ཤོས་ཅིག་ར་སླབ་དོ་ཡོདཔ་དང་ ཕེརེནཆི་འདི་ ཤེས་རིག་དང་གཞུང་བརྩིས་ཏེ་ ལུགས་མཐུན་གྱི་གནས་སྟངས་ནང་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཀ་རུ་ཕོ་ལུ་ ཧེ་ཊི་རྒྱལ་ཁབ་ཀྱི་ས་གནས་མང་ཤོས་ཅིག་བཟུམ་སྦེ་ ལམ་སྲོལ་གྱི་མཛེས་རྒྱན་ཕྱུགཔོ་སྦེ་ཡོདཔ་ཨིན། ཨ་པོ་ལོན་གཱའི་ཨ་ལིན་ (༢༠༢༤) གིས་ ཡན་ཝ་ལོ་དང་ཨི་བོ་བཟུམ་གྱི་རང་ལུགས་ཞབས་ཁྲ་ཚུ་ ས་གནས་ཀྱི་དུས་སྟོན་ཚུ་ནང་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ དུས་སྟོན་འདི་ ལམ་སྲོལ་གྱི་ལས་རིམ་གལ་ཅན་ཅིག་ཨིནམ་དང་ དེ་ནང་ ཁྲོམ་སྐོར་དང་སྙན་ཆ་ དེ་ལས་ ཞབས་ཁྲ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་ཟེར་བཀོད་ནུག། ས་གནས་འདི་ནང་ འཕྲལ་འཕྲལ་ར་ གོ་བ་བརྡ་ལོག་འགྱོ་མི་ ཝུ་ཌུ་གིས་ ཧི་ཊེ་ཡན་གྱི་ལམ་སྲོལ་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ སྒྱུ་རྩལ་དང་སྙན་ཆ་ དེ་ལས་ རྩོམ་རིག་ཚུ་ལུ་ ཤན་ཞུགས་འབདཝ་ཨིན་མས། འདི་ཡང་ ཨཕ་རི་ཀ་གི་ཆོས་ལུགས་ཡིད་ཆེས་དང་ ཀེ་ཐོ་ལི་ཟམ་གྱི་ཆ་ཤས་ཚུ་ མཉམ་སྡེབ་འབད་དེ་ མཉམ་འབྲེལ་འབད་མི་ ཆོས་ལུགས་ཅིག་ཨིན་མས། གཞན་ཡང་ ཀ་རུ་ཕོ་ལུ་ རྩེད་རིགས་འདི་ ཡོངས་གྲགས་ཡོདཔ་དང་ རྐང་རྩེད་འདི་ ཡོངས་གྲགས་ཅན་སྦེ་ རྩེད་མི་དང་ རས་སུ་འཇུག་མི་ རྩེད་རིགས་ཅིག་ཨིནམ་མ་ཚད་ ས་གནས་ཀྱི་འགྲན་བསྡུར་དང་ རྩེད་འགྲན་ཚུ་ སྤྱིར་བཏང་སྦེ་ འགོ་འདྲེན་འཐབ་སྟེ་ མི་སྡེ་འབྲེལ་གཏོགས་དང་ ན་གཞོན་ཚུ་གིས་ བཅའ་མར་གཏོགས་བཅུག་དོ་ཡོདཔ་ཨིན་པས།

ཀ་རུ་ཕོ་གི་ཆོས་ལུགས་འདི་ གཞན་དང་མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ ཡེ་ཤུའི་ཆོས་ལུགས་ དམིགས་བསལ་གྱི་ རོ་མཱན་ཀེ་ཐོ་ལིག་ཆོས་ལུགས་འདི་ དབང་ཤུགས་ཅན་གྱི་ཆོས་ལུགས་ཅིག་ཨིན་རུང་ གསར་བརྗེ་ཆོས་ལུགས་ཚུ་ལུ་ཡང་ མི་མང་གིས་ དད་པ་བསྐྱེད་དོ་ཡོདཔ་ཨིན། ཝུ་ཌུ་གི་ལམ་ལུགས་འདི་ ཡེ་ཤུའི་ཆོས་ལུགས་དང་གཅིག་ཁར་ མཉམ་སྡེབ་འབད་དེ་ ཧེ་ཊི་ཡན་གྱི་ཆོས་དང་འབྲེལ་བའི་རང་གཤིས་ཚུ་ གསལ་སྟོན་འབདཝ་ཨིན་མས། ཝི་ཀི་པི་ཌི་ཡ་ (༢༠༢༥) གིས་ ཀཱར་ཕོར་གྱི་བཟའ་འཐུང་འདི་གིས་ ཧེ་ཊི་གི་ཟ་འཐུང་གི་ལམ་སྲོལ་རྒྱ་ཆེཝ་སྦེ་སྟོན་དོ་ཡོདཔ་དང་ གལ་གནད་ཅན་གྱི་བཟའ་འཐུང་འདི་ པོརཊ་ཨའུ་པྲིནསི་ལུ་ཡོད་མི་དང་ཆ་འདྲ་མི་ གྷི་རིའོཊ་དང་ གཞན་ཡང་ ཆུམ་དང་སྲནམ་ཅུམ་ དེ་ལས་ ཚོད་བསྲེ་དང་ བཞེས་སྒོ་མ་འདྲཝ་ཚུ་ཨིན་པས། ཁྲོམ་ལམ་གྱི་བཟའ་འཐུང་ཚུ་ཡང་ ཁྱབ་ཆེཝ་སྦེ་ཡོདཔ་ལས་ བྲོ་བ་དང་ བཞེས་སྒོ་མ་འདྲཝ་ཚུ་སླ་བསྲེས་ཏེ་ཡོདཔ་ཨིན་ཟེར་བཀོད་ནུག།

ཀ་རུ་ཕོ་གི་དཔལ་འབྱོར་འདི་ སྔོན་ལས་ད་ལྟོ་ཚུན་ སོ་ནམ་ལུ་གཞི་བཞག་སྟེ་ ཉེ་འདབས་ཀྱི་ཁྲོམ་ཚོགས་ལྟེ་བ་ཚུ་ནང་ ཐོན་སྐྱེད་ཚུ་བཀྲམ་སྤེལ་འབད་དེ་ར་ཡོདཔ་ཨིན་མས། རྒྱལ་སྤྱིའི་ཚོང་འབྲེལ་བདག་སྐྱོང་ (ལོ་མེད་) གིས་ འདས་པའི་ལོ་ཚུ་ནང་ དཔལ་འབྱོར་སྣ་མང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་དང་ དེ་ཡང་ ཀ་རུ་ཕོ་གློག་མེ་འཕྲུལ་ཁང་བཟུམ་གྱི་ གཞི་རྟེན་ལས་འགུལ་ཚུ་བརྩིས་ཏེ་ ཁྲོམ་ཆེན་ས་ཁོངས་ནང་ གློག་མེ་མེ་ག་ཝཊ་ ༡༢༠ ཁ་སྐོང་འབད་ནི་གི་ དམིགས་ཡུལ་ཡོདཔ་དང་ ཧེ་ཊི་གི་དཔལ་འབྱོར་རྒྱ་ཆེ་བ་འདི་ ཧེ་ཊི་དཔལ་འབྱོར་ཡར་འཕར་ལས་རིམ་བཅའ་ཁྲིམས་བཟུམ་གྱི་ ཚོང་འབྲེལ་ཆིངས་ཡིག་ལས་ ཁེ་ཕན་ཐོབ་དོ་ཡོདཔ་དང་ དེ་གིས་ ཧེ་ཊི་གི་ གོ་ལ་དང་གྱོན་ཆས་ ཡུ་ཨེས་ལུ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ཁྲལ་གྱི་ཁེ་ཕན་བྱིན་དོ་ཡོདཔ་ཨིན་ཟེར་བཀོད་ནུག།

ཀ་རུ་ཕོ་ལུ་ དབུལ་ཕོངས་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་མེད་མི་ དེ་ལས་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ ཉེན་ཁ་ཡོད་པའི་ གདོང་ལེན་ལེ་ཤ་ཅིག་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ཨེན་ཇེལ་གཱོན་ཛ་ལེཛ་ (༢༠༡༢) གིས་ སྤྱི་ལོ་ ༢༠༡༠ ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་སྦེ་ར་ བཀལ་ཡོདཔ་ལས་ ད་ལྟོ་ ས་གནས་འདི་ སྔར་ག་ཨིནམ་སྦེ་བཟོ་ནི་ལུ་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན་ཟེར་བཀོད་ནུག། དེ་ལས་ སྡེ་ཚན་གྱི་རྩུབ་སྤྱོད་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ གནས་སྟངས་དེ་ ཧེང་སྐལ་ར་ ཚབས་ཆེན་བཟོ་སྟེ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༢༣ ལུ་ ཀ་རུ་ཕོ་ཁྱིམ་ཚང་ནང་ མཚོན་ཆ་ཅན་གྱི་སྡེ་ཚན་དང་ ཁྲིམས་སྲུང་འགག་པ་ཚུ་གི་བར་ན་ འཁྲུག་རྩོད་བྱུང་མི་ལུ་བརྟེན་ གཏོར་བཤིག་སྦོམ་སྦེ་ར་ བྱུང་ཡོདཔ་མ་ཚད་ མི་ཚུ་ གནས་སྤོ་སྟེ་འགྱོ་ཡོདཔ་ཨིན་པས། དེ་མ་ཚད་ ཀ་རུ་ཕོ་ཡང་ ས་གནས་གཞན་དང་དབྱེ་བ་མེད་པར་ གློག་མེ་དང་ ཆུ་གཙང་ཏོག་ཏོ་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ ཐོབ་ཚུགས་མི་འདི་ ད་ལྟོ་ཡང་ ཚད་འཛིན་འབད་དེ་ཡོདཔ་དང་ ཧེ་ཊི་གི་མི་རློབས་བརྒྱ་ཆ་ ༤༠ ལྷགཔ་ཅིག་གིས་ བཟའ་འཐུང་ཉེན་སྲུང་མེད་པའི་ མི་ཚེ་མྱོང་དོ་ཡོདཔ་ཨིན་པས།

ཀ་རུ་ཕོ་གི་ མགུ་རྙོག་དྲགས་ཅན་གྱི་ཧེ་ཊི་ཁྲོམ་ཚོགས་འདི་ དེང་སང་གོང་འཕེལ་གྱི་གདོང་ལེན་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་གི་བར་ན་ འདྲ་མཉམ་བཟོཝ་ཨིན། མི་སྡེའི་གནད་དོན་ཚུ་ སེལ་ཐབས་ལུ་གཞུང་གི་དབང་འཛིན་དང་ མི་སྡེ་འགོ་ཁྲིདཔ་ དེ་ལས་ རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་གིས་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་དང་ མི་མང་ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་ དེ་ལས་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་གཏང་ནི་ དེ་ལས་ མཉམ་འབྲེལ་གྱི་ཐོག་ལས་བརྩོན་ཤུགས་བསྐྱེད་དགོཔ་ཨིན་པས། ཐབས་བྱུས་མ་རྩ་བཙུགས་ནི་དང་ མི་སྡེ་འབྲེལ་གཏོགས་འབད་མི་ལུ་བརྟེན་ ཀ་རུ་ཕོ་ལུ་ མི་སེར་ཚུ་གི་དོན་ལུ་ ཡར་རྒྱས་དང་ མཚོ་བ་སྐྱེལ་ཚུགས་པའི་ ས་ཁོངས་ཅིག་ལུ་སྒྱུར་བཅོས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།

རྒྱབ་རྟེན་དཔེ་དེབ།

Alan, A, G. (2024). Discover the cultural richness of Haiti. Published by: Haiti           Wonderland. Retrieved from:

https://haitiwonderland.com/haiti/en/culture/discover-the-cultural-richness-of-   haiti/114

Freedom House. (2024). Haiti. Retrieved from:

https://freedomhouse.org/country/haiti/freedom-world/2024

Fandom. (n.d). Carrefour. Retrieved from: https://haiti.fandom.com/wiki/Carrefour

Gonzalez, A. (2012). Push to make Haiti an e-cash economy fell far short.            Published by: The Seattle Times. Retrieved from: https://special.seattletimes.com/o/flatpages/nationworld/haiti-shaky-recovery-part- 2-earthquake-five-years-later-annivers.html

Privacy Shield Framework. (n.d). Haiti- Trade Agreements. Published by:              International Trade Administration. Retrieved from:                        https://www.privacyshield.gov/ps/article?id=Haiti-Trade-Agreements

Wikipedia. (2025). Carrefour, Haiti. Published by: Creative Commons. Retrieved           from: https://en.wikipedia.org/wiki/Carrefour,_Haiti

Weather Atlas. (2024). Climate and monthly weather forecast Carrefour, Haiti.         Published by: Weather Atlas. Retrieved from:                            https://www.weather-atlas.com/en/haiti/carrefour-climate

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source: Department of Culture and Dzongkha Development.

"https://dz.wikipedia.org/w/index.php?title=ཀ་རུ་ཕོ།_Carrefour&oldid=39572" ལས་ སླར་འདྲེན་འབད་ཡོདཔ།