Jump to content

ཀི་རི་བྷ་ཊི། (Kiribati)

Wikipedia ལས།

ངོ་སྤྲོད་དང་ཆགས་རབས།

ཀི་རི་བྷ་ཊི་འདི་ མཚོ་གླིང་༣༣ ལས་གྲུབ་མི་ པེ་སི་ཕིཀ་(Pacific) རྒྱ་མཚོ་ལྟེ་བའི་ནང་ མཚོ་གླིང་རྒྱལ་ཁབ་ཅིག་ཨིནམ་ད་ དེ་གི་གྲས་ལས་༢༠ རྐྱངམ་གཅིག་ མི་སྡོད་ཡོདཔ་ཨིན་པས། ས་ཆ་ཆུང་ཀུ་ཡོད་རུང་ མཚོ་གླིང་ཚུ་ ཁྱབ་ཆེཝ་སྦེ་ ཁ་སྟོར་ཏེ་ཡོདཔ་ཨིན་པས། མཚོ་གླིང་མང་ཤོས་རང་ ཧ་ཅང་དམའ་བའི་ མཚོ་གླིང་(coral reefs) ཡོདཔ་ཨིན། ས་ཆ་ཡོངས་བསྡོམས་འདི་ ཀི་ལོ་མི་ཊར་༨༡༡ གི་ས་ཁར་ རྒྱ་མཚོའི་ཀི་ལོ་མི་ཊར་༣,༤༤༡,༨༡༠ ལས་ལྷག་སྟེ་ ཡོདཔ་ཨིན། ཀི་རི་བྷ་ཊི་འདི་ གིལ་བརཊ་(Gilbert) དང་ ཨེ་ལིས་(Ellice) མཚོ་གླིང་ཟེར་མི་ བིརི་ཏིཤ་(British) གི་དབང་འོག་ལུ་ཡོད་པའི་ ཆ་ཤེས་ཅིག་ཨིན་པས།  སྤྱི་ལོ་༡༩༧༥ ལུ་ གིལ་བརཊ་(Gilbert) གླིང་ཕྲན་གྱི་མི་ཚུ་གིས་ ཨེ་ལིས་(Ellice) མཚོ་གླིང་ལས་ སོ་སོ་སྦེ་ རང་སོའི་རྒྱལ་ཁབ་ལུ་ ཚོགས་རྒྱན་བཙུགས་ནུག།  མཐའ་མཇུག་ཁར་ སྤྱི་ལོ་༡༩༧༩ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ གིལ་བརཊ་(Gilbert) གླིང་ཕྲན་འདི་ རང་དབང་ཅན་ཅིག་ལུ་འགྱུར་ཏེ་ ཀི་རི་བྷ་ཊི་ཟེར་ མིང་གསརཔ་བཏགས་ནུག། ཀི་རི་བྷ་ཊི་འདི་ ལོ་གཅིག་གི་རིང་ལུ་ ཚ་དྲོད་དང་ རློན་གཤེར་ཅན་ཅིག་ཨིནམ་ལས་ དུས་ཚོད་རློནམ་དང་ སྐམ་པའི་དུས་ཚོད་ཡོདཔ་ཨིན།[]

མི་རློབས་དང་མི་རིགས།

སྤྱི་ལོ་ ༢༠༢༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྡུད་གསརཔ་ལུ་བཞག་སྟེ་འབདཝ་ད་ ཀི་རི་བྷ་ཊི་ལུ་ མི་རློབས་༡༣༥,༩༣༣ ཡོདཔ་ཨིན་པས། ཀི་རི་བྷ་ཊི་གི་ མི་རློབས་ཀྱི་ རྒྱལ་ཁབ་ཀྱི་ཐོ་ནང་ཨང་༡༩༢ པ་འཐོན་ཡོདཔ་ཨིན་པས། ཀི་རི་བྷ་ཊི་གི་མི་རིགས་འདི་ མང་ཤོས་རང་ མའི་ཀོརོ་ནེ་ཤི་ཡཱན་(Micronesian) ཨིན་རུང་ ཁོང་ལུ་ པོ་ལི་ནི་ཤི་ཡཱན་(Polynesian) དང་ མེ་ལ་ནི་ཤ་ཡེན་(Melanesian) གྱི་རིགས་བརྒྱུད་ཡང་ཡོདཔ་ཨིན། འདི་ཡང་ ཁོང་གི་ཕ་བརྒྱུད་ཚུ་གིས་ པེ་ཤི་ཕིཀ་(Pacific) མཚོ་གླིང་གི་ ས་གནས་མ་འདྲཝ་ཚུ་ནང་ལས་ མི་ཚུ་དང་གཅིག་ཁར་ འགྲུལ་སྐྱོད་འབད་དེ་ སླ་བསྲེ་རྐྱབ་སྟེ་ འགྱོ་མི་ལུ་བརྟེན་ཏེ་ཨིན་པས། []

གཞུང་སྐྱོང་ལམ་ལུགས།

ཀི་རི་བྷ་ཊི་ཟེར་མི་འདི་ དམངས་གཙོའི་རྒྱལ་ཁབ་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ འགོ་ཁྲིདཔ་གདམ་ཁ་རྐྱབ་ཨིན། སྲིད་འཛིན་འདི་ འགོ་ཁྲིདཔ་ཁག་ཆེ་ཤོས་ཅིག་ཨིནམ་ལས་ རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་ འགན་ཁུར་འབག་སྟེ་ཡོདཔ་ཨིན་པས། མི་ཚུ་གིས་ ཚོགས་རྒྱན་བཙུགས་ཚུགས་པའི་ སྲིད་དོན་ཚོགས་པ་ སོ་སོ་ཡོདཔ་ཨིན་པས། སྲིད་འཛིན་གྱིས་ བསླབ་སྟོན་པ་སྡེ་ཚན་ཅིག་དང་གཅིག་ཁར་ ལཱ་འབད་དོ་ཡོདཔ་ཨིན་པས། སྤྱི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་དོན་ལུ་ ཁྲིམས་ལུགས་ཚུ་ བརྩམ་དོ་ཡོདཔ་ཨིན་པས། ཁྲིམས་ཁང་ཚུ་ རང་དབང་ཐོག་ལས་ ལཱ་འབད་དོ་ཡོདཔ་མས།

སྤྱི་ལོ་༡༩༧༩ ལུ་ ཀི་རི་བྷ་ཊི་རང་དབང་ཅན་ལུ་ འགྱུར་བའི་སྐབས་ རྒྱལ་ཁབ་ཀྱི་རྩ་ཁྲིམས་འདི་ནང་ མི་སེར་ག་ར་གི་ཐོབ་དབང་སྲུང་སྐྱོབ་འབདཝ་ཨིན། སྲིད་འཛིན་འདི་ རྒྱལ་ཡོངས་ནང་ བཙག་འཐུ་འབད་དེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ནང་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཚུ་ བསྐོ་བཞག་འབདཝ་ཨིན། སྤྱི་ཚོགས་ཀྱི་འཐུས་མི་མེན་མི་ ཚོགས་དཔོན་དེ་ འཐུས་མི་ཚུ་གིས་ བཙག་འཐུ་འབད་ཡོདཔ་ཨིན་པས། ད་རེས་ནངས་པའི་སྤྱི་ཚོགས་ནང་ འཐུས་མི་༤༦ ཡོདཔ་ད་ བཙག་འཐུ་གྲུབ་པའི་འཐུས་མི་༤༤ དང་ ར་བི་(Rabi) ལས་ འཐུས་མི་༡ དང་ རྒྱབ་སྣོན་གྱི་འཐུས་མི་༡ ཡོདཔ་ཨིན་པས། སྤྱི་ལོ་༢༠༠༧ གྱི་བཙག་འཐུ་ལས་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གི་ གྱངས་ཁ་ཡར་སེང་སོང་ཡོདཔ་ཨིན་པས། []

སྐད་ཡིག་དང་ལམ་སྲོལ།

ཀི་རི་བྷ་ཊི་ལུ་སླབ་མི་ སྐད་ཡིག་ངོ་མ་འདི་ གིལ་བར་ཊིས་(Gilbertese) ཟེར་ཨིནམ་ད་ འདི་ལུ་ ཀི་རི་བྷ་ཊིས་(Kiribatese) ཡང་ན་ ཨི་ཀི་རི་བྷ་ཊི་(I-kiribati) ཟེར་ཡང་སླབ་ཨིན་པས།  ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིན་རུང་ རྒྱལ་ས་ལྟེ་བ་ ལྷོ་ཏ་ར་ཝ་གི་ཕྱི་ཁར་ ལག་ལེན་འཐབ་ནི་མེདཔ་ཨིན།  མི་ཚུ་གིས་ ཁ་སླབ་པའི་སྐབས་ ཨིང་སྐད་དང་ གིལ་བར་ཊིས་(Gilbertese) གཅིག་ཁར་ སླ་བསྲེ་རྐྱབ་ཨིན།  ཀི་རི་བྷ་ཊི་(kiribati) གི་མི་རྒས་ཤོས་ཚུ་གིས་ གིལ་བར་ཊིས་(Gilbertese) སྐད་ཡིག་འདི་ མགུ་རྙོག་དྲགས་ཅན་ཅིག་ཨིན་རུང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས། []

ཀི་རི་བྷ་ཊི་གི་ལམ་སྲོལ་འདི་ རང་ལུགས་དང་བཟའ་ཚང་གི་སྐོར་ལས་ཨིན། མི་ཚུ་གིས་ ཁོང་རའི་ལོ་རྒྱུས་དང་ལམ་སྲོལ་ཚུ་ལུ་ བརྩི་མཐོང་ཡོདཔ་ལས་ ཁོང་གིས་ དུས་རྒྱུན་འབད་བའི་ལཱ་ལུ་ དང་འདོད་ཡོདཔ་ཨིན། ཏི་རུ་ག་དེམ་ཅིག་ཡོདཔ་ཨིན་ན་དང་ ཡང་ན་ ག་དེ་སྦེ་མཐར་འཁྱོལ་ཅན་ཨིན་ན་ སྟོན་ནི་ལུ་ སྤྲོ་བ་མེདཔ་ཨིན་པས། དེ་གི་ཚབ་ལུ་ ཁོང་གིས་ མི་སྡེ་ཅིག་སྦེ་ ལཱ་ཚུ་གཅིག་ཁར་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན།  

རང་ལུགས་ཀྱི་གྲུ་ཚུ་ བཟོ་སྐྲུན་དང་ རྒྱུག་འགྲན་འབད་ནི་འདི་ ཁོང་རའི་ལམ་སྲོལ་གྱི་ ཆ་ཤས་སྦོམ་ཅིག་ཨིནམ་ལས་ ཁོང་གིས་ ཁོང་རའི་སྙན་ཆ་དང་ ཞབས་ཁྲ་རྐྱབ་ནི་ལུ་ དགའ་དོ་ཡོདཔ་ཨིན།  དེ་ལས་ ཁོང་གིས་འདི་ཚུ་ ག་འདི་དྲག་ཤོས་ཨིན་ན་ བལྟ་ནིའི་དོན་ལུ་ འགྲན་བསྡུར་ཚུ་ཡང་ འབད་དོ་ཡོདཔ་ད་ དེང་སང་གི་རྩེད་རིགས་ བོ་ལི་བཱོལ་དང་ རྐང་རྩེད་ བཟུམ་སྦེ་ སྤྲོ་བ་བསྐྱེདཔ་ཨིན་པས། ཁོང་གིས་ དུས་རྒྱུན་དུ་ ཁོང་རའི་ལམ་སྲོལ་ཚུ་ བདག་འཛིན་འབད་བཞག་དོ་ཡོདཔ་ཨིན།  དེ་འབདཝ་ལས་ ཀི་རི་བྷ་ཊི་གི་ལམ་སྲོལ་འདི་ རྙིངམ་དང་གསརཔ་གི་ སླ་བསྲེ་ཡོད་མི་ཅིག་ཨིན་པས།[]

དཔལ་འབྱོར་དང་ཚོང་འབྲེལ།

ཀི་རི་བྷ་ཊི་གི་དཔལ་འབྱོར་འདི་ གཙོ་བོ་ར་ ཉ་བཟུང་ནི་དང་ བེ་ཏ་ཕྱིར་ཚོང་འབད་མི་ལུ་ གཞི་བཞག་སྟེ་ཨིན་པས། བ་ན་བ་(Banaba) གླིང་ཕྲན་ནང་ སྐྱུར་ཚྭ་(phosphate) གི་དངུལ་བཙུགས་འདི་ ཧེ་མ་ འོང་འབབ་གཙོ་བོ་ཅིག་ཨིན་རུང་ ད་རེས་ ཉམས་ཏེ་འགྱོ་ཡོདཔ་ཨིན། རྒྱལ་ཁབ་འདི་ ཉ་བཟུང་ནིའི་ཆོག་ཐམ་དང་ ཕྱི་རྒྱལ་གྱི་གྲོགས་རམ་ ཕྱི་རྒྱལ་ལུ་ལཱ་འབད་མི་ མི་སེར་ཚུ་ལས་དངུལ་བསྐྱལ་ནི་ དེ་ལས་ ལྟ་བཤལ་ལས་སྡེ་ཆུང་ཀུ་ཅིག་ལུ་ བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ཀྱི་ཚོང་འབྲེལ་མཉམ་འབྲེལ་པ་གཙོ་བོ་ཚུ་ཡང་ ཨཱོས་ཊེ་ལི་ཡ་(Australia), ནིའུ་ཛི་ལེནཌ་(New Zealand), ཇཱ་པཱན་(Japan) དེ་ལས་ ཡུ་ཨེས་(USA) ཚུ་ཨིན་པས།  ཀི་རི་བྷ་ཊི་ལུ་ དཔལ་འབྱོར་སྣ་ཚོགས་བཟོ་ནི་དང་ ནང་འདྲེན་ལུ་བརྟེན་སྡོད་མི་ལུ་ བློ་གཏད་མར་ཕབ་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།  དཔལ་འབྱོར་གོང་འཕེལ་ཡར་དྲག་གཏང་ནིའི་དོན་ལུ་ ཉ་གསོ་སྐྱོང་ལས་སྡེ་དང་ ལྟ་བཤལ་བཟོ་གྲྭ་ཚུ་ གོང་འཕེལ་བཏང་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། []

དཀའ་ངལ་དང་གདོང་ལེན།

ཀི་རི་བྷ་ཊི་འདི་ པེ་སི་ཕིག་ལུ་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ལས་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ གདོང་ལེན་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན། དེ་གི་ཐག་རིང་དང་ ཐོན་ཁུངས་ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ གཞི་རྟེན་ཡར་དྲག་གཏང་ནི་དང་ དཔལ་འབྱོར་སྒྲིང་སྒྲི་བཟོ་ནི་ལུ་ ལཱ་ཁག་བཏངམ་ཨིན་པས། ལྟ་བཤལ་གྱིས་ འོང་འབབ་འབག་འོང་པའི་སྐབས་ མཐའ་འཁོར་ལུ་གནོད་པ་ཡང་ བྱུང་དོ་ཡོདཔ་ཨིན་པས། ཀི་རི་བྷ་ཊི་གིས་ དཔལ་འབྱོར་སྣ་མང་བཟོ་ནི་དང་ རང་བཞིན་གྱི་མཛེས་ཆ་ཉམས་སྲུང་འབད་བའི་སྐབས་ འོང་འབབ་བཟོ་ནི་གི་ ཐབས་ལམ་གསརཔ་འཚོལ་དགོཔ་ཨིན་པས།  འདི་གི་དོན་ལུ་ གསར་གཏོད་ཀྱི་ཐབས་ཤེས་དང་ རྒྱལ་སྤྱིའི་མཉམ་འབྲེལ་ཚུ་ དགོཔ་ཨིནམ་ད་ དེ་ཡང་ མི་སེར་ཚུ་ལུ་ ཡུན་བརྟན་གྱི་མ་འོངས་པ་བཟོ་ཐབས་ལུ་ཨིན་པས། []

རྒྱལ་ས་ལྟེ་བ་ ཏ་ར་ཝ་ཨ་ཊེལ།

ཀི་རི་བྷ་ཊི་འདི་ མཚོ་གླིང་སྡེ་ཚན་༣༣ གྱིས་བཟོ་ཡོདཔ་ད་ མཚོ་གླིང་ཚུ་ལུ་ མངའ་སྡེ་ཟེར་སླབ་ཨིནམ་ད་ ཏ་ར་ཝ་འདི་ རྒྱལ་ས་ལྟེ་བ་ཅིག་ཨིན། འདི་ཡང་ བྱང་ཏ་ར་ཝ་འདི་ ས་གནས་གཞན་གྱི་མཚོ་གླིང་ཚུ་བཟུམ་སྦེ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། ལྷོ་ཏ་ར་ཝ་འདི་ མི་མང་གིས་ འཛོམས་ཏེ་ཡོདཔ་ལས་ སྤྱི་ལོ་༢༠༡༠ ལུ་ མི་༥༠,༡༨༢ དེ་ཅིག་ སྡོད་ཡོདཔ་ཨིན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ དམག་འཁྲུག་སྦོམ་བྱུང་མི་ལུ་བརྟེན་ ཏ་ར་ཝ་ཡང་ ཡོངས་གྲགས་ཅན་ཅིག་ཨིན།  དེ་ཡང་ མཚོ་གླིང་སྦོམ་ཅིག་དང་ ཆུ་ཀི་ལོ་མི་ཊར་༥༠༠ དེ་ཅིག་ དེ་ལས་ དེ་གི་མཐའ་འཁོར་ལུ་ རྡོ་སྦོམ་ཡོདཔ་ཨིན་པས། []

མཇུག་དོན།

ཀི་རི་བྷ་ཊི་འདི་ མཚོ་གླིང་༣༣ ཡོད་པའི་རྒྱལ་ཁབ་དང་ ལམ་སྲོལ་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན། མི་ཚུ་ སྒྲིང་སྒྲི་ཡོདཔ་ལས་ དཀའ་ངལ་ག་བཟུམ་ཅིག་ཡོད་རུང་ ད་ལྟོ་ཡང་ གནས་སྟངས་འདི་ཚུ་ལས་ ཐར་ཐབས་ལུ་ རེ་བ་དང་ནུས་ཤུགས་ ལེ་ཤ་ཅིག་རང་ ཡོདཔ་ཨིན་པས།

རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན། (References)

  1. https://thecommonwealth.org/our-member-countries/kiribat
  2. https://www.worldometers.info/world-population/kiribati-population/
  3. https://en.m.wikipedia.org/wiki/Politics_of_Kiribati
  4. ༤.༠ ༤.༡ https://en.m.wikipedia.org/wiki/Kiribati
  5. https://thecommonwealth.org/our-member-countries/kiribati
  6. https://farandawayadventures.com/kiribatis-challenges-and-triumphs-in-climate-resilience/
  7. https://www.kiribatitourism.gov.ki/islands-to-explore/tarawa-island/
"https://dz.wikipedia.org/w/index.php?title=ཀི་རི་བྷ་ཊི།_(Kiribati)&oldid=38479" ལས་ སླར་འདྲེན་འབད་ཡོདཔ།