ཀིཊ་ཅེ་ནར། Kitchener

༉ ཀིཊ་ཅེ་ནར་འདི་ ཀེ་ན་ཌའི་ ཨོན་ཊ་རི་ཡོ་གི་མངའ་སྡེའི་ཁྲོང་ཁྱེར་ཅིག་ཨིན། ཁྲོམ་སྡེ་འདི་ ཝ་ཊར་ལུ་དང་ ཀེམ་བིརིཇ་གི་མཉམ་དུ་ ཝ་ཊར་ལུ་གི་ལུང་ཕྱོགས་ཁྲོམ་སྡེ་བཟོ་མི་ ཁྲོམ་སྡེ་གསུམ་གྱི་གྲས་ལས་གཅིག་ཨིན་པས། ཀིཊ་ཅེ་ནར་འདི་ ཝ་ཊར་ལུ་ཀིཊ་ཅེ་ནར་ཀེམ་བིརིཇ་ ཁྲོམ་ཚོགས་ཀྱི་ཆ་ཤས་ཅིག་ཨིནམ་དང་ འདི་ཡང་ ལྷོ་ཕྱོགས་ཨོན་ཊ་རི་ཡོ་ལུ་ དཔལ་འབྱོར་དང་ལམ་སྲོལ་གྱི་ཐད་ཁར་ ཕན་ནུས་ཅན་གྱི་ལུང་ཕྱོགས་ཅིག་ཨིན། འཕྲུལ་རིག་བཟོ་གྲྭ་དང་ ཇར་མ་ནི་གི་སྲོལ་རྒྱུན་སྒྲིང་སྒྲི་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཐོན་མི་ ཀིཊ་ཅེ་ནར་འདི་ རྒྱལ་རབས་ཀྱི་ཐད་ཁར་ ཕྱུགཔོ་དང་ཧུར་བརྩོན་ཡོད་མི་ཅིག་ཨིན།
ཝི་ཀི་པི་ཌི་ཡ་ [༡]དང་འཁྲིལ་བ་ཅིན་ ཀིཊ་ཅེ་ནར་ཁྲོམ་གྱི་རྒྱ་ཁྱོན་ཡོངས་བསྡོམས་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༣༧.༨༦ དེ་ཅིག་ཡོདཔ་ཨིན་ཟེར་བཀོད་དེ་འདུག། ཁྲོམ་འདི་ ཊོ་རོན་ཊོ་ལས་ ནུབ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༠༠ དེ་ཅིག་གི་ས་ཁར་ ཁྲོམ་ཚོགས་དང་ ཁྲོམ་ཟུར་ དེ་ལས་ རང་བཞིན་གྱི་སྔོ་ལྗང་གི་ས་གོ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༢༡ གི་མི་རྩིས་དང་འཁྲིལ་བ་ཅིན་ ཀིཊ་ཅེ་ནར་ལུ་ མི་རློབས་ ༢༥༦,༨༨༥ དེ་ཅིག་ཡོདཔ་དང་ ཝ་ཊར་ལུ་ལུང་ཕྱོགས་སྦོམ་ནང་ མི་རློབས་ ༦༧༣,༩༡༠ ལྷགཔ་ཅིག་ཡོདཔ་ཨིན་ཟེར་བཀོད་ནུག། འདི་ནང་ལས་ མི་རློབས་མང་ཤོས་ཅིག་ར་ ཇར་མ་ནི་དང་ བིརི་ཊིཤ་གི་ རིགས་བརྒྱུད་ལས་ཨིནམ་དང་ ལྷོ་ཨེ་ཤི་ཡ་དང་ རྒྱ་ནག་ མི་རིགས་ནགཔོ་ ལེ་ཊིན་ཨ་མ་རི་ཀ་ དེ་ལས་ ཤར་དབུས་རྒྱལ་ཁབ་ཚུ་གི་ མི་སྡེ་ཚུ་བརྩིས་ཏེ་ ཕྱི་མི་ནང་སྐྱོད་འབད་མི་ཚུ་ཡང་མགྱོགས་དྲགས་སྦེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། དེ་དང་གཅིག་ཁར་ ཧའུ་ཌེ་ནོ་སའུ་ནི་དང་ ཨ་ནི་ཤི་ན་བེ་གི་འཐུས་མི་ཚུ་བརྩིས་ཏེ་ ས་གནས་ཀྱི་མི་ཚུ་ཡང་ སྡོད་དོ་ཡོདཔ་ཨིན་མས།
ཀིཊ་ཅེ་ནར་གི་བྱུང་རབས་འདི་ དུས་རབས་ ༡༨ པ་མཇུག་བསྡུ་ཁམས་ཅིག་ཁར་ པེན་སིལ་ཝེ་ནི་ཡ་གི་མི་ཁུངས་ཨིན་མི་ ཇར་མན་གྱི་ཁ་སྐད་སླབ་ཤེས་མི་ མེ་ནོ་ནའིཊ་གིས་གཞིས་ཆགས་པའི་སྐབས་ལུ་ འགོ་བཙུགས་ཡོདཔ་ཨིན་པས། བྱུང་ཁུངས་ལྟར་དུ་འབད་བ་ཅིན་ སྔོན་མ་ བར་ལིན་ཟེར་སླབ་སྲོལ་ཡོད་མི་ཁྲོམ་འདི་ དུས་རབས་ ༡༩ ནང་ བཟོ་གྲྭ་དང་སོ་ནམ་གྱི་ལྟེ་བ་ཅིག་སྦེ་ རིམ་གྱིས་ཡར་རྒྱས་སོང་ནུག། ལོ་རྒྱུས་ཚུ་གི་བྱུང་རིམ་གཙོ་བོ་ཁག་དག་པ་ཅིག་འདི་ སྤྱི་ལོ་ ༡༩༡༦ ལོར་ འཛམ་གླིང་དམག་ཆེན་དང་པའི་སྐབས་ལུ་ ཇར་མ་ནི་ལུ་རྒྱབ་བརྒལ་འབད་མི་ལུ་བརྟེན་ཏེ་ ཁྲོམ་གྱི་མིང་བར་ལིན་ལས་ ཀིཊ་ཅེ་ནར་ཟེར་ མིང་སྒྱུར་བཅོས་འབད་ནུག། དེ་ལས་ དུས་རབས་ ༡༩ པ་མཇུག་བསྡུ་ཁམས་ཅིག་ཁར་དང་ དུས་རབས་ ༢༠ པ་འགོ་འཙུགས་ཁམས་ཅིག་ཁར་ ཀིཊ་ཅེ་ནར་འདི་ ཁང་ཆས་བཟོ་གྲྭ་དང་འཕྲུལ་རིག་བཟོ་གྲྭ་འཕྲུལ་ཁང་ཚུ་གི་ལྟེ་བ་ཅིག་ལུ་གྱུར་ནུག། དེ་ལས་ ཝ་ཊར་ལུ་གི་ལུང་ཕྱོགས་ཁྲོམ་སྡེ་གཞི་བཙུགས་འབད་མི་འདི་གིས་ ཀིཊ་ཅེ་ནར་འདི་ ཁྱིམ་ཚང་ཁྲོམ་ཚོགས་ཚུ་དང་གཅིག་ཁར་ འཆར་གཞི་དང་ཞབས་ཏོག་ཡར་དྲག་བཏང་ནི་ལུ་ ཕན་ཐོགས་ནུག།
ཀིཊ་ཅེ་ནར་འདི་ ཨོན་ཊ་རི་ཡོ་མངའ་སྡེ་གི་ཆ་ཤས་ཅིག་ཨིནམ་དང་ ཝ་ཊར་ལུ་དང་ ཀེམ་བིརིཇ་བཟུམ་གྱི་ཁྲོམ་ཚོགས་ཚུ་ཚུད་པའི་ ཝ་ཊར་ལུ་ལུང་ཕྱོགས་ཀྱི་ལྟེ་བའི་ཆ་ཤས་ཅིག་ཨིན། ཀིཊ་ཅེ་ནར་འདི་ ཁྲོམ་དཔོན་དང་ཚོགས་སྡེའི་ལམ་ལུགས་ཀྱིས་ འཛིན་སྐྱོང་འཐབ་ཨིན། ཁྲོམ་སྡེ་ཚོགས་སྡེ་ནང་ ཁྲོམ་དཔོན་དང་ རྒེད་འོག་སོ་སོའི་ངོ་ཚབ་སྦེ་ ཚོགས་སྡེའི་འཐུས་མི་ ༡༠ ཡོདཔ་ཨིན། ལུང་ཕྱོགས་གནས་ཚད་ནང་ ཝ་ཊར་ལུ་ལུང་ཕྱོགས་ཀྱིས་ སྐྱེལ་འདྲེན་དང་མི་མང་གསོ་བ་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་བཟུམ་གྱི་ ཞབས་ཏོག་རྒྱ་ཆེཝ་སྦེ་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས། ཀིཊ་ཅེ་ནར་གིས་ སྤྱིར་བཏང་ལུ་ སྲིད་དོན་གྱི་ཐད་ཁར་ བར་མཚམས་ཅན་གྱི་འཐུས་མི་ཚུ་ མངའ་སྡེ་དང་སྤྱི་གཞུང་གནས་ཚད་ནང་ལུ་ རང་དབང་ཅན་དང་ རྙིང་མའི་ཚོགས་པ་ དེ་ལས་ དམངས་གཙོའི་ཚོགས་པ་གསརཔ་གི་འཐུས་མི་ཚུ་གིས་ ངོ་ཚབ་འབད་དེ་ཡོདཔ་ཨིན།
ཀིཊ་ཅེ་ནར་ལུ་ སྐད་ཡིག་གཙོ་བོ་ར་ ཨིང་སྐད་ཨིནམ་དང་ སྐད་ཡིག་འདི་ མང་ཤོས་ཅིག་གི་ར་ཕ་སྐད་ཨིན་པས། ཨིན་ཏེ་འབད་རུང་ ཇར་མ་ནིའི་སྐད་ཡིག་འདི་ བྱུང་རབས་ཀྱི་རྩ་བ་ཡོདཔ་ལས་ ད་ལྟོ་ཡང་ མི་སེར་ལ་ལུ་ཅིག་གིས་སླབ་དོ་ཡོདཔ་ཨིན། གཞན་ཡང་སྤྱིར་བཏང་སླབ་མི་སྐད་ཡིག་ཚུ་ཡང་ པཱན་ཇ་བི་དང་ ཨ་ར་བིཀ་ དེ་ལས་ མན་ཏྲིན་དང་ ཨིས་པེ་ནིཤི་ཚུ་ཨིནམ་དང་ འདི་གིས་ ཁྲོམ་ཚོགས་འདི་ནང་ ལམ་སྲོལ་སྣ་ཚོགས་ཀྱི་མི་རློབས་ཡར་སེང་འགྱོ་དོ་ཡོདཔ་སྦེ་སྟོནམ་ཨིན། ཀིཊ་ཅེ་ནར་འདི་ ཇར་མ་ནི་གི་སྲོལ་རྒྱུན་སྒྲིང་སྒྲི་ཡོད་མི་ཅིག་སྦེ་ཡོངས་གྲགས་ཡོདཔ་དང་ འདི་ཡང་ བྱང་ཨ་མ་རི་ཀ་ལུ་ བཱ་ཝ་རི་ཡན་གི་དུས་སྟོན་སྦོམ་ཤོས་ཅིག་ཨིན་མི་ ཀིཊ་ཅེ་ནར་ཝ་ཊར་ལུ་ཨོག་ཊོ་བར་ཕེསཊ་གི་ཐོག་ལས་ཨིན་མས། རིག་གནས་གཞན་ཡང་ ཀིཊ་ཅེ་ནར་ཝ་ཊར་ལུ་སིམ་ཕོ་ནི་དང་ འགྲེམས་སྟོན་ཁང་བཟུམ་གྱི་གཙུག་སྡེ་ཚུ་ཡོད་པའི་ སྒྱུ་རྩལ་དང་སྙན་ཆའི་མཐོང་སྣང་ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། ལོ་བསྟར་གྱི་ལས་རིམ་ སྣ་མང་ལམ་སྲོལ་དུས་སྟོན་དང་ དུས་སྟོན་སྔོན་པོ་ཚུ་གིས་ ཁྲོམ་སྡེ་གི་ལམ་སྲོལ་སྣ་ཚོགས་ཚུ་ གསལ་སྟོན་འབདཝ་ཨིན། ཇོ་སེབ་ཤ་ནའི་ཌར་ཧའུས་བཟུམ་གྱི་ བྱུང་རབས་ཀྱི་ས་ཁོངས་ཚུ་གིས་ མེ་ནོ་ནའིཊ་གི་ཧེ་མའི་མི་ཚེ་འདི་ གསལ་སྟོན་འབདཝ་ཨིན་པས།
དེ་ལས་ རྩེད་རིགས་དང་ལུས་རྩལ་འདི་ ཀིཊ་ཅེ་ནར་གྱི་མི་ཚེ་གི་ཆ་ཤས་གཙོ་བོ་ཅིག་ཨིན། ཨོན་ཊ་རི་ཡོ་གི་འདེད་རིལ་མཐུན་ཚོགས་ནང་ (OHL) འཁྱེག་ཧོ་ཀི་སྡེ་ཚན་ཆུང་བ་གཙོ་བོ་ཨིན་མི་ ཀིཊ་ཅེ་ནར་རེན་ཇར་འདི་ ས་གནས་དགའ་ཤོས་ཅིག་ཨིན་མས། ཁྲོམ་སྡེ་འདི་ནང་ རྐང་རྩེད་དང་ བཱསི་ཀེཊ་བཱོལ་ བེསི་བཱོལ་ དེ་ལས་ འཁར་རིལ་ཚུ་བརྩིས་ཏེ་ སྤྲོ་བའི་རྩེད་རིགས་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། དེ་ལས་ གླིང་ག་དང་ལམ་འགྲུལ་ལེ་ཤ་ཅིག་གིས་ རྐང་འཁོར་བཏང་ནི་དང་ རྐང་འགྲོས་འབད་ནི་ དེ་ལས་ རྒྱུག་ནི་ལ་སོགས་པའི་ ཕྱི་ཁའི་ལས་རིམ་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན། ཀིཊ་ཅེ་ནར་གི་བཟའ་འཐུང་གིས་ ལམ་སྲོལ་མ་འདྲཝ་ཚུ་ཡང་ གསལ་སྟོན་འབདཝ་ཨིན། འདི་ཡང་ ཇར་མ་ནི་གི་རང་ལུགས་ཀྱི་བཟའ་འཐུང་ ཤ་ནི་ཟེལ་དང་ བརཏ་ཝརསཊ་ དེ་ལས་ པེརེཊ་ཟེལ་ཚུ་ ཨོག་ཊོ་བར་ཕེསཊ་དང་ ས་གནས་ཀྱི་བཟའ་ཁང་ཚུ་ནང་ཡོངས་གྲགས་ཡོདཔ་ཨིན། རྒྱ་གར་དང་ཝི་ཨེཏ་ནམ་ ཤར་དབུས་ ཀེ་རི་བི་ཡན་ དེ་ལས་ ཨི་ཐོ་པི་ཡ་གི་ཟ་འཐུང་ཚུ་རྩིས་ཏེ་ རྒྱལ་སྤྱིའི་བཟའ་འཐུང་མ་འདྲཝ་ཚུ་ ཐོབ་ཚུགསཔ་ཨིན་པས། ས་གནས་ཀྱི་སོ་ནམ་པ་ཚུ་གི་ཚོང་ཁང་ ཀིཊ་ཅེ་ནེར་གི་ཚོང་ཁྲོམ་བཟུམ་ཚུ་ནང་ ཐོན་སྐྱེད་གསརཔ་དང་ ལག་བཟོའི་ཅ་ཆས་ཚུ་ བཙོང་དོ་ཡོདཔ་ཨིན་པས།
ཀིཊ་ཅེ་ནར་འདི་ བཟོ་སྐྲུན་ལུ་གཞི་བཞག་པའི་དཔལ་འབྱོར་ལས་ འཕྲུལ་རིག་དང་དངུལ་འབྲེལ་ དེ་ལས་ ཤེས་རིག་ལུ་གཞི་བཞག་པའི་དཔལ་འབྱོར་ལུ་འགྱུར་བཅོས་འགྱོ་སྟེ་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ་[༡] དང་འཁྲིལ་བ་ཅིན་ ཁྲོམ་འདི་ ཀེ་ན་ཌ་གི་ འཕྲུལ་རིག་ཟུར་གསུམ་གི་ཆ་ཤས་ཅིག་ཨིན། འདི་ཡང་ གུ་གཱལ་དང་ ཨོ་པཱན་ཊེགསི་ དེ་ལས་ ཝིཌི་ཡརཌ་བཟུམ་གྱི་ ལས་སྡེ་སྦོམ་ཚུ་གི་ ཡིག་ཚང་དང་ ལཱ་འབད་སའི་ཁྱིམ་ཅིག་ཨིན་ཟེར་བཀོད་དེ་འདུག། ཀོ་ནེསི་ཊོ་ག་མཐོ་རིམ་སློབ་གྲྭ་དང་ ཉེ་འདབས་ལུ་ཡོད་པའི་ ཝ་ཊར་ལུ་གཙུག་ལག་སློབ་སྡེ་དང་ ཝིལ་ཕིརཌ་ལཱུ་རི་ཡར་གཙུག་ལག་སློབ་སྡེ་ཚུ་གིས་ཡང་ ཞིབ་འཚོལ་དང་ གསར་བཏོད་འབད་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས། ལྷོ་ཕྱོགས་ཨོན་ཊ་རི་ཡོ་ལུ་ཡོད་པའི་ ཀིཊ་ཅེ་ནར་གི་ས་གནས་ལྟེ་བ་འདི་གིས་ ཚོང་འབྲེལ་གྱི་ལྟེ་བ་གལ་ཅན་ཅིག་ལུ་འགྱུར་དོ་ཡོདཔ་ཨིན། གཞུང་ལམ་དང་རེ་ལི་བརྒྱུད་དེ་ ཊོ་རོན་ཊོ་དང་ ཧེ་མིལ་ཊོན་ དེ་ལས་ ཌི་ཊི་རོ་ཊི་ཚུ་ལུ་ མཐུད་ལམ་སྒྲིང་སྒྲི་ཡོདཔ་ལས་ ལུང་ཕྱོགས་འདི་ལུ་ བཟོ་གྲྭ་ཕྱིར་ཚོང་དང་ འཕྲུལ་རིག་ཞབས་ཏོག་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་ལས་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན། དེ་མ་ཚད་ ས་གནས་ཀྱི་ཚོང་འབྲེལ་ལུ་ དེང་སང་གི་ཚོང་འབྲེལ་ལྟེ་བ་དང་ བཟོ་གྲྭའི་གླིང་ག་ དེ་ལས་ ཚོང་འབྲེལ་ཆུང་བ་ཚུ་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་འདི་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ ཀིཊ་ཅེ་ནར་ལུ་ གདོང་ལེན་ལེ་ཤ་ཅིག་ར་ཡོདཔ་ཨིན། དེ་ཡང་ ཡར་རྒྱས་མགྱོགས་དྲགས་ལས་བརྟེན་ སྡོད་ཁྱིམ་མ་ལངས་པའི་དཀའ་ངལ་དང་ ཁང་གླའི་གོང་ཚད་ཡར་སེང་འགྱོ་ཡོདཔ་ཨིན། དེ་ལས་ མི་རློབས་ཡར་སེང་འགྱོ་མི་ལུ་བརྟེན་ གཞི་རྟེན་མཐུན་རྐྱེན་ཚུ་ ལང་མ་ཚུགས་པའི་དཀའ་ངལ་ཡང་ཡོདཔ་ཨིན། སེམས་ཁམས་འཕྲོད་བསྟེན་དང་ ཁྱིམ་མེད་མི་ དེ་ལས་ འོང་འབབ་དམའ་བའི་བཟའ་ཁང་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ཞབས་ཏོག་ཚུ་དགོཔ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཆུ་རུད་ཀྱི་ཉེན་ཁ་དང་གནམ་གཤིས་ཚབས་ཆེན་གྱིས་ ཁྲོམ་སྡེའི་འཆར་གཞི་དང་ མི་མང་ཉེན་སྲུང་ལུ་ཐོ་ཕོགཔ་ཨིན།
ཀིཊ་ཅེ་ནར་འདི་ རྒྱལ་རབས་ཕྱུགཔོ་དང་ མ་འོངས་པའི་གསར་གཏོད་གཉིས་ཆ་རའི་ འགན་ཁུར་འབག་ཚུགས་པའི་ཁྲོམ་ཚོགས་ཅིག་སྦེ་ བཟོ་ཡོདཔ་ཨིན། མི་རློབས་མ་འདྲཝ་དང་ དཔལ་འབྱོར་ དེ་ལས་ ལམ་སྲོལ་ཚུ་ ཡར་རྒྱས་འགྱོ་སྟེ་ཡོདཔ་ལས་ དེང་སང་གི་ ཨོན་ཊ་རི་ཡོ་བཟོ་ནི་ལུ་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན། འཕྲོ་མཐུད་དེ་ར་ ཡར་རྒྱས་དང་མཐུན་སྒྲིག་འབད་བའི་བསྒང་ལས་ ཀིཊ་ཅེ་ནར་འདི་ ཀེ་ན་ཌ་གི་སྦུག་ལུ་ ལམ་སྲོལ་དང་ཡར་རྒྱས་ཀྱི་ ཁྱད་པར་ཅན་གྱི་སླ་བསྲེ་ཅིག་སྦེ་ལུས་ནུག།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།