Jump to content

ཀིའུ་བེག་ཁྲོམ་སྡེ། Quebec City

Wikipedia ལས།

༉ ཀིའུ་བེག་ཁྲོམ་སྡེ་འདི་ ཀེ་ན་ཌའི་ ཀིའུ་བེག་གི་མངའ་སྡེའི་རྒྱལ་ས་སྟེ་བ་ཨིན། སྤྱི་ལོ་ ༡༦༠༨ ལུ་ ཕཱརནསི་གི་འཚོལ་ཞིབ་པ་ སེ་མུའུ་ཨེལ་ཌི་ཅེམ་པ་ལེན་གྱིས་ གཞི་བཙུགས་འབད་མི་ ཁྲོམ་སྡེ་འདི་ བྱང་ཨ་མི་རི་ཀ་གི་ཁྲོམ་ཚོགས་རྙིང་ཤོས་ཅིག་ཨིནམ་མ་ཚད་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་རྒྱུན་གྱི་ས་ཁོངས་ཅིག་ཨིན། བཙན་རྫོང་གི་གྱང་དང་ རྡོ་ཅུང་གི་ཁྲོམ་ལམ་ དེ་ལས་ ཕཱརནསི་གི་སྲོལ་རྒྱུན་ཕྱུགཔོ་ཚུ་གི་དོན་ལུ་ ཡོངས་གྲགས་ཡོད་མི་ ཀིའུ་བེག་ཁྲོམ་སྡེ་འདི་ ཀེ་ན་ཌ་ལུ་ ལམ་སྲོལ་དང་ གཞུང་སྐྱོང་ དེ་ལས་ ལྟ་བཤལ་གྱི་ལྟེ་བ་གཙ་བོ་ཅིག་ཨིན་པས།

ཝི་ཀི་པི་ཌི་ཡ་ []དང་འཁྲིལ་བ་ཅིན་ ཀིའུ་བེག་ཁྲོམ་སྡེ་གི་ས་ཆ་ཡོངས་བསྡོམས་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༤༨༥.༧༧ དེ་ཅིག་ཡོདཔ་ཨིན་ཟེར་བཀོད་དེ་འདུག། ཁྲོམ་སྡེ་འདི་ སེནཊ་ལོ་རེནསི་གཙང་ཆུ་གི་བྱང་ཕྱོགས་ལུ་ཆགས་ཡོདཔ་དང་ གཙང་ཆུའི་མཐའ་མའི་ཐང་ལས་ མཐོཝ་སྒང་ཚུན་ཚོད་ ས་ཆ་མ་འདྲཝ་ཚུ་ཡོདཔ་ཨིན། ཞིབ་འཚོལ་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༡ ལུ་ ཀིའུ་བེག་ཁྲོམ་སྡེ་ནང་ མི་རློབས་སྟོང་ཕྲག་ ༥༤༩,༤༥༩ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་དང་ ཁྲོམ་ཆེན་ནང་ མི་རློབས་སྟོང་ཕྲག་ ༨༣༩,༣༡༡ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་ནུག། མི་བོར་ཞིབ་རྩིས་ཀྱི་ཐད་ཁར་ ཕཱརེནསི་གི་ཀེ་ནེ་ཌི་ཡན་ཚུ་གིས་ མི་རློབས་ཕྱེད་ཀ་དབང་དོ་ཡོདཔ་དང་ ཨི་རིཤ་དང་ མི་རིགས་དང་པོ་ དེ་ལས་ ལེ་ཊིན་མ་ཨ་རི་ཀ་དང་ ཨཕ་རི་ཀ་ དེ་ལས་ ཨེ་ཤི་ཡན་གྱི་མི་སྡེ་ཆུང་ཀུ་སྦེ་ཡོད་རུང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས། ཁྲོམ་སྡེ་འདི་ནང་ མི་རློབས་བརྒྱ་ཆ་ ༩༥ དེ་ཅིག་གིས་ ཕཱརནསི་གི་སྐད་ཡིག་འདི་ སྐད་ཡིག་དང་པ་སྦེ་སླབ་ཨིན། ཀེ་ན་ཌ་ལུ་ ཀིའུ་བེག་ཁྲོམ་ཚོགས་འདི་ ཀིའུ་བེག་མངའ་སྡེ་གི་ཆ་ཤས་ཅིག་ཨིན། བདག་སྐྱོང་ཐོག་ལས་ ཁྲོམ་འདི་ ཁྲོམ་སྡེ་དྲུག་ལུ་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ ལ་སི་ཊི་ལོ་མོ་ལུ་ སེནཊ་ཕོའི་སི་ལེ་རི་ཀེབ་རུག་ ལེ་སི་རི་ཝི་ཡར་ ཅཱར་ལིས་བོརག་ བིའུ་པོརཊ་ དེ་ལས་ ལ་ཧའུ་ཊི་སེནཊ་ཅཱར་ལིས་ཚུ་ཨིན་པས།

ཀིའུ་བེག་ཁྲོམ་སྡེ་གི་འབྱུང་ཁུངས་འདི་ སྤྱི་ལོ་ ༡༦༠༨ ལུ་ སེ་མུའུ་ཨེལ་ཌི་ཅེམ་པ་ལེན་གྱིས་ ཀིའུ་བེག་གི་སྡོད་གནས་ཟེར་མི་ གཏན་འཇགས་གཞིས་ཆགས་གཞི་བཙུགས་འབད་བའི་སྐབས་ལུ་ ཚོང་འབྲེལ་གྱི་ས་གོ་གཙོ་བོ་དང་ ནིའུ་ཕཱརནསི་གི་ དམག་སྡེ་གི་བཙན་རྫོང་སྦེ་ཕྱག་ཞུ་ནུག། རྒྱལ་རབས་ནང་ལུ་ ཁྲོམ་འདི་གིས་ ཕཱརནསི་དང་ བིརི་ཊེན་གཉིས་ཀྱི་བར་ན་ དབང་འོག་དམག་འཁྲུག་ནང་ འགན་ཁུར་སྦོམ་སྦེ་རང་འབག་ནུག། ཁྲོམ་སྡེ་གི་ལོ་རྒྱུས་དང་བྱུང་རིམ་གཙོ་བོ་ ཁག་དག་པ་ཅིག་བཀོད་པ་ཅིན་ སྤྱི་ལོ་ ༡༧༥༩ ལུ་ ཨབ་ར་ཧམ་གྱི་ཐང་ཆེན་གྱི་དམག་འཁྲུག་གི་སྐབས་ལུ་ བིརི་ཊིཤ་གི་དམག་སྡེ་གིས་ དམག་དཔོན་ཇེམསི་ཝོལཕ་གིས་འགོ་འཁྲིད་འབད་དེ་ མར་ཀུའིསི་ཌི་མོན་ཀཱལམ་གྱིས་འགོ་འཁྲིད་འབད་མི་ ཕཱརནསི་གི་དམག་མི་ཚུ་ ཕམ་བཏང་བའི་ཤུལ་ལུ་ ཀིའུ་བེག་འདི་ བིརི་ཊིཤ་གི་དམག་སྡེ་གི་དབང་འོག་ལུ་བསྡུ་ནུག། དེ་ལས་ པེ་རིསི་གི་ཆིངས་ཡིག་ སྤྱི་ལོ་ ༡༧༦༣ ལུ་ གནང་བའི་སྐབས་ ཕཱརནསི་གིས་ ཀིའུ་བེག་བརྩིས་ཏེ་ བྱང་ཨ་མི་རི་ཀ་གི་མངའ་ཁོངས་མང་ཤོས་ར་ བིརི་ཊེན་ལུ་སྤྲོད་ནུག། སྤྱི་ལོ་ ༡༧༧༤ ལུ་ ཀིའུ་བེག་གི་བཅའ་ཁྲིམས་འགོ་བཙུགས་མི་འདི་གིས་ ཕཱརནསི་་གི་ཞི་བའི་ཁྲིམས་ལུགས་དང་ དབང་ཚད་ལམ་ལུགས་ དེ་ལས་ ཀིའུ་བེག་ལུ་ཡོད་པའི་ ཀེ་ཐོ་ལིག་ཆོས་ལུགས་ཚུ་ ཉམས་སྲུང་འབད་དེ་ མངའ་སྡེ་གི་ངོ་རྟགས་མ་འདྲཝ་ལུ་ ཤན་ཞུགས་འབད་ནུག། ཤུལ་ལས་ སྤྱི་ལོ་ ༡༨༣༧-༡༨༣༨ གི་ལོར་ ཕཱརནསི་ཀེ་ནེ་ཌན་གྱི་མི་སེར་ཚུ་གིས་ དམངས་གཙོའི་གཞུང་སྐྱོང་འཚོལ་བའི་སྐབས་ལུ་ སྲིད་དོན་གྱི་སྟབས་མ་བདེཝ་ཐོན་མི་འདི་གིས་ མཚོན་ཆ་ཐོག་ལས་ ངོ་བརྒལ་འབད་ཡོད་པའི་ལོ་རྒྱུས་ཡང་བཤད་དེ་འདུག། རྒྱལ་ཁབ་ ཡང་ན་ མངའ་སྡེ་ག་ཅི་གི་ཐད་ཁར་ཡང་ ཀིའུ་བེག་ཁྲོམ་ཚོགས་འདི་ དམག་མི་དང་བདག་སྐྱོང་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཁག་ཆེ་ཤོས་སྦེ་བཞག་ནུག།

ཀིའུ་བེག་ཁྲོམ་སྡེ་འདི་ ཁྲོམ་དཔོན་དང་ ཚོགས་སྡེའི་ལམ་ལུགས་འོག་ལུ་ ལཱ་འབདཝ་ཨིན། དེ་ཡང་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་འདི་ མི་སེར་ཚུ་གིས་བཙག་འཐུ་འབདཝ་ཨིན་པས། སྲིད་དོན་གྱི་ཐད་ལུ་ ཀིའུ་བེག་ཁྲོམ་ཚོགས་འདི་ ཧེ་མ་ གཡས་ཕྱོགས་ཚོགས་པ་ཚུ་ལུ་ གཙོ་བོར་བསྟེན་ཡོདཔ་ཨིན་རུང་ སྤྱིར་བཏང་ལུ་ ཀིའུ་བེག་མངའ་སྡེ་གིས་ རྒྱལ་ཁབ་ཀྱི་རང་དབང་དང་འབྲེལ་བའི་ལྟ་བ་ཚུ་ འཕྲལ་འཕྲལ་ར་འགྲེམས་སྟོན་འབདཝ་ཨིན། མངའ་སྡེའི་གནས་ཚད་ནང་ལུ་ ཀིའུ་བེག་ལུ་ ཕཱརནསི་གི་སྐད་ཡིག་གི་ཐོབ་དབང་དང་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ གཙོ་བོར་བསྟེན་མི་ གཞན་དང་མ་འདྲ་བའི་ སྲིད་དོན་ངོ་རྟགས་ཅིག་ཡོདཔ་ཨིན། ཕཱརེནཆི་འདི་ ཀིའུ་བེག་ཁྲོམ་སྡེ་གི་གཞུང་འབྲེལ་སྐད་ཡིག་ཅིག་ཨིནམ་ལས་ མི་རློབས་མང་ཤོས་ཅིག་གིས་ར་ སླབ་དོ་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ་ (༢༠༢༥) དང་འཁྲིལ་བ་ཅིན་ མི་སེར་བརྒྱ་ཆ་ ༩༥ ལྷགཔ་གིས་ ཕཱརེནཆི་སྐད་ཡིག་འདི་ ཕ་སྐད་ཨིན་པའི་ཁར་ ཨིང་སྐད་སླབ་མི་དང་ སྐད་ཡིག་སྣ་ཚོགས་སླབ་མི་ མི་ངོ་ཆ་ཚང་ཡོད་རུང་ གྱངས་ཁ་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ཨིན་ཟེར་བཀོད་དེ་འདུག། སྐད་ཡིག་གཉིས་ལྡན་ ཕཱརནསི་དང་ཨིང་ལིཤ་འདི་ དམིགས་བསལ་གྱིས་ ལྟ་བཤལ་དང་ཚོང་འབྲེལ་གྱི་ ལས་སྡེ་ཚུ་ནང་ ཁྱབ་ཆེཝ་སྦེ་ འགྱོ་དོ་ཡོདཔ་ཨིན་པས།

ཀིའུ་བེག་ཁྲོམ་འདི་ ཕཱརེནསི་དང་ཀེ་ན་ཌའི་ལམ་སྲོལ་གྱི་ སྤྲོ་སྣང་ཅན་གྱི་ལྟེ་བ་ཅིག་ཨིན། ཁྲོམ་འདི་ནང་ སྲོལ་རྒྱུན་དང་རིག་གཞུང་གི་བྱེད་སྒོ་ཁག་ཡང་ ཀར་ནི་ཝལ་ཌི་ཀིའུ་བེག་ཟེར་ འཛམ་གླིང་ནང་ གནམ་བྱཱར་གྱི་དུས་སྟོན་སྦོམ་ཤོས་དང་ ཡོངས་དྲགས་ཅན་ཅིག་ཨིན། དེ་ལས་ སེནཊ་ཇིན་བཱ་པི་ཊིསི་ཊི་ཉིནམ་ཟེར་ ཀིའུ་བེ་ཀོའིས་གི་ངོ་རྟགས་དང་ལམ་སྲོལ་གྱི་དུས་སྟོན་སྦོམ་ཤོས་ཅིག་ཨིན་པས། དེ་མ་ཚད་ ཡོངས་གྲགས་ཅན་གྱི་སྙན་ཆའི་དུས་སྟོན་ཟེར་ རང་ལུགས་ཀྱི་སྙན་ཆ་དང་ སྲུང་བཤད་ ཀེ་ཐོ་ལིག་དུས་སྟོན་དང་ ས་གནས་ཀྱི་ཤན་ཞུགས་ཚུ་ ཁྲོམ་སྡེ་གི་ལམ་སྲོལ་གྱི་མི་ཚེ་ནང་ ཁག་ཆེ་བའི་གནད་དོན་ཅིག་ཨིན་པས། སྔོན་མའི་དུས་སྐབས་ཀྱི་ཀིའུ་བེག་གི་ བཟོ་རིགས་ཉམས་སྲུང་འབད་མི་འདི་གིས་ཡང་ ཁྲོམ་སྡེ་འདི་གི་ བྱུང་རབས་ཀྱི་རྩ་བ་ལུ་ ཁས་བླངས་འབད་མི་འདི་ གསལ་སྟོན་འབདཝ་ཨིན།

རྩེད་རིགས་འདི་ ཀིའུ་བེག་ཁྲོམ་གྱི་ལམ་སྲོལ་གྱི་ ཁག་ཆེ་བའི་ཆ་ཤས་ཅིག་ཨིན། དེ་ཡང་ འཁྱེག་ཧོ་ཀི་འདི་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ཨིནམ་དང་ འདི་ཡང་ བྱུང་རབས་ནང་ལུ་ ཀིའུ་བེག་ནོར་ཌིཀསི་བཟུམ་གྱི་སྡེ་ཚན་ཚུ་གིས་ ངོ་ཚབ་འབད་དེ་ ད་རེས་ ཀིའུ་བེག་རེམ་པརཊ་གིས་ ངོ་ཚབ་འབདཝ་ཨིན།  གཞན་ཡང་ ཡོངས་དྲགས་ཅན་གྱི་རྩེད་རིགས་ཚུ་ཡང་ རྐང་རྩེད་དང་ གངས་ཤུད་རྐྱབ་ནི་ དེ་ལས་ རོ་ཁྱི་དང་འབྲེལ་བའི་འཁྱེག་འགྲུལ་གཏང་ནི་བཟུམ་གྱི་ རང་ལུགས་ཀྱི་ལས་རིམ་ཚུ་གིས་ ཀིའུ་བེག་གི་དགུན་དུས་རྩེད་རིགས་ཀྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབདཝ་ཨིན། ཀིའུ་བེག་ཁྲོམ་སྡེ་གི་བཟའ་འཐུང་ཚུ་ ཀེ་ན་ཌ་དང་ རྒྱལ་ཁབ་ནང་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ ཕཱརནསི་གི་རྩ་བ་ གསལ་སྟོན་འབདཝ་ཨིན་པས། ཡོངས་གྲགས་ཅན་གྱི་ཟས་རིགས་ཡང་ པའུ་ཊིན་ཟེར་ ཕེརེནཆི་ཕིརིསི་ མར་ཁུ་ནང་བླུགས་ཏེ་ཡོདཔ་དང་ དེ་ལས་ ཊོར་ཊི་ཡར་ཟེར་ ངལ་གསོའི་སྐབས་ལུ་ འཕྲལ་འཕྲལ་ར་ བཞེས་སྒོ་འབད་མི་ རང་ལུགས་ཀྱི་ཤ་གི་བཞེས་སྒོ་ཅིག་ཨིན། སྲནམ་གྱི་ཁུ་བ་དང་ ཀྲེ་ཊོན་ཚུ་ཡང་ སྔར་སྲོལ་གྱི་བཟའ་འཐུང་ཨིན་པའི་ཁར་ མེ་པལ་སྨན་ཁུ་དང་ རི་དྭགས་སེམས་ཅན་ མཚོ་ཟས་ དེ་ལས་ ལག་བཟོའི་དར་ཚི་ཚུ་ལག་ལེན་འཐབ་མི་འདི་གིས་ ཁྲོམ་སྡེ་གི་བཟའ་འཐུང་གི་ཁྱད་ཆོས་སྟོནམ་ཨིན།

ཀིའུ་བེག་ཁྲོམ་སྡེ་གི་དཔལ་འབྱོར་འདི་སྒྲིང་སྒྲི་ཡོད་པའི་ཁར་ ཝི་ཀི་པི་ཌི་ཡ་ (༢༠༢༥) དང་འཁྲིལ་བ་ཅིན་ ལས་ཁུངས་གཙོ་བོ་ཚུ་ཡང་ མི་མང་བདག་སྐྱོང་དང་ ཉེན་བཅོལ་ འཕྲུལ་རིག་ ལྟ་བཤལ་ དེ་ལས་ བཟོ་སྐྲུན་ཚུ་ཨིན་ཟེར་བཀོད་དེ་འདུག། ཁྲོམ་སྡེ་འདི་ལུ་ ཞབས་ཏོག་ལས་སྡེ་སྒྲིང་སྒྲི་ཡོད་མི་དང་ གཞུང་དང་འབྲེལ་བའི་ལཱ་གཡོག་ཚུ་ མཐོ་དྲགས་སྦེ་ཡོད་མི་ལུ་བརྟེན་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིནམ་དང་ ལོ་བསྟར་བཞིན་དུ་ མི་ས་ཡ་ལས་བཅད་དེ་ རྒྱལ་རབས་ཅན་གྱི་ས་ཁོངས་ཚུ་ནང་ ལྟ་བསྐོར་འབད་དོ་ཡོདཔ་ཨིན་པས། དེ་ལས་ ཀིའུ་བེག་ཁྲོམ་གྱི་ས་གནས་ སེནཊ་ལོ་རེནསི་གི་ གཙང་ཆུ་བདའ་སྟེ་ཡོད་མི་འདི་གིས་ རྒྱལ་རབས་དང་འཁྲིལ་ཏེ་ ཐབས་བྱུས་ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་བཟོ་ཡོདཔ་ཨིན། ཀིའུ་བེག་གི་གྲུ་ཁ་འདི་ ཅ་ཆས་སྐྱེལ་འདྲེན་དང་ མཚོ་འགྲུལ་གྲུ་ དེ་ལས་ ཚོང་འབྲེལ་གྱི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན་པས། ཕྱིར་ཚོང་ནང་ རང་བཞིན་ཐོན་སྐྱེད་དང་ བཟའ་འཐུང་ཐོན་སྐྱེད་ དེ་ལས་ འཕྲུལ་རིག་ཞབས་ཏོག་ཚུ་ ཚུདཔ་ཨིན་པས། ཁྲོམ་གྱི་དཔལ་འབྱོར་འབྲེལ་ལམ་འདི་ བྱང་ཨ་མི་རི་ཀ་དང་ རྒྱལ་སྤྱིའི་ནང་ལུ་དམིགས་བསལ་གྱིས་ ཕེརེནཆི་གི་ཁ་སྐད་སླབ་མི་རྒྱལ་ཁབ་ཚུ་ནང་ལུ་ཁྱབ་སྟེ་ཡོདཔ་ཨིན་པས།

ཀིའུ་བེག་ཁྲོམ་སྡེ་འདི་ སྟོབས་ཤུགས་དང་ལྡན་རུང་ དེ་དང་འབྲེལ་བའི་གདོང་ལེན་ལེ་ཤ་ཅིག་ར་ཡོདཔ་ཨིན། དེ་ཡང་ མི་རློབས་རྒས་ཤོས་ ཡར་སེང་འགྱོ་མི་འདི་གིས་ གསོ་བའི་ཞབས་ཏོག་ཚུ་ལུ་ དཀའ་ངལ་འབྱུངམ་ཨིནམ་དང་ གཞུང་དང་མི་མང་བདག་སྐྱོང་གྱི་ལཱ་གཡོག་ལུ་ བློ་གཏད་ཚད་ལས་བརྒལ་མི་འདི་གིས་ དཔལ་འབྱོར་འདི་ སྲིད་བྱུས་བསྒྱུར་བཅོས་འབད་ནི་ལུ་ ཉེན་ཁ་ཡོདཔ་ཨིན། དེ་ལས་ གནས་གཤིས་དང་འབྲེལ་བའི་གནད་དོན་ཡང་ དགུན་ཁ་ཚབས་ཆེན་དང་ ཆུ་རུད་ཀྱི་ཉེན་ཁ་གིས་ ཁྲོམ་སྡེའི་མཐུན་རྐྱེན་ཚུ་ལུ་ གདོང་ལེན་འབདཝ་ཨིན་པས། དེ་མ་ཚད་ འཛམ་གླིང་གཅིག་འགྱུར་གྱི་དུས་སྐབས་ནང་ལུ་ ཕཱརནསི་གི་སྐད་ཡིག་དང་ལམ་སྲོལ་ཉམས་སྲུང་འབད་མི་འདི་གི་ ཁྲོམ་སྡེ་འདི་ནང་ལུ་ ཚ་གྱང་ཚུ་འཕྲོ་མཐུད་དེ་ར་ཡོདཔ་ཨིན་པས།

ཀིའུ་བེག་ཁྲོམ་སྡེ་འདི་ ཀེ་ན་ཌ་ལུ་ བཟོད་སྲན་དང་ལམ་སྲོལ་ དེ་ལས་ བྱུང་རབས་ཚུ་གི་རྟགས་མཚན་ཅིག་སྦེ་ཡོདཔ་ཨིན། འདི་གི་ ཕཱརནསི་གི་རྩ་བ་དང་ ཉམས་སྲུང་འབད་དེ་ཡོད་པའི་བཟོ་རིགས་ དེ་ལས་ ཕན་ནུས་ཅན་གྱི་ལམ་སྲོལ་དང་ དཔལ་འབྱོར་སྒྲིང་སྒྲི་ཡོད་མི་ཚུ་གིས་ བྱང་ཨ་མི་རི་ཀ་ལུ་ གཞན་དང་མ་འདྲ་བའི་ནོར་བུ་བཟུམ་ཅིག་སྦེ་བཟོཝ་ཨིན། དེང་སང་གི་དཀའ་ངལ་ཚུ་ལུ་ གདོང་ལེན་འབད་བའི་སྐབས་ལུ་ ཀིའུ་བེག་ཁྲོམ་སྡེ་འདི་ མ་འོངས་པའི་ཡར་རྒྱས་དང་གསར་གཏོད་ཚུ་དང་གཅིག་ཁར་ བྱུང་རབས་ཀྱི་ངོ་རྟགས་ཚུ་ འདྲ་མཉམ་བཟོ་སྟེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. Wikipedia. (2025). Quebec City. Published by: Creative Commons. Retrieved from: https://en.wikipedia.org/wiki/Quebec_City