Jump to content

ཀིར་གིས་ཏཱན། Kyrgyzstan

Wikipedia ལས།
ཀིར་གིས་ཏཱ་གི་རྒྱལ་དར།

༉ ཀིར་གིས་ཏཱན་འདི་ དབུས་ཕྱོགས་ཨེ་ཤེ་ཡ་ལུ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་དང་ ཤར་ཕྱོགས་ལུ་ རྒྱ་ནག་དང་ ལྷོ་ཕྱོགས་ལུ་ ཏ་ཇི་ཀིསི་ཏཱན་ ནུབ་ཕྱོགས་ལུ་ ཨུཛ་བྷེ་ཀིསི་ཏཱན་ བྱང་ཕྱོགས་ལུ་ ཀ་ཛག་སི་ཏཱན་ ཚུ་དང་ས་མཚམས་ཡོདཔ་ཨིན། རྒྱལ་ཁབ་འདི་ གངས་རི་མཛེས་ཏོག་ཏོ་དང་ གནས་སྤོ་བའི་ལམ་སྲོལ་ཕྱུགཔོ་ དེ་ལས་ སྔོན་ལུགས་རྒྱ་ནག་དང་ཡུ་རོབ་མཐུད་པའི་ཚོང་འབྲེལ་གྱི་ལམ་གཙོ་བོ་ཅིག་ཨིན་མི་ སིལཀ་ལམ་གྱི་ཆ་ཤས་ཅིག་སྦེ་རྒྱལ་རབས་ནང་ ཡོངས་གྲགས་ཡོདཔ་ཨིན། ལུང་ཕྱོགས་འདི་ནང་ལུ་ དཔལ་འབྱོར་གྱི་ཐོན་སྐྱེད་ཆུང་ཤོས་ལས་བརྒལ་མེད་རུང་ ལམ་སྲོལ་གྱི་ངོ་རྟགས་སྒྲིང་སྒྲི་ཡོདཔ་དང་ དེ་ཡང་ གནས་སྤོ་སྡོད་མི་གི་སྲོལ་རྒྱུན་དང་ ལྟ་བཤལ་ཚོང་འབྲེལ་ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ཨིན།

ཀིར་གིས་ཏཱན་གྱི་ས་ཁྲ།

རྒྱལ་ཁབ་འདི་ནང་ལུ་ ལོ་སྟོང་ཕྲག་ལས་བཅད་དེ་ མི་ཚུ་གིས་ས་གནས་དེ་ཁར་སྡོད་ཡོདཔ་དང་ འདི་ཡང་ པར་ཤི་ཡན་དང་ ཊར་ཀིཀ་ དེ་ལས་ མོང་གོལ་གྱི་མི་སེར་གིས་ ཡར་ཐོན་གནས་སྟངས་ལས་ ཤན་ཞུགས་འབད་དེ་ཡོདཔ་ཨིན་པས། ཀུ་ཝེཊ་གི་རྩོམ་ཡིག་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༡༩༣༦ ལུ་ ཀིར་གིས་ཏཱན་རྒྱལ་ཁབ་འདི་ ཨུ་རུ་སུའི་རྒྱལ་ཁབ་ཀྱི་འོག་ལུ་ཚུད་ནུག། སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༨ པའི་ ཚེས་ ༣༡ ལུ་ སོ་ཝེཊ་ཡུ་ནི་ཡཱན་མེདཔ་ཐལ་བའི་ཤུལ་ལུ་ ཀིར་གིས་ཏཱན་རྒྱལ་ཁབ་འདི་ རང་དབང་ཐོབ་ཡོདཔ་ཨིན། དེ་ལས་ཚུར་ རྒྱལ་ཁབ་འདི་ དཔལ་འབྱོར་དང་སྲིད་དོན་ དེ་ལས་ གཞུང་སྐྱོང་ནང་སྒྱུར་བཅོས་བྱུང་སྟེ་ཡོདཔ་ཨིན། ཀིར་གིས་ཏཱན་གྱི་ས་ཆ་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞིམ་ ༡༩༩,༩༥༡ ཡོད་མི་ལུ་བརྟེན་ དབུས་ཕྱོགས་ཨེ་ཤེ་ཡ་ལུ་ཡོད་པའི་ རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་རུང་ ས་ཆའི་གནས་སྟངས་མ་འདྲཝ་ཚུ་ ཏིན་ཤན་གངས་རི་གིས་ དབང་བསྒྱུར་འབད་དེ་ བརྒྱ་ཆ་ ༩༠ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། རྒྱལ་ཁབ་ནང་ མཚོ་སྟོང་ཕྲག་ ༢ ལྷགཔ་ཅིག་ཡོདཔ་དང་ ཨི་སིཀ་ཀུལ་མཚོ་འདི་ མཚོ་སྦོམ་ཤོས་དང་ ལྟ་བཤལཔ་ཚུ་གི་དོན་ལུ་ མཐོང་སྣང་སྦོམ་ཤོས་ཅིག་ཨིན། འཕྲལ་གྱི་ཚོད་དཔག་ལྟར་དུ་འབད་བ་ཅིན་ ཀིར་གིས་ཏཱན་ལུ་ མི་རློབས་ས་ཡ་ ༧ དེ་ཅིག་ཡོདཔ་ཨིན་པས། མི་རློབས་བརྒྱ་ཆ་ ༣༧ དེ་ཅིག་ ཁྲོམ་ཚོགས་ནང་སྡོད་དོ་ཡོདཔ་དང་ གཞན་ཚུ་ གྲོང་གསེབ་དང་ གངས་རིའི་ལུང་ཕྱོགས་ནང་ སྡོད་དོ་ཡོདཔ་ཨིན་པས།

ཀིར་གིས་ཏཱན་གྱི་རྒྱལ་ས་ལྟེ་བ་ བྷིཤ་ཀེཀ་འདི་ གཞུང་གི་གཙུག་སྡེ་དང་ཚོང་འབྲེལ་ དེ་ལས་ ལམ་སྲོལ་གྱི་རྟགས་མཚན་ཚུ་ཡོད་པའི་ ཁྲོམ་སྡེ་ལྟེ་བ་སྦོམ་ཤོས་དང་ གོང་འཕེལ་ཆེ་ཤོས་ཅིག་ཨིན། གཞན་ཡང་ ཁྲོམ་ཚོགས་གཙོ་བོ་ཚུ་ཡང་ ཨོཤ་དང་ ཇ་ལཱལ་ཨ་བཌ་ དེ་ལས་ ཀ་ར་ཀོལ་ཚུ་ཨིན། ཀིར་གིས་ཏཱན་ལུ་ གཞུང་སྐྱོང་ས་ཁོངས་ ༧ དང་ རང་དབང་ཅན་གྱི་ཁྲོམ་ཚོགས་ ༢ ལུ་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ བཱཊ་ཀེན་ ཆུ་ཡ་ ཇ་ལཱལ་ཨ་བཌ་ ན་རིན་ ཨོཤ་ ཏཱ་ལཱས་དང་ ཨི་སིཀ་ཀུལ་ཚུ་ཨིན། ཀིར་གིས་ཏཱན་འདི་ གཅིག་མཐུན་སྤྱི་ཚོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་དབུ་ཁྲིད་འདི་ སྲིད་འཛིན་དང་ གཞུང་འགོ་ཁྲིད་འབད་མི་ བློན་ཆེན་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ཁྲིམས་བཟོ་སྟེ་ གཞུང་སྐྱོང་ལྟ་རྟོག་འབད་མི་ ཚོགས་ཁང་གཅིག་ཅན་གྱི་ སྤྱི་ཚོགས་ཡོདཔ་ཨིན་ཟེར་བཀོད་དེ་འདུག། ཀིར་གིས་ཏཱན་ལུ་  སྲིད་དོན་གྱི་ལས་འགུལ་དང་ ངོ་རྒོལ་གྱི་ལོ་རྒྱུས་ཡོདཔ་ལས་ སྤྱི་ལོ་ ༢༠༠༥ དང་ ༢༠༡༠ དེ་ལས་ ༢༠༢༠ ལུ་འགོ་ཁྲིདཔ་ལེ་ཤ་ཅིག་སྒྱུར་བཅོས་འབད་ནུག། རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ སྒྲིག་སྒྲི་བཟོ་ནིའི་དོན་ལུ་ རྩ་འགེངས་ཏེ་འབད་རུང་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་བཀལ་མི་དང་ གཞུང་འཕྲལ་འཕྲལ་ར་ སོར་སྒྱུར་འབད་མི་ལུ་བརྟེན་ ཡུན་རིང་གི་སྲིད་བྱུས་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན།

ཀིར་གིས་ཏཱན་ལུ་ གནས་སྤོ་བའི་ལམ་སྲོལ་ཕྱུགཔོ་ཡོདཔ་ལས་ ད་ལྟོ་ཡང་ ལམ་སྲོལ་དང་ མི་ཚེ་གནས་སྟངས་ དེ་ལས་ དུས་སྟོན་ཚུ་ནང་ མཐོང་གསལ་བྱུང་དོ་ཡོདཔ་ཨིན། (ཨེ་ཌ་ཝརཌ་ཨོལ་ཝོརཐ་དང་ཌེ་ནིསི་་སི་ནོར། ༢༠༢༥) ཟེར་བཀོད་ནུག། རྒྱལ་ཁབ་འདི་ ཡུར་ཊི་སྡོད་སྒར་རྐྱབ་ནི་དང་ རྟ་གུར་བཞོན་ཏེ་རྩེད་ནི་ བྱ་རྒོད་བཟུང་ནི་ དེ་ལས་ རང་ལུགས་ཀྱི་ ཕེལཊ་བཟོ་ནི་ཚུ་ལུ་ ཡོངས་གྲགས་ཡོདཔ་ཨིན། རྒྱལ་ཡོངས་ཀྱི་གཏམ་རྒྱུད་ཁག་ཆེ་ཤོས་ཅིག་འདི་ ཀིར་གིས་ཏཱན་གི་མི་ཚུ་གི་ དཔའ་བོའི་ལོ་རྒྱུས་ཚུ་གི་སྐོར་ལས་ གཏམ་རྒྱུད་ཅིག་ཨིན་མི་ མ་ནཱས་ཨེ་པིག་འདི་ཨིན་། ཀིར་གིས་ཏཱན་གྱི་སྐད་ཡིག་འདི་ ཊར་ཀིཀ་སྐད་ཡིག་བཟའ་ཚང་ནང་ཚུདཔ་ཨིནམ་དང་ ཨུ་རུ་སའི་སྐད་ཡིག་འདི་ཡང་ དམིགས་བསལ་གྱིས་ གཞུང་དང་ཚོང་འབྲེལ་ དེ་ལས་ ཤེས་རིག་ཚུ་ནང་ ཁྱབ་ཆེཝ་སྦེ་སླབ་ཨིན་པས། ཀིར་གིས་ཏཱན་གྱི་མི་རློབས་བརྒྱ་ཆ་ ༩༠ དེ་ཅིག་ སུ་ནི་མུས་ལིམ་ཨིན་རུང་ རྒྱལ་ཁབ་ནང་ལུ་ ཨིསི་ལམ་གི་ཆོས་ལུགས་འདི་ སྤྱིར་བཏང་ལུ་ བར་མཚམས་ཅན་ཅིག་ཨིནམ་ལས་ ཨིསི་ལམ་གི་ ཧེ་མའི་ལམ་སྲོལ་མང་ཤོས་ཅིག་གིས་ ད་ལྟོ་ཡང་ ཉིན་བསྟར་གྱི་མི་ཚེ་ནང་ ཤན་ཞུགས་འབད་དོ་ཡོདཔ་ཨིན་ཟེར་བཤདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་ ཨུ་རུ་སུའི་ཡིད་ཆེས་དང་ གཞན་མི་ཨེ་ཤུ་པའི་མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན་།

ཀིར་གིས་ཏཱན་འདི་ གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ལས་ གཙོ་བོ་ར་ སོ་ནམ་དང་ ས་གཏེར་ དེ་ལས་ ཕྱི་རྒྱལ་གྱི་ ཀིར་གིས་ཏཱན་ལས་མི་ཚུ་གིས་ དངུལ་བཏང་མི་ཚུ་ལུ་བརྟེན་དགོཔ་ཨིན་པས། རྒྱལ་ཁབ་ཀྱི་་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་སྦོམ་ཤོས་ར་ གསེར་གྱི་ལཱ་འབད་དོ་ཡོདཔ་དང་ འཛམ་གླིང་ནང་ གསེར་གྱི་གཏེར་ཁ་སྦོམ་ཤོས་ཅིག་ཨིན་མི་ ཀུམ་ཏོར་གསེར་གྱི་གཏེར་ཁ་དེ་ཨིན་པས། གཞན་ཡང་ རྡོ་སོལ་དང་ ཡུ་རེ་ནིམ་ དེ་ལས་ དཀོན་དྲགས་ཅན་གྱི་ལྕགས་རིགས་ཚུ་ཡང་ཡོདཔ་ཨིན་རུང་ གོང་འཕེལ་དེ་ཅིག་ར་མ་འགྱོ་བས། ཀིར་གིས་ཏཱན་གྱིས་ས་ཆ་བརྒྱ་ཆ་ ༦༥ དེ་ཅིག་ སྒོ་ནོར་གསོ་སྐྱོང་འབད་ནི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་དང་ གེ་ཟ་དང་ཤིང་འབྲས་ དེ་ལས་ ཀ་བལ་ཚུ་་ཐོན་སྐྱེད་འབདཝ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། ཨི་སིཀ་ཀུལ་མཚོ་དང་ ཨ་ལ་ཨར་ཅ་རྒྱལ་ཡོངས་གླིང་ག་ དེ་ལས་ སོན་ཀུལ་མཚོ་ཚུ་་སྐྱེ་ལྡན་ལྟ་བཤལ་གྱི་ ས་གོ་གཙོ་བོ་ཚུ་ཨིན་པའི་ཁར་ རྐང་འགྲོས་དང་རྟ་བཞོན་ཚུ་རྩིས་ཏེ་ མཐོང་སྣང་ལྟ་བཤལ་ཚུ་ ཡོངས་གྲགས་ཐོན་དོ་ཡོདཔ་ཨིན་པས། ཀིར་གིས་ཏཱན་གྱིས་ ལྟ་བཤལཔ་ཚུ་ སིལཀ་ལམ་གྱི་སྲོལ་རྒྱུན་ལུ་བརྟེན་ཏེ་ འོང་བཅུག་དོ་ཡོདཔ་དང་ སྔོན་མའི་ཁྲོམ་ཚོགས་ ཨོ་ཤ་བཟུམ་ཚུ་གིས་ རྒྱལ་རབས་ཅན་གྱི་ཚོང་འབྲེལ་གྱི་ལམ་ལུགས་ནང་ འགན་ཁུར་འབགཔ་ཨིན་པས། ཨུ་རུ་ས་དང་རྒྱ་ནག་གཉིསཔོ་འདི་ རྒྱལ་ཁབ་འདིའི་ཚོང་འབྲེལ་གྱི་མཉམ་འབྲེལ་པ་ཆེ་ཤོས་ཅིག་ཨིན། ཀིར་གིས་ཏཱན་འདི་ ཡུ་རེ་ཤི་ཡའི་དཔལ་འབྱོར་མཐུན་ཚོགས་ཀྱི་འཐུས་མི་ཅིག་ཨིནམ་ལས་ ཨུ་རུ་སུ་དང་ ཀ་ཛག་སི་ཏན་ བེ་ལ་རུས་ དེ་ལས་ ཨར་མེ་ནི་ཡ་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཇམ་ཏོང་ཏོ་སྦེ་འབད་ཚུགསཔ་ཨིན། ཀིར་གིས་ཏཱན་གྱི་མི་ས་ཡ་ ༡ ལྷགཔ་ཅིག་གིས་ ཕྱི་རྒྱལ་ ཨུ་རུ་སུ་དང་ ཀ་ཛག་སི་ཏན་ཚུ་ནང་ལུ་ ལཱ་འབད་དོ་ཡོདཔ་ལས་ ཁོང་གི་དངུལ་བཏང་མི་འདི་གིས་ ཀིར་གིས་ཏཱན་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་བརྒྱ་ཆ་ ༣༠ དེ་ཅིག་ཕན་ཐོགས་བྱུང་ཡོདཔ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ གནས་སྤོ་འགྱོ་མི་ ལས་མི་ཚུ་ལུ་བརྟེན་དགོཔ་ཐོན་དོ་ཡོདཔ་ཨིན།

ཀིར་གིས་ཏཱན་གྱི་རྒྱལ་ཁབ་ནང་ལུ་ རང་བཞིན་གྱི་མཛེས་སྡུག་དང་ལམ་སྲོལ་ཕྱུགཔོ་ཡོད་རུང་ དེ་དང་བསྟུན་པའི་གདོང་ལེན་ལེ་ཤ་ར་ཡོདཔ་ཨིན། དེ་ཡང་ འཕྲལ་འཕྲལ་སྦེ་ར་ གཞུང་བསྒྱུར་བཅོས་དང་ ངན་ལྷད་ དེ་ལས་ དབང་ཚད་ཀྱི་འཐབ་འཛིང་ཚུ་གིས་ ཡུན་རིང་གི་ སྲིད་བྱུས་ཚུ་ལག་ལེན་འཐབ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ སྤྱི་ལོ་ ༢༠༠༥ དང་ ༢༠༡༠ དེ་ལས་ ༢༠༢༠ ལུ་ ངོ་རྒོལ་དང་ གཞུང་རྒོལ་གྱི་ལས་འགུལ་ཚུ་བྱུང་སྟེ་ སྲིད་དོན་གྱི་གནས་སྟངས་ཚུ་ གཏན་འཁེལ་མེདཔ་སྦེ་ཐོན་དོ་ཡོདཔ་དང་ གསེར་གྱི་ས་གཏེར་ལུ་བརྟེན་སྡོད་མི་འདི་གིས་ དཔལ་འབྱོར་འདི་ འཛམ་གླིང་གསེར་གྱི་གོང་ཚད་ཡར་སེང་འགྱོ་ནི་གི་ཉེན་ཁ་ཡོདཔ་ཨིན་ཟེར་རྩོམ་ཡིག་ནང་བཀོད་བཞག་ནུག། རྒྱལ་ཁབ་ནང་ལུ་ ལཱ་གཡོག་མེད་པའི་གནས་སྟངས་མཐོ་དྲགསཔ་ལས་བརྟེན་ ཀིར་གིས་ཏཱན་གྱི་མི་སེར་མང་ཤོས་ཅིག་ར་ ལཱ་གི་དོན་ལུ་ གནས་སྤོ་འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པའི་ཁར་ བཟོ་གྲཱ་གོང་འཕེལ་ཚད་འཛིན་གྱིས་དཔལ་འབྱོར་གོང་འཕེལ་ལུ་བཀག་ཆ་འབདཝ་ཨིན་མས། ཀིར་གིས་ཏཱན་གྱི་ ས་མཚམས་ལུང་ཕྱོགས་ཀྱི་ཐད་ཁར་ ཏ་ཇི་ཀིསི་ཊན་དང་ ཨུཛ་བྷེ་ཀིསི་ཏན་དང་གཅིག་ཁར་ འཁྲུག་རྩོད་ཚུ་ འཕྲོ་མཐུད་དེ་ར་བྱུང་སྟེ་ཡོདཔ་ལས་ འཕྲལ་འཕྲལ་སྐབས་ དྲག་རྒོལ་གྱི་གནས་སྟངས་ཚུ་ཡང་འབྱུང་དོ་ཡོདཔ་ཨིན་པའི་ཁར་ ས་མཚམས་ངེས་ཚིག་ལེགས་ཤོམ་མེད་མི་འདི་གིས་ ས་གནས་འདི་ཚུ་ནང་ མི་རིགས་ཀྱི་མི་སྡེ་ཚུ་གི་བར་ན་ སྟབས་མ་བདེཝ་འཐོན་དོ་ཡོདཔ་ཨིན། དེ་མ་ཚད་ འཕྲལ་འཕྲལ་སྦེ་ར་ གློག་མེ་མ་ལངས་པའི་དཀའ་ངལ་བྱུང་མི་ལུ་བརྟེན་ དམིགས་བསལ་གྱིས་ གནམ་དགུན་ལུ་ ཚོང་འབྲེལ་དང་ ཉིན་བསྟར་གྱི་ མི་ཚེ་ལུ་ཐོ་ཕོག་དོ་ཡོདཔ་ཨིན་པས། དེ་གིས་མ་དོ་བར་ འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ མཐའ་ཟུར་གྱི་ ས་གནས་ཚུ་ནང་སྐྱེལ་འདྲེན་དང་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ལུ་ ས་གཏེར་གྱི་ལས་སྣ་ལུ་བརྟེན་པའི་ ཆུ་བཙོག་པ་གིས་གཙང་ཆུ་དང་ མཚོ་ཚུ་ལུ་ གནོད་པ་བརྐྱབ་དོ་ཡོདཔ་ཨིན།

ཀིར་གིས་ཏཱན་འདི་ སེམས་ཁར་འབབ་པའི་ ས་ཆའི་གནས་སྟངས་དང་ སྔོན་མའི་ལམ་སྲོལ་ དེ་ལས་ བཟོད་བསྲན་ཅན་གྱི་མི་སེར་ཚུ་གི་ ས་ཆ་ཅིག་ཨིན། སྲིད་དོན་དང་དཔལ་འབྱོར་གྱི་གདོང་ལེན་ཡོད་རུང་ རྒྱལ་ཁབ་ནང་ དེང་སང་དང་ ཡར་རྒྱས་ཀྱི་དོན་ལུ་ བརྩོན་ཤུགས་བསྐྱེད་པའི་སྐབས་ གནས་སྤོ་བའི་སྲོལ་ཁྱུན་ཚུ་ ཉམས་སྲུང་འབད་བའི་བསྒང་ཡོདཔ་ཨིན་པས། རྒྱལ་ཁབ་ལུ་ ལམ་སྲོལ་ཕྱུགཔོ་དང་ རང་བཞིན་གནས་སྟངས་ དེ་ལས་ ལྟ་བཤལ་ལས་སྡེ་ཚུ་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ལས་ མ་འོངས་པ་ལུ་ རྒྱལ་ཁབ་སྒྲིང་སྒྲི་དང་ བརྟན་ཏོག་ཏོ་སྦེ་ གོང་འཕེལ་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།

རྒྱབ་རྟེན་དཔེ་དེབ།

Creative Commons. (2025). Wikipedia. The Free Encyclopedia. Kuwait. Retrieved from:             https://en.wikipedia.org/wiki/Kuwait

Allworth, E. & Sinor, D. (2025). Britannica: People of Kyrgyzstan. Retrieved from:          https://www.britannica.com/place/Kyrgyzstan/People

DDC Dictionary (Mobile application software).

Eng - Dzo Terminology (Mobile application software).

"https://dz.wikipedia.org/w/index.php?title=ཀིར་གིས་ཏཱན།_Kyrgyzstan&oldid=39326" ལས་ སླར་འདྲེན་འབད་ཡོདཔ།