ཀུན་འདུས་ནོར་བུའི་ལུགས་ཀྱི་གསོལ་འདེབས།
༄༅། །ཀུན་འདུས་ནོར་བུའི་ལུགས་སུ་གསོལ་བ་འདེབས་ཕྱོགས་གཅིག་ཏུ་སྒྲིགས་པ་བཞུགས་སོ།།
༄༅། །ཀུན་འདུས་ནོར་བུའི་ལུགས་སུ་གསོལ་བ་འདེབས་པའི་རིམ་པ་ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་མཛད་པ་ནི། །རྗེ་མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལ༴ །སེམས་ཅན་ཐམས་ཅད་ཀྱིས་ཆོས་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །མཉམ་རྗེས་འདྲེས་པའི་རྟོགས་པ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱུན་ཆད་མེད་པའི་ཉམས་མྱོང་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ༴ །རྗེ་སངས་རྒྱས་ཆོས་ཀྱི་སྐུ་ལ༴ །རྗེ་མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། །དུས་གསུམ་རྒྱལ་བའི་སྤྲིན་ཚོགས་འཁྲིགས་པ་ཡི། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །སེམས་ཅན་ཐམས་ཅད་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བྱིན་གྱིས་བརླབ་ཏུ་གསོལ། །གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གསལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། །འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ །རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ །རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ །སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ །རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ །རྗེ་ཟག་མེད་ཁྱབ་གདལ་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །རྗེ་སྐུ་གསུམ་བདག་ཉིད་ཁྱེད་ལ་སྐྱབས་སུ་མཆི། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ༴ །རྗེ་སངས་རྒྱས་རིན་པོ་ཆེ་ལ༴ །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ༴ །རྗེ་སངས་རྒྱས་རིན་པོ་ཆེ་ལ༴ སེམས་ཅན་ཐམས་ཅད་ཀྱིས་ཆོས་སྐུ་སྐྱེ་མེད་ཀྱི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ལོངས་སྐུ་འགགས་མེད་ཀྱི་རྩལ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྤྲུལ་སྐུས་འགྲོ་དོན་ཕྱོགས་མེད་དུ་སྐྱོང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །
༈ རྗེ་སྤྱིལ་དཀར་བས་མཛད་པའི་གསོལ་འདེབས་དཀར་པོ་ཆིག་ཐུབ་ནི། ༄༅། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ལ་སྐྱབས་སུ་མཆི། །རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ཡེ་ཤེས་ཀྱི་ངོ་བོ་ཉིད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ༴ །དཀོན་མཆོག་ཀྱང་བླ་མ་རིན་ཆེན་ཡིན། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཛད། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ༴ །ཆོས་རྗེ་སངས་རྒྱས་རིན་པོ་ཆེ༴ །བཀའ་བརྒྱུད་ཀྱང་བླ་མ་རིན་ཆེན་ཡིན། །འདས་དང་མ་འོངས་ད་ལྟ་རུ། །སྐུ་ཡི་བཀོད་པ་བསམ་མི་ཁྱབ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ༴ །ཆོས་རྗེ་སངས་རྒྱས་རིན་པོ་ཆེ༴ །ཡི་དམ་ཡང་བླ་མ་རིན་ཆེན་ཡིན། །གཟུགས་སྐུའི་སྣང་བ་སྣ་ཚོགས་པ། །མཐའ་དག་མ་ལུས་རྫོགས་པར་མཛད། །མ་ནམ༴ །བླ་མ་སངས་རྒྱས༴ །ཆོས་རྗེ་སངས་རྒྱས༴ །མཁའ་འགྲོ་ཡང་བླ་མ་རིན་ཆེན་ཡིན། །སྐྱེ་མེད་ཆོས་སྐུའི་ངང་དུ་བཞུགས། །སྣང་བ་བདེ་སྟོང་དུ་བྱིན་གྱིས་རློབས། །མ་ནམ༴ །བླ་མ༴། ཆོས་རྗེ༴ །ཆོས་སྐྱོང་ཡང་བླ་མ་རིན་ཆེན་ཡིན། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །མི་དགེའི་རྒྱུ་འབྲས་རྡུལ་དུ་རློག །མ་ནམ༴ །བླ་མ༴། ཆོས་རྗེ༴ །གདམས་ངག་ཀྱང་བླ་མ་རིན་ཆེན་ཡིན། །གནས་ལུགས་སྤྲོས་བྲལ་ཆོས་སྐུ་རུ། །བྱིན་གྱིས་བརླབ་ཅིང་མངོན་དུ་མཛད། །མ་ནམ༴ །བླ་མ་སངས་རྒྱས༴ །ཆོས་རྗེ་སངས་རྒྱས༴ །ཉམས་ལེན་ཡང་བླ་མ་རིན་ཆེན་ཡིན། །ལུས་སྲོག་ཆོས་ཀྱི་ཕྱོགས་སུ་འདོར། །ཆོས་བརྒྱད་ཚེ་འདིར་མཁའ་ལྟར་དག། །མ་ནམ༴ །བླ་མ༴ །ཆོས་རྗེ༴ ཉམས་མྱོང་ཡང་བླ་མ་རིན་ཆེན་ཡིན། སེམས་བྱུང་ལས་དང་ཉོན་མོངས་དག། །སེམས་ཉིད་ཟག་མེད་བདེ་བར་ཤར། མ་ནམ༴ །བླ་མ༴ །ཆོས་རྗེ༴ །སྒྲུབ་ཐབས་ཀྱང་བླ་མ་རིན་ཆེན་ཡིན། །སྣང་སྲིད་སྐུ་གསུམ་གྱི་དཀྱིལ་འཁོར་ལ། །ཐུན་དུ་མ་བཟུང་རྒྱུན་ཆད་མེད། །མ་ནམ༴ །བླ་མ༴ །ཆོས་རྗེ༴ །བསྙེན་པ་ཡང་བླ་མ་རིན་ཆེན་ཡིན། །དུས་གསུམ་སངས་རྒྱས་ཐུགས་བསྐུལ་བའི། །གསོལ་འདེབས་སྔགས་ཀྱི་ང་རོ་སྒྲོག །མ་ནམ༴ །བླ་མ༴ །ཆོས་རྗེ༴ །དཔེ་ཆ་ཡང་བླ་མ་རིན་ཆེན་ཡིན།། གསུང་རབ་བཀའ་དང་བསྟན་བཅོས་རྣམས། །སྤྱོད་ལམ་རྣམ་ཐར་ཆོས་སུ་སྟོན། །མ་ནམ༴ །བླ་མ༴ །ཆོས་་རྗེ༴ །ཐབས་ལམ་ཡང་བླ་མ་རིན་ཆེན་ཡིན། །ཟབ་ལམ་བླ་མའི་མོས་གུས་ཀྱིས། །ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག། །མ་ནམ༴ །བླ་མ༴ །ཆོས་རྗེ༴ །སྒྲིབ་སྦྱོངས་ཀྱང་བླ་མ་རིན་ཆེན་ཡིན། །ཐུགས་དགོངས་ཆོས་ཉིད་རྒྱ་མཚོ་ལ། །སྤང་བྱའི་ཉེས་ལྟུང་ངང་གིས་དག། མ་ནམ༴ །བླ་མ༴ །ཆོས་རྗེ༴།འགྲོ་དོན་ཡང་བླ་མ་རིན་ཆེན་ཡིན།། མཁྱེན་བརྩེ་ནུས་པར་ལྡན་པ་ཡིས། །གདུལ་བྱ་འཁོར་བ་དོང་སྤྲག་མཛད། །མ་ནམ༴ །བླ་མ༴ །ཆོས་རྗེ༴ །རྒྱལ་ཁམས་ཀྱི་སྤྲང་པོ་བློ་བདེ་བདག། །མི་གཅིག་ཆོས་གཅིག་ཡོན་ཏན་གཅིག།།ས་གཅིག་ལམ་གཅིག་འབྲས་བུ་གཅིག། །ཀུན་གོ་གཅིག་གིས་ཆོད་པ་ནི། །མོས་གུས་དཀར་པོ་ཆིག་ཐུབ་ཡིན། །མ་ནམ༴ །བླ་མ༴ །ཆོས་རྗེ༴ །ཀུན་མཁྱེན་ཡང་བླ་མ་རིན་ཆེན་ཡིན། །ཀུན་ཁྱབ་ཀྱང་བླ་མ་རིན་ཆེན་ཡིན། །ཀུན་འདུས་ཀྱང་བླ་མ་རིན་ཆེན་ཡིན། །གསོལ་འདེབས་གཅིག་པུས་ཆོག་པ་འདི། །གནད་རྣམས་གཅིག་ཏུ་དྲིལ་བ་ལགས། །མ་ནམ༴ །བླ་མ༴ །ཆོས་རྗེ༴ སྐྱབས་འབྲལ་བ་མེད་ལ་སྐྱབས་སུ་མཆི། །སྐྱབས་འགྲན་ཟླ་བྲལ་ལ་སྐྱབས་སུ་མཆི། །སྐྱབས་འགྱུར་བ་མེད་ལ་སྐྱབས་སུ་མཆི། །མ་ནམ༴ །བླ་མ༴ །ཆོས་རྗེས༴ །སྐྱབས་གཉེན་གཅིག་པུ་ལ་སྐྱབས་སུ་མཆི། །སྐྱབས་མི་མཛད་གཏེར་ལ་སྐྱབས་སུ་མཆི། །མཚན་ལྡན་བླ་མས་བྱིན་གྱིས་རློབས། མ་ནམ༴། བླ་མ༴།ཆོས་རྗེ༴།རྗེ་རིན་པོ་ཆེ་ཡི་སྐུ་དྲིན་གྱིས། །སྤྲང་མོས་གུས་ཀྱི་གཤོག་སྒྲོ་ནང་ནས་རྒྱས། །དཀར་བརྒྱུད་ཀྱི་བསྟན་པ་མཁའ་ལ་ལྡིང་། །འཁོར་འདས་གཉིས་མེད་ཀྱི་ནམ་འཕང་སྤྱོད། །ཕ་རྗེས་བུ་ཡིས་ཟིན་པར་ཤོག།།མ་ནམ༴། བླ་མ༴། ཆོས་རྗེ༴།གསོལ་འདེབས་ཡོན་ཏན་ཀུན་འབྱུང་འདི། །ཚེ་གཅིག་སངས་རྒྱས་རྟེན་འབྲེལ་ཡིན། །ཆིག་ཆོག་རྒྱལ་པོའི་ངོ་མཚར་ཆེ། །བན་བུན་མང་པོ་མེད་པར་ཤོག།མ་ནམ༴ །བླ་མ༴ །ཆོས་་རྗེ༴ །བླ་མ་དུས་གསུམ་སངས་རྒྱས་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་ནས་ཀྱང་། །ཚེ་འདི་བློ་ཡིས་ཐོངས་པ་དང་། །རྟག་ཏུ་བླ་མ་བསྒྲུབ་པར་ཤོག། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།
༈ ལྷ་ཁབ་འཇིག་རྟེན་བློས་བཏང་བས་མཛད་པའི་གསོལ་འདེབས་མ་རིག་མུན་སེལ་མ་བཞུགས་སོ།། ༈ མ་རིག་མུན་སེལ་དཔལ་ལྡན་བླ་མ། །ཐར་པའི་ལམ་སྟོན་དཔལ་ལྡན་བླ་མ། །འཁོར་བའི་ཆུ་སྒྲོལ་དཔལ་ལྡན་བླ་མ། །དུག་ལྔའི་ནད་སེལ་དཔལ་ལྡན་བླ་མ། །ཡིད་བཞིན་ནོར་བུ་དཔལ་ལྡན་བླ་མ། །རིགས་རྣམས་ཀུན་གྱི་བདག་པོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ། །བརྟན་གཡོ་ཀུན་གྱི་ཁྱབ་བདག། །འཁོར་འདས་ཀུན་གྱི་དཔལ་མགོན། །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། །དྲུག་པ་རྡོ་རྗེ་འཆང་གི་ངོ་བོ། །ཆོས་སྐུ་འགྱུར་མེད་ཀྱི་ངོ་བོ། །ཆོས་སྐུ་ཀུན་ཁྱབ་ཀྱི་ངོ་བོ། །ཆོས་སྐུ་བདེ་ཆེན་གྱི་ངོ་བོ། །གཉིས་མེད་ཡེ་ཤེས་ཀྱི་ངོབོ། །ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་བོ། །མཉམ་མེད་དྭགས་པོ་དཀར་བརྒྱུད། །དཔལ་ལྡན་འབྲུག་པ་ཡབ་སྲས། །དྲིན་ཅན་རྩ་བའི་བླ་མས། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག། །མ་རིག་མུན་པས་བསྒྲིབས་ལ། །ཐུགས་རྗེའི༴། །དུག་ལྔའི་ནད་ཀྱིས་མནར་ལ། །ཐུགས་རྗེའི༴ །གར་འགྲོ་གཏད་སོ་མེད་ལ། །ཐུགས་རྗེའི༴ །འཆི་བ་ཡོང་སྙམ་མེད་ལ། །ཐུགས་རྗེའི༴།།ཚེ་ཐུང་བློ་སྣ་རིང་ལ༴། །ཐུགས་རྗེའི༴ །འཇིག་རྟེན་ཆོས་བརྒྱད་མཁན་ལ། །ཐུགས་རྗེའི༴ །ལྟོ་གོས་ཞེན་པ་ཅན་ལ༴། །ཐུགས་རྗེའི༴ །དྲན་མེད་འཁྲུལ་པར་ཤོར་ལ། །ཐུགས་རྗེའི༴ །གཟུང་འཛིན་སྒྲོག་གིས་བཅིངས་ལ། །ཐུགས་རྗེའི༴ །ཁ་དང་ཞེ་ཕུགས་འཛོལ་ལ། །ཐུགས་རྗེའི༴། །ཐོས་མེད་མུ་ཅོར་སྨྲ་ལ། །ཐུགས་རྗེའི༴ །བསམ་མེད་མཁའ་ལྟར་ལུས་ལ།། ཐུགས་རྗེའི༴ །སྒོམ་མེད་དྲེད་པོར་ཤོར་ལ། །ཐུགས་རྗེའི༴ །བློ་བསྐྱེད་ཡོང་དུས་མེད་ལ། །ཐུགས་རྗེའི༴ །སྐྱབས་མགོན་རེ་ས་གཞན་ན་མི་འདུག། །ཐུགས་རྗེའི༴ །དཔལ་ལྡན་བླ་མས་བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ༴ །ཞེན་པ་ནང་ནས་ལོག་པ༴ །འཁྲི་བ་བཙན་ཐབས་སུ་ཆོད་པར༴ །བླ་མའི་རྣམ་ཐར་འཁྱོངས་པར༴ །ཅི་གསུང་བཀའ་བཞིན་སྒྲུབ་པར༴ །གཉན་ས་རི་ཁྲིད་འགྲིམ་པར༴ །རྩེ་གཅིག་སྒྲུབ་པ་ནུས་པར༴ །སྒྲུབ་པའི་རྒྱལ་མཚན་ཚུགས་པར༴ །ཚེ་དང་སྒྲུབ་པ་མཉམ་པར༴ །སྒྲུབ་ལ་བར་ཆད་མེད་པར༴ །གནས་ལུགས་ལྟ་བ་རྟོགས་པར༴། འཁྲུལ་མེད་རང་སོ་ཚུགས་པར༴ །རྐྱེན་ངན་གྲོགས་སུ་འཆར་བར༴། བདག་གཞན་དོན་གཉིས་འགྲུབ་པར༴ །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས།།
༈ ལྷ་བརྩེ་བས་མཛད་པའི་རྩ་བའི་བླ་མར་གསོལ་བ་འདེབས་ནི། རྗེ་རང་རིག་རྟོགས་པའི་རྣལ་འབྱོར་པ། །ལམ་གང་ཤར་དགག་སྒྲུབ་སྤང་བླང་བྲལ། །བདག་རང་ངོ་ཤེས་པར་གསོལ་བ་འདེབས། །ཕ་ཁྱེད་རང་ལྟར་བུར་བྱིན་གྱིས་རློབས། །རྗེ་མོས་གུས་མཐར་ཕྱིན་རྣལ་འབྱོར་པ། །སྣང་གྲགས་ཀུན་བླ་མ་དམ་པར་ཤར། །བདག་རང་སྣང་དག་པར༴ །ཕ་ཁྱེད་རང་ལྟར་བུར༴ །རྗེ་རོ་སྙོམས་རྟོགས་པའི་རྣལ་འབྱོར་པ།། རྐྱེན་བདུད་བཞི་འཇོམས་པའི་དཔའ་བོ་ཆེ། །བདག་རེ་དོགས་བྲལ་བར༴། ཕ་ཁྱེད་རང༴། །རྗེ་ཐོག་མཐའ་མེད་པའི་རྣལ་འབྱོར་པ། །དཔལ་དང་པོའི་སངས་རྒྱས་གདོད་མའི་མགོན། །བདག་ལྷུན་གྲུབ་ཆེན་པོར༴ །ཕ་ཁྱེད་རང༴། །རྗེ་གཞན་ཕན་མཛད་པའི་རྣལ་འབྱོར་པ། །ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས། །བདག་འགྲོ་དོན་འགྲུབ་པར་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བརྟན་པར་བཞུགས་སུ་གསོལ་བ་ནི། རྗེ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །སྐྱབས་འགྲན་དང་བྲལ་བའི་རིན་པོ་ཆེ། །ཕ་འདྲེན་མཆོག་བླ་མ་འགྲོ་བའི་མགོན། །བདག་མོས་པའི་བུ་ལ་ཐུགས་རྗེས་གཟིགས། །གཞི་མ་བཅོས་གཉུག་མ་ཆོས་ཀྱི་སྐུ། །དོན་གཉིས་མེད་ཟུང་འཇུག་ལོངས་སྤྱོད་རྫོགས། །ལམ་འགག་མེད་གང་ཤར་སྤྲུལ་པའི་སྐུ། །བདག་སེམས་ཉིད་ངང་དུ་དབྱེར་མེད་ཀྱང་། །འཁོར་མ་དག་འདུལ་བྱའི་སྣང་ངོ་ལྟར། །སྐུ་གདུལ་བྱ་གདུལ་བྱེད་འདི་ཁོ་ན། །ཞིང་འདིར་ཡང་བསྐལ་བརྒྱར་ཞབས་བརྟན་ཅིང་། །མིག་ངོམས་མེད་ཀྱི་བདུད་རྩིར་བརྟན་པར་ཤོག། ཞེས་གདུང་བ་དྲག་པོས་གསོལ་བ་བཏབ་བོ། །དེ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དེ་བཞིན་ངོ་བོ་ཉིད་སྐུའི་བར་གོང་འོག་རིགས་འགྲེས་སུ་ཅི་རིགས་བཟླས་ནས་མོས་གདུང་དྲག་པོས་ངོ་བོ་ཉིད་སྐུའི་གསོལ་འདེབས་བླ་མ་སངས་རྒྱས་རིན་པོ་ཆེ་ཁོ་ནཾ། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །གདོད་མའི་གནས་ལུགས་རང་ངོ་ཤེས་པ་དང་། །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། ཞེས་ཅི་ནུས་སུ་བཟླ། །དེ་ནས་དབང་བཞི་ལེན་པའི་དམིགས་པ་དང་བསྟུན། སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །སྒྱུ་འཕྲུལ་རྡོ་རྗེ་སྐུ་ཐོབ་ཤོག །གསུང་གི་བྱིན་རླབས་ངག་ལ་ཞུགས། །འཇམ་དབྱངས་ཆེན་པོ་འགྲུབ་གྱུར་ཅིག །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །འཕོ་མེད་བདེ་བ་ཆེ་ཐོབ་ཤོག །ཞུ་བསྟིམ་སྨོན་ལམ་ནི། ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །བདག་དང་གཉིས་མེད་གཅིག་གྱུར་ནས། །ས་བཅུའི་མགོན་པོ་འགྲུབ་གྱུར་ཅིག །མཐར་དགེ་བ་བསྔོ། སྨོན་ལམ་རྒྱ་ཆེ་གདབ་པར་བྱའོ།།