ཀུའི་ཛལ་ཊེ་ནཱང་གོ། Quetzaltenango

༉ ཀུའི་ཛལ་ཊེ་ནཱང་གོ་འདི་ སྤྱིར་བཏང་ལུ་ ས་གནས་ཀྱི་མིང་ "ཟེ་ལ་ཇུ་" ཡང་ན་ "ཟེ་ལ་" ཟེར་སླབ་ཨིན། ཁྲོམ་གྱི་མིང་ ཀུའི་ཛལ་ཊེ་ནཱང་གོ་ཟེར་མི་འདི་ ན་ཧུ་ཨཱཊལ་སྐད་ཡིག་ལས་བྱུང་ཡོདཔ་དང་ དེ་གི་དོན་དག་འདི་ "ཀུའེ་ཛལ་བྱ་གི་ས་གནས་" ཟེར་ཨིནམ་དང་ བྱ་འདི་ གུ་ཝ་ཊི་མ་ལ་གི་རྒྱལ་ཡོངས་ཀྱི་བྱ་ཅིག་ཨིན། ཨིན་རུང་ ས་གནས་ཀྱི་མི་མང་ཤོས་ཅིག་གིས་ "ཟེ་ལ་ཇུ་" ཀི་ཆི་མ་ཡ་གི་མིང་ཚིག་འདི་གི་དོན་དག་འདི་ "གངས་རི་བཅུ་གི་འོག་ལུ་" ཁྲོམ་ཚོགས་ཀྱི་མཐའ་འཁོར་གྱི་མེ་རི་གི་ས་ཆའི་གནས་སྟངས་འདི་གསལ་སྟོན་འབདཝ་ཨིན།
ཀུའེ་ཛལ་ཊེ་ནཱང་གོ་གི་ས་ཁོངས་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༢༠ དེ་ཅིག་ཡོདཔ་ཨིན། སྤྱི་ལོ་ ༢༠༡༨ ལོའི་མི་རྩིས་དང་འཁྲིལཝ་ད་ ཁྲོམ་སྡེ་ནང་ མི་རློབས་ ༡༨༠,༧༠༦ ཡོདཔ་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་པས། ཁྲོམ་སྡེ་མ་འདྲཝ་ཚུ་ ཁྱབ་ཚུགས་པའི་ ཀུའེ་ཛལ་ཊེ་ནཱང་གོ་ལས་ཁུངས་རྒྱ་ཆེཝ་སྦེ་ཡོད་མི་འདི་གིས་ ལུང་ཕྱོགས་འདི་ནང་ མི་འབོར་ཞིབ་རྩིས་དང་དཔལ་འབྱོར་གྱི་རྐང་རྗེས་སྦོམ་སྦེ་ར་ཐོན་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། [༡] ཟེར་བཀོད་ནུག། དེ་མ་ཚད་ཁྲོམ་ཚོགས་འདི་གི་མི་རློབས་འདི་ མི་རིགས་མ་འདྲཝ་སྦེ་ཡོདཔ་དང་ འདི་ནང་ལུ་ མང་ཤོས་ཅིག་ར་ ས་གནས་ཀྱི་ མ་ཡ་སྡེ་ཚན་དང་ དམིགས་བསལ་གྱིས་ ཀི་ཆི་དང་ མམ་མི་རིགས་ཚུ་ཡོདཔ་ཨིན། ཀི་ཆི་འདི་ གུ་ཝ་ཊི་མ་ལ་ལུ་ཡོད་པའི་ མ་ཡ་སྡེ་ཚན་སྦོམ་ཤོས་ཅིག་ཨིནམ་དང་ འདི་ནང་ལུ་ ལམ་སྲོལ་གྱི་སྲོལ་ཁྱུན་དང་སྐད་ཡིག་ཕྱུགཔོ་ཡོདཔ་ཨིན། མམ་མི་རིགས་ཚུ་ཡང་ ལུང་ཕྱོགས་འདི་ནང་ གལ་གནད་ཅན་ཅིག་སྦེ་ཡོདཔ་དང་ འ་ནཱི་ས་གནས་ཀྱི་མི་སྡེ་ཚུ་གི་སྦོ་ལོགས་ཁར་ ལ་ཌ་ནོ་ (ཡུ་རོབ་དང་ས་གནས་ཀྱི་མི་རྒྱུད་སླ་བསྲེ་) གི་མི་རློབས་ཡང་ ལེ་ཤ་ཅིག་ར་ཡོདཔ་ལས་ ཁྲོམ་ཚོགས་འདི་ནང་ལུ་ ལམ་སྲོལ་མ་འདྲཝ་ཡོད་མི་ལུ་ ལྷན་ཐབས་འབདཝ་ཨིན་མས།
ཀུའེ་ཛལ་ཊེ་ནཱང་གོ་འདི་ ཀོ་ལོམ་བི་ཡན་གྱི་ཧེ་མའི་དུས་སྐབས་ལུ་ ཟེ་ལ་ཇུ་ཟེར་སླབ་མི་ ཀི་ཆི་མ་ཡ་ཁྲོམ་ཚོགས་ཡོངས་གྲགས་ཅན་ཅིག་སྦེ་སྡོད་པའི་སྐབས་ཀྱི་ ལོ་རྒྱུས་དང་བྱུང་རབས་ཡོདཔ་ཨིན། ཁྲོམ་འདི་གིས་ ཨིསི་པེན་གྱིས་ གུ་ཊི་མ་ལ་དབང་དུ་བསྡུ་བའི་སྐབས་ ཁག་ཆེ་བའི་འགན་ཁུར་འབག་ཡོདཔ་དང་ སྤྱི་ལོ་ ༡༥༢༤ ལུ་ ཨིས་པེ་ནིཤི་གི་དབང་བཟུང་འབད་མི་ པེ་ཌོ་ཌི་ཨཱལ་ཝ་ར་ཌོ་གིས་ ཀི་ཆི་གི་དམག་སྡེ་འདི་ཕམ་བཏང་སྟེ་ ཀི་ཆི་གི་རྒྱལ་སྲས་ ཏེ་ཅུན་ཨུ་མན་འདི་ཤི་ཡོདཔ་ལས་ ད་རེས་ རྒྱལ་ཡོངས་ཀྱི་དཔའ་བོ་ཅིག་སྦེ་བརྩི་སྲུང་འབད་དོ་ཡོདཔ་ཨིན། དབང་འོག་དུས་སྐབས་ལུ་ ཀུའེ་ཛལ་ཊེ་ནཱང་གོ་འདི་ བདག་སྐྱོང་དང་ཚོང་འབྲེལ་གྱི་ལྟེ་བ་ཁག་ཆེ་ཤོས་ཅིག་ལུ་གྱུར་ཡོད་པའི་ཁར་ སྤྱི་ལོ་ ༡༨༣༨ ལས་ ༡༨༤༠ གི་བར་ན་ གུ་ཝ་ཊི་མ་ལ་ལས་ རང་དབང་འཚོལ་མི་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ ལོས་ཨཱལ་ཊོས་མངའ་སྡེ་གི་རྒྱལ་ས་ལྟེ་བ་སྦེ་ ཕྱག་ཞུ་ནུག་ཟེར་ [༡] ནང་བཀོད་ནུག།
མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༢,༣༣༠ དེ་ཅིག་ཡོད་པའི་ ཀུའེ་ཛལ་ཊེ་ནཱང་གོ་འདི་ སཱན་ཊ་མ་རི་ཡ་དང་ སཱན་ཊི་ཡ་གུའི་ཊོ་མེ་རི་ཚུ་རྩིས་ཏེ་ གངས་རི་དང་མེ་རི་ཚུ་གིས་ བསྐོར་ར་རྐྱབ་སྟེ་ཡོད་པའི་ ལུང་གཤོང་ནང་ཆགས་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ། [༡] ནང་ ཁྲོམ་ཚོགས་འདི་ནང་ལུ་ ལོ་བསྟར་བཞིན་དུ་ དྲོད་ཚད་དམའ་ཤོས་ལས་བསིལ་དྲགས་སྦེ་ཡོད་པའི་གནམ་གཤིས་འདི་མྱོང་དོ་ཡོདཔ་ཨིན། ཆ་སྙོམས་དྲོད་ཚད་མཐོ་ཤོས་འདི་ ༢༢.༥°C (༧༢.༥°F) དང་ ཆ་སྙོམས་དྲོད་ཚད་དམའ་ཤོས་འདི་ ༦.༤°C (༤༣.༥°F) དེ་ཅིག་ཨིན་མས། ཆརཔ་གི་དུས་ཚོད་འདི་ སྤྱི་ཟླ་ ༥ པའི་མཇུག་ལས་ སྤྱི་ཟླ་ ༡༠ པའི་མཇུག་ཚུན་ཚོད་ཨིནམ་ད་ སྐམ་པའི་དུས་ཚོད་འདི་ སྤྱི་ཟླ་ ༡༡ པ་ལས་ ༤ པ་ཚུན་ཚོད་འགོརཝ་ཨིན་ཟེར་བཀོད་ནུག། ཀུའེ་ཛལ་ཊེ་ན་གོ་ལུ་འོང་ནི་གི་དུས་ཚོད་ལེགས་ཤོམ་འདི་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༤ པ་ཚུན་སྐམ་པའི་དུས་ཚོད་ཨིནམ་ལས་ དུས་ཚོད་འདི་ནང་ གནམ་གཤིས་འདི་ ཚ་དྲོད་ལྡན་ཏོག་ཏོ་སྦེ་ སྔོན་དཔག་འབད་ཚུགསཔ་ལས་ ཁྲོམ་གྱི་ལམ་སྲོལ་གྱི་ས་ཁོངས་དང་ རང་བཞིན་གྱི་མཐའ་འཁོར་ཚུ་ ལྟ་བསྐོར་འབད་ནི་ལུ་ འོས་འབབ་ཅན་ཅིག་ཨིན།
ཀུའེ་ཛལ་ཊེ་ནཱང་གོ་འདི་ ཀུའེ་ཛལ་ཊེ་ནཱང་གོ་ལས་ཁུངས་ཀྱི་ལྟེ་བ་སྦེ་ཕྱག་ཞུ་དོ་ཡོདཔ་དང་ དེ་ནང་ ཨཱལ་མོ་ལོང་ག་ ཀེན་ཊེལ་ ཀོ་ཊི་པེག་ ཀོ་ལོམ་བི་ཡ་དང་ སི་བི་ལི་ཡ་ཚུ་བརྩིས་ཏེ་ ཁྲོམ་སྡེ་ལེ་ཤ་ཅིག་ཡོདཔ་ཨིན། ཁྲོམ་སྡེ་རེ་ལུ་ ས་གནས་གཞུང་ཡོདཔ་ལས་ ལས་ཁུངས་ཀྱི་བདག་སྐྱོང་ལས་སྡེ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས། [༡]ཟེར་བཀོད་ནུག། ཁྲོམ་འདི་ ཁྲོམ་དཔོན་གྱིས་འགོ་ཁྲིད་འབད་དེ་ ས་གནས་ཀྱི་བདག་སྐྱོང་དང་ མི་མང་ཞབས་ཏོག་ དེ་ལས་ གོང་འཕེལ་གྱི་ལས་རིམ་ཚུ་གི་འགན་ཁུར་འབགཔ་མི་ ཁྲོམ་སྡེ་ཚོགས་སྡེ་གིས་འཛིན་སྐྱོང་འཐབ་ཨིན། ལས་ཁུངས་ཀྱི་གནས་ཚད་ནང་ གཞུང་སྐྱོང་འདི་ གུ་ཝ་ཊི་མ་ལ་གི་རྒྱལ་ཡོངས་སྲིད་དོན་གཞི་བཀོད་དང་འཁྲིལ་ཏེ་ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ ངོ་ཚབ་ཚུ་བཙག་འཐུ་འབད་དེ་ཡོདཔ་ཨིན། ཀུའེ་ཛལ་ཊེ་ནཱང་གོ་འདི་ རྒྱལ་རབས་ནང་ སྲིད་དོན་གྱི་ ལས་འགུལ་གྱི་ ལྟེ་བ་ཅིག་ཨིནམ་མ་ཚད་ རྒྱལ་ཡོངས་འགོ་ཁྲིདཔ་ ཡོངས་གྲགས་ཅན་ལེ་ཤ་ཅིག་ ཐོན་ཡོདཔ་ཨིན་པས།
ཨིས་པེ་ནིཤི་འདི་ གཞུང་འབྲེལ་སྐད་ཡིག་ཨིནམ་ལས་ ཀུའེ་ཛལ་ཊེ་ནཱང་གོ་ནང་འཁོད་ལུ་ ཁྱབ་ཆེཝ་སྦེ་སླབ་ཨིན། ཨིན་རུང་ ས་གནས་ཀྱི་སྐད་ཡིག་ དམིགས་བསལ་གྱིས་ ཀི་ཆི་དང་ མམ་འདི་ཡང་ དམིགས་གསལ་གྱིས་ གྲོང་གསེབ་དང་ ས་གནས་ཀྱི་མི་སྡེ་ནང་ལུ་ ཁྱབ་ཆེཝ་སྦེ་རང་སླབ་སྲོལ་ཡོདཔ་ཨིན། སྐད་ཡིག་འདི་ཚུ་ ཤེས་ཡོན་དང་ལམ་སྲོལ་གྱི་ལས་རིམ་ཚུ་གི་ཐོག་ལས་ ཉམས་སྲུང་དང་དར་ཁྱབ་གཏང་ནི་གི་ བརྩོན་ཤུགས་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་ཨིན་ཟེར་ [༡] ནང་བཀོད་ནུག། ཀུའེ་ཛལ་ཊེ་ནཱང་གོ་འདི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་སྦེ་ཡོདཔ་ལས་ ས་གནས་ཀྱི་ མ་ཡ་གི་ལམ་སྲོལ་འདི་ ཨིས་པེ་ནིཤི་གིས་ དབང་དུ་བསྡུ་བའི་སྐབས་ལུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ ཡོངས་གྲགས་ཐོན་ནུག ཁྲོམ་ཚོགས་འདི་ནང་ལུ་ ལོ་བསྟར་གྱི་ དབུས་ཨ་མ་རི་ཀ་རང་དབང་ཐོབ་ཡོད་པའི་དུས་སྟོན་བཟུམ་ ལེ་ཤ་ཅིག་འགོ་འདྲེན་འཐབ་དོ་ཡོདཔ་དང་ འདི་ཡང་ དབུས་ཕྱོགས་ཨ་མི་རི་ཀ་གི་རང་དབང་འདི་ ཁྲོམ་སྐོར་དང་སྙན་ཆ་ དེ་ལས་ ལམ་སྲོལ་འགྲེམས་སྟོན་ཚུ་འབད་དེ་ བརྩི་སྲུང་འབདཝ་ཨིན། རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ ལག་བཟོ་ཚུ་ཡང་ ཁྲོམ་སྡེ་གི་ལམ་སྲོལ་གྱི་ངོ་རྟགས་ལུ་ གལ་ཆེ་ཤོས་ཅིག་ཨིན་མས།
རྐང་རྩེད་འདི་ ཀུའེ་ཛལ་ཊེ་ནཱང་གོ་ལུ་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ ས་གནས་ཀྱི་སྡེ་ཚན་ ཟེ་ལ་ཇུ་ཨེམ་སི་གིས་ གུ་ཝ་ཊི་མ་ལ་གི་ཁྱད་རིག་ཅན་གྱི་ ལིག་མཐོ་ཤོས་ནང་ དོ་འགྲན་འབད་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་གིས་ དྲྭ་རིལ་དང་ ལག་རིལ་ དེ་ལས་ ལུས་རྩེད་ཚུ་བརྩིས་ཏེ་ རྩེད་རིགས་གཞན་མ་འདྲཝ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་དང་ མཐུན་རྐྱེན་དང་ལས་རིམ་ཚུ་ཡང་ལེགས་ཤོམ་ཡོདཔ་ལས་ ན་གཞོན་ཚུ་གིས་བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བྱིན་དོ་ཡོདཔ་ཨིན་པས། [༡]ཟེར་བཀོད་ནུག། ཀུའེ་ཛལ་ཊེ་ནཱང་གོ་ལུ་ཡོད་པའི་ བཞེས་སྒོ་འབད་ཐངས་ཀྱི་མཐོང་སྣང་འདི་གིས་ ལམ་སྲོལ་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིནམ་དང་ འདི་ནང་ལུ་ རང་ལུགས་ཀྱི་ མ་ཡ་གི་བཞེས་སྒོ་དང་ ཨིས་པེ་ནིཤི་གི་ཤན་ཞུགས་ཡོད་པའི་ བཞེས་སྒོ་ཚུ་ཡོདཔ་ཨིན། ཟས་རིགས་གཙོ་བོ་ཚུ་ཡང་ གེ་ཟ་དང་ སྲནམ་ཅུམ་ ཨེ་མ་དང་ཐིང་ངེ་ཚུ་ཨིན། ས་གནས་ཀྱི་དམིགས་བསལ་གྱི་ཟ་འཐུང་ པེ་པེན་ (ཁ་ཚ་ཅན་གྱི་ཤ་ཐུག་ཤ་) དང་ ཆི་ལིས་རེ་ལེན་ནོས་ དེ་ལས་ ཏ་མ་ལེས་ཚུ་ ཁྱབ་ཆེཝ་སྦེ་རང་ བཟའ་དོ་ཡོདཔ་ཨིན། ཁྲོམ་འདི་ཡང་ ཐོན་སྐྱེད་གསརཔ་དང་ ལུང་ཕྱོགས་ཀྱི་ བཞེས་སྒོ་ཚུ་ བཙོང་སའི་ ཚོང་ཁང་ཚུ་ནང་ ཡོངས་གྲགས་ཡོདཔ་ཨིན་པས།
ཀུའེ་ཛལ་ཊེ་ནཱང་གོ་གི་དཔལ་འབྱོར་འདི་ སོ་ནམ་གྱི་ལཱ་ནང་ གཏིང་ཟབ་པ་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ཨིན། ལས་ཁུངས་འདི་ནང་ གནམ་གཤིས་མ་འདྲཝ་དང་ མཐོ་ཚད་མ་འདྲཝ་ཡོད་མི་ལུ་བརྟེན་ སྤུས་ཚད་ཅན་གྱི་ ཀོ་ཕི་དང་ ཚོད་བསྲེ་ དེ་ལས་ ཤིང་འབྲས་ཚུ་བརྩིས་ཏེ་ ལོ་ཐོག་མ་འདྲཝ་ཚུ་ འཛུགས་སྐྱོང་འབད་ཚུགསཔ་ཨིན་པས། དཔེར་ན་ ཨཱལ་མོ་ལོང་ག་འདི་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ཚོང་ཁྲོམ་གཉིས་ཆ་རའི་ནང་ ཚོད་བསྲེ་ཐོན་སྐྱེད་འབད་མི་ ཡོངས་གྲགས་ཅན་ཅིག་ཨིན་པས། ད་རུང་ ལུང་ཕྱོགས་འདི་གིས་ བལ་གྱི་ཐགས་རིགས་དང་ རྫ་ཆས་ དེ་ལས་ ཆང་རིགས་ཚུ་ བཟོ་སྐྲུན་འབད་དེ་ བཟོ་གྲྭའི་ཐོན་སྐྱེད་ལུ་ ལྷན་ཐབས་འབདཝ་ཨིན་མས། [༡] ཟེར་བཀོད་ནུག། ཁྲོམ་འདི་ནུབ་ཕྱོགས་ས་ཁ་མཐོ་སའི་ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིནམ་དང་ ཁྲོམ་ཚོགས་ཀྱི་མཐོང་སྣང་དང་ ཁྲོམ་ཚོགས་དང་གྲོང་གསེབ་ཀྱི་མི་རློབས་གཉིས་ཆ་ར་ལུ་ ཞབས་ཏོག་མ་འདྲཝ་ཚུ་བྱིན་དོ་ཡོདཔ་ཨིན་མས། དེ་མ་ཚད་ ལས་འཛིན་ཆུང་བ་དང་བར་མ་ཚུ་གིས་ ས་གནས་ཀྱི་དཔལ་འབྱོར་ལུ་ དབང་བསྒྱུར་འབད་དེ་ ལཱ་གཡོག་བྱིན་ཏེ་ ཚོང་འབྲེལ་ཡར་དྲག་གཏང་དོ་ཡོདཔ་ཨིན་རུང་ ཚོང་འབྲེལ་མང་ཤོས་ཅིག་ར་ ལུགས་ཡངས་ཀྱི་སྒོ་ལས་ལཱ་འབདཝ་ལས་བུ་ལོན་དང་ ལུགས་མཐུན་གྱི་ཚོང་འབྲེལ་ཚུ་ ཐོབ་མ་ཚུགས་པར་ལུས་དོ་ཡོདཔ་ཨིན་མས།
ལྟ་བཤལ་འདི་ ཀུའེ་ཛལ་ཊེ་ནཱང་གོ་གི་དཔལ་འབྱོར་ནང་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ ལས་ཁུངས་ཅིག་ཨིན། ཁྲོམ་ཚོགས་འདི་ནང་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་དང་ དབང་འོག་བཟོ་རིགས་ དེ་ལས་ རང་བཞིན་གྱི་མཛེས་སྡུག་ལྡན་པའི་ ཆུ་མིག་ཚ་དྲོད་དང་ མེ་རི་བཟུམ་གྱི་ཉེ་འདབས་ལུ་ཡོད་མི་འདི་གིས་ ནང་འཁོད་དང་རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ འོང་བཅུགཔ་ཨིན་མས། དེ་མ་ཚད་ དབུས་ཕྱོགས་ཨ་མི་རི་ཀ་གི་རང་དབང་གི་ཉིནམ་བཟུམ་གྱི་ལས་རིམ་ཚུ་གིས་ ལྟ་བཤལ་གྱི་ལཱ་ཚུ་ ཧེང་སྐལ་ར་ ཡར་དྲག་བཏང་སྟེ་ ས་གནས་ཀྱི་ལག་བཟོཔ་དང་ ཚོང་པ་ཚུ་ལུ་ དཔལ་འབྱོར་གྱི་གོ་སྐབས་བྱིནམ་ཨིན། [༡] ཟེར་བཀོད་ནུག། ཁྲོམ་སྡེ་འདི་ནང་ དཔལ་འབྱོར་གྱི་ནུས་པ་ཡོད་རུང་ གདོང་ལེན་ལེ་ཤ་ཅིག་ཡོདཔ་ཨིན། འདི་ཡང་ ཝི་ཀི་པི་ཌི་ཡ་ [༡] གིས་ ལཱ་འབད་མི་མང་ཤོས་ཅིག་ར་ ལུགས་མཐུན་མིན་པའི་ལས་སྡེ་ནང་ལུ་ ལཱ་འབད་དོ་ཡོདཔ་ལས་ མི་སྡེ་ཉེན་སྲུང་དང་ ལས་མི་ཉེན་སྲུང་མེད་པའི་ཁར་ འདི་བཟུམ་གྱི་ ལུགས་མཐུན་མིན་པའི་གནས་སྟངས་ཀྱིས་ ཐོན་སྐྱེད་ལུ་ ཐོ་ཕོགཔ་མ་ཚད་ ཁྲལ་གྱི་འོང་འབབ་ཡང་ ཚད་འཛིན་འབདཝ་ལས་ མི་མང་གི་ གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ནང་ མ་རྩ་བཙུགས་ནི་ལུ་ ཐོ་ཕོགཔ་ཨིན་ཟེར་བཀོད་ནུག། ཁྲོམ་སྡེའི་གཞི་རྟེན་མཐུན་རྐྱེན་ཚུ་ མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ གོམ་ཚད་བཞག་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་མ་ཚད་ ལམ་གྱི་མཐུན་རྐྱེན་ལངམ་སྦེ་མེད་མི་དང་ མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ ལངམ་སྦེ་མེད་མི་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ཞབས་ཏོག་ཚུ་ ལངམ་སྦེ་མེད་མི་ཚུ་གིས་ དཔལ་འབྱོར་གྱི་ལཱ་དང་ མི་ཚེའི་སྤུས་ཚད་ལུ་ ཐོ་ཕོགཔ་ཨིན་པས།
ཀུའེ་ཛལ་ཊེ་ནཱང་གོ་གིས་ མི་སྡེ་དཔལ་འབྱོར་གྱི་ཁྱད་པར་སྟོན་ཡོདཔ་དང་ འདི་གིས་ དམིགས་བསལ་གྱིས་ ས་གནས་ཀྱི་མི་སྡེ་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་དང་ འ་ནཱི་སྡེ་ཚན་ཚུ་ལུ་ ཤེས་རིག་དང་གསོ་བའི་ཞབས་ཏོག་ དེ་ལས་ དཔལ་འབྱོར་གྱི་གོ་སྐབས་ཚུ་ ཚད་འཛིན་འབད་དེ་ཡོདཔ་ལས་ དབུལ་ཕོངས་དང་ མཐའ་ཟུར་གྱི་གནས་སྟངས་ཚུ་ ཡུན་བརྟན་སྦེ་ར་ འབྱུང་དོ་ཡོདཔ་ཨིན་མས། དེ་ལས་ སི་ཡ་ར་ནུ་གེནཊ་ [༢] གིས་ དཔལ་འབྱོར་གྱི་དཀའ་ངལ་ལུ་བརྟེན་ ཀུའེ་ཛལ་ཊེ་ནཱང་གོ་ལས་ མི་མང་ཤོས་ཅིག་གིས་ ཕྱི་རྒྱལ་ལུ་ གོ་སྐབས་འཚོལ་དོ་ཡོདཔ་དང་ རྒྱལ་ཁབ་ནང་ ལོག་བཏང་མི་དངུལ་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབདཝ་ཨིན་རུང་ ས་གནས་ནང་ ལཱ་གཡོག་གི་གོ་སྐབས་མེདཔ་ལས་ གཅིག་ལུ་བརྟེན་སྡོད་དགོཔ་ཐོན་ཏེ་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོགཔ་ཨིན་ཟེར་བཀོད་ནུག། ལུང་ཕྱོགས་འདི་ནང་ལུ་ ནགས་ཚལ་མེདཔ་གཏང་ནི་དང་ ས་གཞི་ཉམས་འགྱོ་ནི་ཚུ་བརྩིས་ཏེ་ མཐའ་འཁོར་གནས་སྟངས་ཀྱི་གདོང་ལེན་ཚུ་ ཐོན་དོ་ཡོདཔ་ལས་ སོ་ནམ་གྱི་ཐོན་སྐྱེད་དང་ སྐྱེ་ལྡན་རིགས་སྣ་ཚུ་ལུ་ ཉེན་ཁ་འབྱུང་དོ་ཡོདཔ་ཨིན་མས། དེ་མ་ཚད་ གནམ་གཤིས་འགྱུར་བ་འདི་གིས་ གནད་དོན་འདི་ཚུ་ ཧེང་སྐལ་ར་ ཚབས་ཆེན་བཟོ་སྟེ་ གནམ་གཤིས་ཚབས་ཆེན་གྱི་གནས་སྟངས་ཚུ་ འཕྲལ་འཕྲལ་སྦེ་ར་བྱུང་སྟེ་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་དོ་ཡོདཔ་ཨིན།
ཀུའེ་ཛལ་ཊེ་ནཱང་གོ་འདི་ གུ་ཝ་ཊི་མ་ལ་རྒྱལ་ཁབ་ཀྱི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ བཟོད་བསྲན་གྱི་ བདེན་ཁུངས་ཅིག་སྦེ་ཡོདཔ་ཨིན། ཁྲོམ་འདི་གི་དཔལ་འབྱོར་འདི་ སོ་ནམ་གྱི་གཞི་རྟེན་དང་ ཚོང་འབྲེལ་གྱི་གནས་སྟངས་ དེ་ལས་ ལམ་སྲོལ་གྱི་ ཕྱུགཔོ་ཚུ་གིས་ ཁྱད་ཆོས་བཏོནམ་ཨིན། ཨིན་རུང་ ཡུན་བརྟན་དང་ བཅའ་མར་གཏོགས་ཚུགས་པའི་ གོང་འཕེལ་གྱི་དོན་ལུ་ ཁྲོམ་སྡེ་གིས་ གཞི་རྟེན་མཐུན་རྐྱེན་གྱི་གྱོང་རྒུད་ཚུ་ བསལ་དགོཔ་མ་ཚད་ དཔལ་འབྱོར་གཞུང་འབྲེལ་བཟོ་དགོཔ་མ་ཚད་ མི་སྡེ་དཔལ་འབྱོར་གྱི་ འདྲ་མཉམ་མེད་པའི་གནས་སྟངས་མར་ཕབ་འབད་ནི་གི་སྲིད་བྱུས་ཚུ་ ལག་ལེན་འཐབ་དགོཔ་ཨིན་པས། གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་ཡོད་རུང་ ས་གནས་ཀྱིས་ལམ་སྲོལ་ཉམས་སྲུང་དང་ དཔལ་འབྱོར་གོང་འཕེལ་ དེ་ལས་ མི་སྡེ་ཡར་རྒྱས་ཚུ་ལུ་ ཁས་བླངས་འབད་མི་འདི་གིས་ གུ་ཝ་ཊི་མ་ལ་གི་རྒྱལ་ཡོངས་ངོ་རྟགས་དང་ མ་འོངས་པའི་དོན་ལུ་ ཁག་ཆེ་བའི་ ཕན་ཐོགས་ཅན་ཅིག་སྦེ་ ཐོན་ཏེ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་དེབ།
- 1 2 3 4 5 6 7 8 9 Wikipedia. (2025). Quetzaltenango. Published by: Creative Commons. Retrieved from: https://en.wikipedia.org/wiki/Quetzaltenango
- ↑ Nugent, C. (2022). They Left Guatemala for Opportunities in the United States. Now They Want To Help Others Stay. Published by: Time. Retrieved from: https://time.com/6166459/guatemala-migration-economy-remittances/