ཀེ་མ་རུན།

སའི་རྒྱ་ཚད་དང་ཆགས་རབས། ཀེ་མ་རུན་འདི་ དབུས་ཨཕ་རི་ཀ་ལུ་ཆགས་ཏེ་ཡོདཔ་དང་ རྒྱལ་ཁབ་འདི་ ནུབ་ཕྱོགས་ལུ་ ནཱའི་ཇི་རི་ཡ་དང་ བྱང་ཤར་ལུ་ ཅཱཌ་ ཤར་ཕྱོགས་ལུ་ སེན་ཊལ་ཨཕ་རི་ཀཱན་རི་པབ་ལིཀ་ དེ་ལས་ ལྷོ་ཕྱོགས་ལུ་ ཨེ་ཀུ་ཊོ་རེལ་གི་ནི་དང་ གྷེ་བྷོན་ དེ་ལས་ ཌེ་མོ་ཀེརེ་ཊིཀ་རི་པབ་ལིཀ་ཨོཕ་ཀོང་གྷོ་ཚུ་གིས་ མཐའ་སྐོར་ཏེ་ཡོདཔ་ཨིན། དེ་མ་ཚད་ ཨེཌི་ལེན་ཊིག་རྒྱ་མཚོ་བདའ་སྟེ་ མཚོ་འགྲམ་ཡང་ཡོདཔ་ཨིན།
རྒྱལ་ཁབ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༤༧༥,༤༤༠ དེམ་ཅིག་ཡོདཔ་ཨིན། ཀེ་མ་རུན་འདི་ བདག་སྐྱོང་ལུང་ཕྱོགས་༡༠ ལུ་དབྱེ་སྟེ་ཡོདཔ་དང་ དེའི་ནང་ལས་ཡང་ ལས་ཁུངས་དང་ ཀ་མུན་ཟེར་བའི་མཉམ་གནས་མི་སྡེ་ཚུ་ལུ་དབྱེ་སྟེ་ཡོདཔ་ཨིན།

ས་ཆའི་གནས་སྟངས་ཀྱི་ཐད་ལུ་ ཀེ་མ་རུན་ལུ་ མཚོ་མཐའི་ཐང་དང་ གངས་རིའི་ལུང་ཕྱོགས་ ཆར་ལྡན་ནགས་ཚལ་དང་ རྩྭ་ཐང་ དེ་ལས་ ས་ཧེལ་ཟེར་བའི་མཚོ་ངོགས་ཚུ་བརྩིས་ཏེ་ ས་ཆའི་གནས་སྟངས་མ་འདྲཝ་ལེ་ཤ་ཡོད་ནི་འདི་གིས་ རྒྱལ་ཁབ་འདི་ལུ་ "ཨཕ་རི་ཀ་ཨིན་མི་ནིཡེ་ཅར་" ཟེར་ཡང་སླབ་དོ་ཡོདཔ་ཨིན། མཐོ་ཚད་མི་ཊར་༤༠༩༥ ཡོད་པའི་ མེ་རི་གཅིག་ཡང་ཨིན་མི་ ཀེ་མ་རུན་གངས་རི་འདི་ རྒྱལ་ཁབ་འདི་གི་གངས་རི་མཐོ་ཚད་མཐོ་ཤོས་གཅིག་ཨིན། རྒྱལ་ཁབ་འདི་ནང་ གནམ་གཤིས་གནས་སྟངས་ཡང་ མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ ལྷོ་ཁ་ཐུག་ལུ་ ཨི་ཀོ་ཊོ་རི་ཡལ་ ཟེར་བའི་གནམ་གཤིས་འདི་ཨིནམ་ལས་ ལོ་གཅིག་ར་ ཚ་དྲོད་ཆེ་བའི་ཁར་ ཆརཔ་ཡང་ཤུགས་སྦེ་རྐྱབ་སྟེ་སྡོད་དོ་ཡོདཔ་ཨིན། དེ་ལས་ བྱང་ཕྱོགས་ལུ་ སི་མི་ཨེ་རིཊ་ ཟེར་བའི་གནམ་གཤིས་འདི་ཨིནམ་ལས་ ཆར་ཆུ་དཀོན་དྲགས་སྦེ་སྡོད་དོ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
ཀེ་མ་རུན་ལུ་ མི་རློབས་ས་ཡ་༢༨.༣༧ དེམ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་དང་ བསྡོམས་ཀྱི་མི་རིགས་༢༥༠ ལྷགཔ་ཅིག་ཡོདཔ་ཨིན། སྡེ་ཚན་གཙོ་བོ་ཚུ་ཡང་ ཕང་བེ་ཏི་ དང་ བཱ་མི་ལེ་ཀེ་ དེ་ལས་ ཕུ་ལ་ནི་དང་ མ་ཀ་ དེ་ལས་ བཱན་ཏུ་དང་སུ་ཌ་ནིཀ་གི་ཁ་སླབ་མི་མི་སྡེ་ཚུ་ཨིན།
འདི་བཟུམ་གྱི་སྣ་མང་འདི་ ཀེ་མ་རུན་གྱི་སྐད་ཡིག་ནང་ལུ་མཐོང་གསལ་ཆེ་དོ་ཡོདཔ་ཨིན། དེ་ཡང་ ཕྲནས་གི་ཁ་སྐད་དང་ཨིང་སྐད་གཉིས་ རྒྱལ་ཁབ་འདི་གི་གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་དང་ རྒྱལ་ཁབ་ནང་ལུ་ ས་གནས་ཀྱི་སྐད་ཡིག་༢༣༠ ལྷགཔ་ཅིག་སླབ་དོ་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
ཀེ་མ་རུན་འདི་ སྲིད་འཛིན་གྱིས་སྐྱོང་བའི་གཞུང་གཅིག་རྐྱངམ་གཅིག་ཡོད་པའི་མི་སེར་རྒྱལ་ཁབ་གཅིག་ཨིན། སྲིད་འཛིན་འདི་ རྒྱལ་ཁམས་ཀྱི་དབུ་ཁྲིདཔ་ཨིན་པའི་ཁར་ དམག་སྤྱི་ཡང་ཨིན། དེ་གུ་ གཞུང་གི་དབུ་ཁྲིདཔ་ཨིན་མི་ བློན་ཆེན་ཡང་ སྲིད་འཛིན་གྱིས་བསྐོ་བཞག་འབད་དོ་ཡོདཔ་ཨིན། སྲིད་འཛིན་ལུ་ འཛིན་སྐྱོང་གི་དབང་ཚད་སྦོམ་སྦེ་ཡོདཔ་མ་ཚད་ གནས་ཡུན་ཡང་ལེ་ཤ་སྦེ་ཕྱག་ཞུ་ཆོགཔ་ཨིན།
ཁྲིམས་བཟོ་ལྷན་སྡེ་འདི་ ཚོགས་ཁང་གཉིས་ལྡན་ཨིནམ་དང་ དེ་ནང་ རྒྱལ་ཡོངས་ཚོགས་སྡེ་དང་ སེ་ནེཊ་ ཟེར་བའི་ཚོགས་ཁང་གཉིས་ཚུདཔ་ཨིན། ཀེ་མ་རུན་འདི་ གཞུང་འབྲེལ་དུ་ ཚོགས་པ་སྣ་མང་གི་དམངས་གཙོའི་རྒྱལ་ཁབ་གཅིག་ཨིན་རུང་ སྲིད་དོན་གྱི་གནས་སྟངས་འདི་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཀེ་མ་རུན་པི་པལསི་ཌེ་མོ་ཀྲེ་ཊིག་མུཕ་མེནཊ་ཟེར་བའི་ཚོགས་པ་འདི་གིས་ དབང་སྟེ་ཡོདཔ་དང་ ཚོགས་པ་འདིའི་སྲིད་འཛིན་ པཱའོལ་བི་ཡ་ ཟེར་མི་འདི་གིས་ རྒྱལ་ཁབ་འདིའི་སྲིད་འཛིན་སྦེ་ གནས་ཡུན་རིང་ཤོས་ཕྱག་ཞུ་ཡོདཔ་ཨིན།
ལམ་སྲོལ་དང་ཆོས་ལུགས།
མི་རིགས་མ་འདྲཝ་ཡོད་མི་དང་ གཞན་གྱི་དབང་འོག་སྡོད་པའི་བྱུང་རབས་ དེ་ལས་ ས་ཆའི་གནས་སྟངས་ཚུ་གི་ཤན་ཞུགས་ལས་བརྟེན་ ཀེ་མ་རུན་ལུ་ ལམ་སྲོལ་ཡང་ རྣམ་པ་སྣ་ཚོགས་སྦེ་ཡོདཔ་ཨིན། མ་ཀོ་ས་དང་བི་ཀུ་ཙི་ ལ་སོགས་པའི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ རང་ལུགས་ཀྱི་གྱོན་ཆས་དང་བཞེས་སྒོ་ཚུ་ རྒྱལ་ཁབ་འདིའི་ལམ་སྲོལ་གྱི་བརྡ་སྟོན་ཁག་ཆེ་ཤོས་ཅིག་ཨིན།
ཆོས་ལུགས་ཀྱི་ཐད་ཁར་ ཀེ་མ་རུན་ལུ་ མི་རློབས་བརྒྱ་ཆ་༧༠ དེམ་ཅིག་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཨིན། དེ་ལས་བརྒྱ་ཆ་༢༠ དེམ་ཅིག་ ཁ་ཆེའི་ཆོས་ལུགས་འཛིན་མི་དང་ བརྒྱ་ཆ་༡༠ དེམ་ཅིག་ ཨཕ་རི་ཀའི་རང་ཡུལ་གྱི་ཆོས་ལུགས་འཛིན་མི་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་འདིའི་རྩ་ཁྲིམས་ཀྱིས་ ཆོས་ལུགས་ཀྱི་དལ་དབང་བྱིན་ཏེ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
ཀེ་མ་རུན་གྱི་དཔལ་འབྱོར་འདི་ མ་རྩའི་རིང་ལུགས་དང་ དམངས་དབང་རིང་ལུགས་ཀྱི་ལྟ་བ་གཉིས་སླ་བསྲེ་སྟེ་ཡོད་པའི་དཔལ་འབྱོར་སྦེ་བརྩི་དོ་ཡོདཔ་ཨིན། དེ་ལས་ སོ་ནམ་དང་ས་སྣུམ་ ས་གཏེར་དང་ཞབས་ཏོག་ཚུ་ དཔལ་འབྱོར་གྱི་ལས་སྡེ་གཙོ་བོ་སྦེ་བརྩི་དོ་ཡོདཔ་ཨིན། ཁོང་གི་ཕྱིར་ཚོང་གཙོ་བོ་ཚུ་ཡང་ མ་བཙགས་པའི་ས་མར་ཁུ་དང་ རྡོ་སྣུམ་གྱི་ཐོན་སྐྱེད་ ཀོ་ཀོ་དང་ ཀ་ཕི་ ཀ་བལ་ དེ་ལས་ ཤིང་ཆས་ཚུ་ཨིན།
མི་རློབས་མང་ཤོས་རང་ སོ་ནམ་ལས་སྡེ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་དང་ ཕྱིར་ཚོང་གི་འོང་འབབ་མང་ཤོས་རང་ ས་མར་ཁུ་དང་མེ་རླུང་ཚུ་ལས་བརྟེན་ཐོབ་དོ་ཡོདཔ་ཨིན། དཔལ་འབྱོར་གྱི་ནུས་ཤུགས་ཡོད་རུང་ རྒྱལ་ཁབ་ནང་ ངན་ལྷད་ཡོད་མི་དང་ གཞི་རྟེན་མཐུན་རྐྱེན་ཚུ་ལངམ་སྦེ་མེད་མི་ དེ་ལས་ ལུང་ཕྱོགས་ཀྱི་ཟིང་འཁྲུག་ ལ་སོགས་པ་ཚུ་ལས་བརྟེན་ ཁོང་གི་དཔལ་འབྱོར་གོང་འཕེལ་ལུ་གདོང་ལེན་བྱུང་དོ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ ཡ་འུན་ཌི།
ཀེ་མ་རུན་གྱི་རྒྱལ་ས་ལྟེ་བ་ ཡ་འུན་ཌི་འདི་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུང་ཕྱོགས་ནང་ ནགས་ཚལ་གྱི་ལ་ཐང་གཅིག་ནང་ ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་ལུ་ མིང་གི་རྣམ་གྲངས་ "གངས་རི་བདུན་གྱི་ཁྲོམ་ཚོགས་" ཟེར་ཡང་སླབ་དོ་ཡོདཔ་དང་ ཁྲོམ་འདི་ རྒྱལ་ཁབ་ཀྱི་བདག་སྐྱོང་དང་སྲིད་དོན་གྱི་ལྟེ་བ་གཅིག་ཨིན། ཡ་འུན་ཌི་འདི་ ཌོ་ཨ་ལའི་ཁྲོམ་བཟུམ་སྦེ་ དཔལ་འབྱོར་གྱི་དབང་ཤུགས་ཅན་མེན་རུང་ ཁྲོམ་འདི་ ཀེ་མ་རུན་གི་རྒྱལ་ཡོངས་ངོ་རྟགས་རྩ་བརྟན་བཟོ་ནི་དང་ གཞུང་སྐྱོང་གི་ལམ་སྟོན་འབད་ནི་ནང་ གལ་གནད་ཆེ་བའི་ཁྲོམ་ཅིག་ཨིན།
ཁྲོམ་འདི་ དུས་རབས་༡༩ པ་མཇུག་བསྡུ་ཁམས་ལུ་ ཇཱར་མ་ནི་གི་དབང་འོག་དུས་སྐབས་ལུ་ གཞི་བཙུགས་འབད་ཡོདཔ་ཨིན། དེ་བསྒང་ ས་གནས་འདི་ནང་ ས་སྲུང་དམག་སྒར་དང་ ཞིབ་འཚོལ་ལྟེ་བ་གཅིག་གཞི་བཙུགས་འབད་ཡོདཔ་དང་ དེ་ལས་འགོ་བཟུང་ ཁྲོམ་འདི་ཆགས་ནའི་འགོ་བཙུགས་ཡོདཔ་ཨིན་པས། འཛམ་གླིང་དམག་ཆེན་དང་པའི་ནང་ ཇཱར་མ་ནི་ཕམ་པའི་ཤུལ་ལས་ ཕྲནས་གི་དམག་སྡེ་གིས་ ལུང་ཕྱོགས་འདི་ དབང་དུ་བསྡུ་ཡོདཔ་དང་ མཐའ་མཇུག་ཁར་ ཡ་འུན་ཌི་འདི་ ཕྲནས་ཀྱིས་བདག་སྐྱོང་འཐབ་མི་ ཀེ་མ་རུན་གྱི་རྒྱལ་ས་ལྟེ་བ་ལུ་འགྱུར་ཡོདཔ་ཨིན་པས། དེ་ལས་ སྤྱི་ལོ་༡༩༦༠ ལུ་ ཀེ་མ་རུན་ རང་དབང་ཐོབ་པའི་ཤུལ་ལས་ཡང་ ཡ་འུན་ཌི་འདི་ འཕྲོ་མཐུད་དེ་རང་ རྒྱལ་ས་ལྟེ་བ་སྦེ་བཞག་ཡོདཔ་དང་ དེ་གི་ཤུལ་ལས་ རིམ་གྱིས་སྦེ་ ས་གནས་འདི་ ཁྲོམ་ཚོགས་ལྟེ་བ་སྦོམ་གཅིག་ལུ་འགྱུར་ཡོདཔ་ཨིན།
ཡ་འུན་ཌི་གི་མཐོ་ཚད་འདི་ མཚོ་ཁ་ལས་ མི་ཊར་༧༥༠ དེམ་ཅིག་ཡོདཔ་ལས་ ཚ་དྲོད་རན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་མ་ཚད་ ཆརཔ་ཡང་འབོལ་ཏོག་ཏོ་སྦེ་རྐྱབ་སྟེ་ མཐའ་འཁོར་གྱི་ས་ཆ་ཚུ་སྔོ་ལྗང་ལྡན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན། དེ་ལས་ ཁྲོམ་འདིའི་སའི་ཆགས་ཚུལ་འདི་གིས་ ཁྲོམ་གྱི་མཛེས་སྡུག་ལུ་ཕན་གྲོགས་འབད་དོ་ཡོདཔ་དང་ སྒོར་ལྟབ་ཅན་གྱི་འཁོར་ལམ་ཚུ་དང་སྤོ་ཏོ་ཚུ་གུ་ལས་ཕར་ཆགས་ཏེ་ཡོད་པའི་ཁྱིམ་ཚོགས་ཚུ་གིས་ ཁྲོམ་འདི་ཧེང་སྐལ་ འཇའ་ཆི་ཆི་བཟོཝ་ཨིན།
ད་རེས་ནངས་པ་ ཡ་འུན་ཌི་ལུ་ མི་རློབས་ས་ཡ་༢.༥ ལྷགཔ་ཅིག་ཡོདཔ་དང་ དེ་ཁར་ ཀེ་མ་རུན་གྱི་གཞུང་འབྲེལ་གཙུག་སྡེ་གཙོ་བོ་དང་ ཕྱི་རྒྱལ་གྱི་གཞུང་ཚབ་ཡིག་ཚང་ དེ་ལས་ རྒྱལ་སྤྱིའི་འདུས་ཚོགས་ཚུ་ཡང་ཡོདཔ་ཨིན། དེ་ལས་ ཁྲོམ་སྡེའི་དཔལ་འབྱོར་འདི་ མི་མང་བདག་སྐྱོང་དང་ ཤེས་རིག་ དེ་ལས་ ཞབས་ཏོག་ལས་སྡེ་ཚུ་ལུ་བརྟེན་དོ་ཡོདཔ་ཨིན། ཟ་འཐུང་བཟོ་སྦྱོར་དང་ཏམ་ཁུ་ དེ་ལས་ གོ་ལ་དང་ཤིང་ཆས་ཚུ་ ཁོང་གི་བཟོ་གྲྭ་གཙོ་བོ་སྦེ་བརྩི་དོ་ཡོདཔ་ཨིན།
ལམ་སྲོལ་གྱི་ཐད་ལུ་ ཡ་འུན་ཌི་ལུ་ མི་རིགས་སྣ་མང་སྦེ་ཡོདཔ་ལས་ ལམ་སྲོལ་ཡང་འདྲ་མིན་སྣ་ཚོགས་སྦེ་ཡོདཔ་ཨིན། ཕྲནས་དང་ཨིང་ལིཤ་གཉིས་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་དང་ ཁྲོམ་ཚོགས་ཚུ་ནང་ ཕྲནས་ཀྱི་སྐད་ཡིག་འདི་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ཨིན། དེ་གུ་ ཡ་འུན་ཌི་འདི་ ལམ་སྲོལ་གྱི་ལྟེ་བ་གཅིག་ཨིནམ་དང་ གཅིག་སྒྲིལ་དྲན་རྟེན་དང་ རྒྱལ་ཡོངས་འགྲེམས་སྟོན་ཁང་ ལ་སོགས་པའི་ རྒྱལ་ཡོངས་ཀྱི་བྱུང་རབས་ཅན་གྱི་ས་རྟགས་ཚུ་ ཁྲོམ་འདི་ནང་ཡོདཔ་དང་ ས་རྟགས་འདི་ཚུ་ལས་བརྟེན་ ཀེ་མ་རུན་གི་རྒྱལ་རབས་འཕེལ་འགྱུར་གྱི་སྐོར་ལས་ ཤེས་ཚུགས་དོ་ཡོདཔ་ཨིན། དེ་ལས་ ས་གནས་ཀྱི་ཚོང་ཁང་དང་ ཁྲོམ་ལམ་གྱི་ཟ་འཐུང་ཚོང་པ་ དེ་ལས་ སྙན་ཆའི་ས་ཁོངས་ཚུ་གིས་ ཁྲོམ་འདི་ནང་གི་མི་སེར་ཚུ་གི་ཉིན་བསྟར་གྱི་མི་ཚེའི་གནས་སྟངས་འདི་ ཧེང་སྐལ་སྤྲོ་ཉམས་ཅན་བཟོ་དོ་ཡོདཔ་ཨིན།
ཡ་འུན་ཌི་འདི་ ཤེས་ཡོན་གྱི་ལྟེ་བ་ཅིག་ཡང་ཨིནམ་དང་ ཡ་འུན་ཌི་གཙུག་ལག་སློབ་སྡེ་ ལ་སོགས་པའི་གཙུག་སྡེ་ཚུ་ དབུས་ཨཕ་རི་ཀ་གི་ས་གནས་ཚུ་ནང་ལས་ སློབ་ཕྲུག་ཚུ་ དཔེ་ཆ་བལྟ་བ་འོང་སའི་ས་ཁོངས་ཅིག་ཡང་ཨིན། ཁྲོམ་ཚོགས་ཀྱི་ན་གཞོན་ཅན་གྱི་མི་རློབས་ཡར་སེང་འགྱོ་མི་འདི་གིས་ ཁྲོམ་འདིའི་ཤེས་ཡོན་དང་མི་སྡེའི་གནས་སྟངས་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་རུང་ རྒྱུན་འགྲུལ་བཀག་ཐོགས་དང་ཚུལ་མིན་གྱིས་གཞིས་ཆགས་ནི་ ལ་སོགས་པའི་གདོང་ལེན་ཚུ་བྱུང་དོ་ཡོདཔ་ཨིན།
ཁྲོམ་ཚོགས་གོང་འཕེལ་མགྱོགས་དྲགས་སྦེ་སོང་ཡོད་རུང་ ཡ་འུན་ཌི་གིས་ ཨཕ་རི་ཀའི་རྒྱལ་ས་ལྟེ་བ་སྦོམ་ཚུ་དང་ཕྱདཔ་ད་ལུ་ ཞི་བདེ་དང་སྒྲིག་ལམ་གྱི་རང་གཤིས་ཚུ་ བདག་འཛིན་འཐབ་སྟེ་ཡོདཔ་ཨིན། རྒྱལ་ས་ལྟེ་བ་ཅིག་འབད་ནི་འདི་གིས་ གཞི་རྟེན་མཐུན་རྐྱེན་དང་ཁྲོམ་ཚོགས་འཆར་གཞི་བརྩམ་ནི་ནང་ལུ་ འཕྲོ་མཐུད་དེ་རང་ ཟད་འགྲོ་གཏང་དོ་ཡོདཔ་དང་ དེ་ལས་བརྟེན་ ཁྲོམ་འདི་ རྒྱལ་ཡོངས་དང་ལུང་ཕྱོགས་ལས་དོན་གཉིས་ཆ་རའི་ནང་ གལ་གནད་ཆེ་བའི་ཁྲོམ་ཅིག་ལུ་འགྱུར་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- CIA World Factbook – Cameroon
- World Bank – Cameroon Country Profile
- Republic of Cameroon – Ministry of Territorial Administration
- Britannica – Geography of Cameroon
- Climate-Data.org – Cameroon Climate
- United Nations – World Population Prospects 2023
- Minority Rights Group International – Cameroon
- Ethnologue – Languages of Cameroon
- Constitution of the Republic of Cameroon (1996, revised)
- Human Rights Watch – Cameroon Political Environment
- UNESCO – Intangible Cultural Heritage: Cameroon
- U.S. Department of State – International Religious Freedom Report: Cameroon
- International Trade Centre – Cameroon Export Profile
- IMF – Cameroon Economic Outlook
- Encyclopædia Britannica – Yaoundé
- BlackPast.org – Yaoundé, Cameroon (1888–)
- MobiliseYourCity – Yaoundé Urban Mobility Plan
- Penguin Travel – The Treasures of Yaoundé
- ravel Navigator – Spotlight City: Yaoundé, Cameroon