Jump to content

ཀེན་དོ། ཝེཊ་ནམ། Can Tho, Vietnam

Wikipedia ལས།
ཚོང་འབྲེལ་འཐབ་ས་ཆུའི་ཐོག་ཁ།

༉ ཀེན་དོ་འདི་ ཝེཊ་ནམ་རྒྱལ་ཁབ་ཀྱི་ལྷོ་ཁ་ཐུག་གི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་ཚོགས་འདི་ ཧའུ་གཙང་ཆུའི་ལྷོ་ཁ་ཐུག་གི་འགྲམ་གུར་ཆགས་ཡོདཔ་དང་ སྤྱི་ལོ་ ༢༠༢༤ ལུ་མི་རློབས་ ༡,༥༠༧,༡༨༧ ཡོདཔ་སྦེ་བཀོད་དེ་ཡོདཔ་ཨིན་པས། ཁྲོམ་འདི་ ཧོ་ཅི་མིན་ཁྲོམ་ཚོགས་ལས་ ཀི་ལོ་མི་ཊར་ ༡༦༩ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པས།[] ཁྲོམ་ཚོགས་འདི་ གཞུང་གིས་ཟད་འགྲོ་གནམ་མེད་ས་མེད་བཏང་པའི་ཁྲོམ་ཅིག་འབདཝ་ལས་ རིམ་པ་བཞིན་དུ་ཡར་རྒྱས་གོང་འཕེལ་སོང་བཞིན་ཡོདཔ་ཨིན། ད་རེས་ཁྲོམ་ཚོགས་འདི་ལྷོ་ཕྱོགས་ཝེཊ་ནམ་གྱི་ཁྲོམ་ཚོགས་མཛེས་ཏོག་ཏོ་དང་འཇའ་ཆི་ཆི་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། []ཀེན་དོ་འདི་ ཝེཊ་ནམ་གྱི་ཁྲོམ་ཚོགས་ཨང་བཞི་པ་ཨིནམ་མ་ཚད་ མེ་ཀོང་གཙང་ཆུ་གྱེས་སའི་ཁྲོམ་ཚོགས་ཚུ་གི་གྲས་ལས་ ཁྲོམ་སྦོམ་ཤོས་ཅིག་ཨིན་པས། ཁྲོམ་འདི་གི་སྐྱོན་མིང་ནུབ་ཕྱོགས་ཀྱི་ཁྲོམ་ཆེན་ཟེར་སླབ་ཨིན་པས། ཁྲོམ་འདི་རང་དབང་ཅན་གྱི་ཁྲོམ་སྡེ་ཅིག་ཨིནམ་དང་ དབང་ཚད་ཀྱི་ཐད་ཀར་ རྒྱལ་ཁབ་ཀྱི་མངའ་སྡེ་ཚུ་གི་དབང་ཚད་བཟུམ་སྦེ་ར་ཡོདཔ་ཨིན། ཁྲོམ་ཚོགས་འདི་ རྫོང་ཁག་གནས་ཚད་ཀྱི་ཡན་ལག་ དགུ་ལུ་བགོ་སྟེ་ཡོད་ས་ལས་ ༥ ཁྲོམ་སྡེའི་གནས་ཚད་ཀྱི་རྫོང་ཁག་དང་ ༤ གྲོང་གསེབ་གནས་ཚད་ཀྱི་རྫོང་ཁག་ཨིན་པས། []

ཀེན་དོ་ལུ་ན་གཞོན་དང་ཤེས་ཡོན་སྦྱང་འདོད་ཡོད་མི་ཚུ་གི་དོན་ལུ་ གཙུག་ལག་སློབ་སྡེ་ཡོདཔ་ཨིན། ཁྲོམ་ཚོགས་དེ་ཁར་མཚོ་གླིང་ཆུང་ཀུ་ཡང་ལེ་ཤ་ར་ཡོདཔ་ཨིན། གྲུ་རྩེདམོ་རྩེ་ས་དང་ ཆུ་བདའ་སྟེ་མི་ཚུ་འར་འུར་ཟང་ཟིང་སྦེ་ཚོང་འབྲེལ་འཐབ་སའི་ཚོང་ཁྲོམ་ཡང་མཐོང་ཚུགས་ནི་ཨིན་པས། ཁྲོམ་ཚོགས་ཀྱི་ས་གནས་ནང་འཁོད་ལས་ཐོན་པའི་བཞེས་སྒོ་དང་ཟས་ དཔེར་ན་རྒྱ་ཐུག་མ་འདྲཝ་ཚུ་ཡང་འཐོབ་ཚུགས་ནི་ཨིན། སྤྱི་ལོ་ ༡༨༧༠ ལུ་བཟོ་ཡོད་པའི་ བིན་ཋུ་ཝི་དང་ཕུའི་ཁྱིམ་རྙིངམ་ཡང་ཁྲོམ་ཚོགས་ཀྱི་ས་གནས་ནང་མཐོང་སར་ཡོདཔ་ཨིན། []

ཀེན་དོ་ལུ་ཚ་དྲོད་ཡོད་པའི་གནམ་གཤིས་ཡོདཔ་ཨིན། གནམ་བྱཱ་ལུ་ ཆརཔ་གནམ་མེད་ས་མེད་རྐྱབ་དོ་ཡོདཔ་དང་ ལོ་གཅིག་ནང་མང་ཤོས་ར་ ཚ་ཏོག་ཏོ་དང་སྐམ་ཀྲག་ཀྲ་སྦེ་ར་སྡོདཔ་ཨིན་པས། ཟླཝ་བཅུ་གཉིས་ལས་ བསིལ་ཤོས་ར་སྤྱི་ཟླ་ ༡༢ པ་དང་ ༡ པའི་ནང་ཨིནམ་དང་ ཆརཔ་རྐྱབ་པའི་ཟླཝ་དེ་ སྤྱི་ཟླ་ ༧ པ་ལས་ ༡༡ པའི་ནང་ཨིན་པས། སྤྱི་ཟླ་ ༣ པ་ལས་ ༦ པ་ཚུན་ཚོད་ དྲོད་ཆེཝ་སྦེ་སྡོདཔ་ཨིན་པས། []

འགྲོ་འགྲུལ་གྱི་དོན་ལུ་ སྣུམ་འཁོར་དང་རྐང་འཁོར་ གྲུ་གི་ཞབས་ཏོག་ཚུ་ཡོདཔ་དང་ ཁྲོམ་དང་མངའ་སྡེ་གཞན་ཁ་ལས་ཁྲོམ་ཚོགས་འདི་ནང་འོང་ནིའི་དོན་ལུ་ གནམ་གྲུ་གི་ཞབས་ཏོག་ཡང་ཡོདཔ་ཨིན། ཁྲོམ་ཚོགས་འདི་ལམ་སྲོལ་དང་དཔལ་འབྱོར་ ལྟ་བཤལཔ་ཕྱུག་པའི་ས་ཁོངས་ཅིག་ཨིནམ་མ་ཚད་ ཤིང་འབྲས་ལྡུམ་ར་ལེ་ཤ་ཡོདཔ་དང་ ཆུར་ཐོག་ལོ་ཐོག་འཛུགས་སྐྱོང་ བྱུང་རབས་ཅན་གྱི་ས་གནས་ དུས་སྟོན་མ་འདྲཝ་བརྩི་ས་ དང་ཕུའི་ཁྱིམ་དང་བཞེས་སྒོ་མ་འདྲཝ་ཚུ་མཐོང་སའི་ས་ཁོངས་ཡང་ཡོདཔ་ཨིན། མི་ཚུ་གི་འཚོ་བའི་གནས་སྟངས་འདི་དགའ་ཏོག་ཏོ་ཡོད་པའི་ཁར་ ཆུ་བདའ་ཡོད་པའི་གཡུས་ཚན་ཚུ་ནང་ མགྱོནམ་སྐྱོང་དགའ་སྤྲོད་དང་བཅས་པའི་སྒོ་ལས་ལྷོད་ཆི་ཆི་སྦེ་སྐྱོང་དོ་ཡོདཔ་ཨིན། ས་གནས་ལ་ལུ་ཅིག་ནང་ གྲུ་དང་གྲུ་ཐོག་སྐྱེལ་ལེན་འབད་བའི་ཅ་ཆས་ཚུ་ཡོདཔ་མ་ཚད་ གྲུ་ཐོག་གི་ཚོང་ཁང་དང་ལྡིང་ཁྲོམ་ཡོདཔ་ཨིན། ཆོས་ལུ་དད་པ་དང་དག་སྣང་ཡོད་མི་ཚུ་གི་དོན་ལུ་ ལྷ་ལུ་གསོལཝ་བཏབ་སའི་ལྷ་ཁང་རྙིངམ་ཨོང་པ་གོ་ཌ་བཟུམ་གྱི་ལྷ་ཁང་དང་ཆོས་འབྲེལ་གྱི་བཟོ་བཀོད་ལེ་ཤ་མཇལ་སར་ཡོདཔ་ཨིན། དེ་བཟུམ་སྦེ་མི་ཚུ་རྐང་སྟོང་སྦེ་འགྲོ་འགྲུལ་འབད་ནི་གི་དོན་ལུ་ མི་ཚུ་ལམ་འགྱོ་སའི་ཟམ་ཧ་ལས་སི་སི་ཡང་ཡོདཔ་ཨིན། ལྡུམ་ར་དང་འགྲེམས་སྟོང་ཁང་ དང་ཕུའི་བཙོན་ཁང་ གྲུ་ཐོག་ཚོང་ཁྲོམ་ མཚོ་འགྲམ་ ཟ་ཁང་ སྐྱིད་གནས་ཁང་ ཕྱི་རུའི་ཁྲོམ་ ཚུ་ཡོདཔ་ཨིན། དེ་ལས་ རི་དྭགས་སེམས་ཅན་དང་ཤིང་ཚུ་ཉམས་སྲུང་འབད་ནིའི་དོན་ལུ་ བང་ལང་ཨིསི་ཊོག་ཉེན་སྲུང་ས་ཁོངས་ཡང་ཁྲོམ་ཚོགས་དེ་ནང་ཡོདཔ་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་ཁུངས་དཔེ་དེབ།

  1. ཝི་ཀི་པི་ཌི་ཡ།(༢༠༢༡) ཀཱན་ཐའོ། https://en.wikipedia.org/wiki/C%E1%BA%A7n_Th%C6%A1 ནང་ལས་ཐོབ་ཡོདཔ་ཨིན།
  2. 1 2 3 4 འགྱུར་བ་མེད་པའི་ཝེཊ་ནམ་གྱི་མཛེས་སྡུག། (ལོ་མེད།) ཀེན་དོ། https://vietnam.travel/places-to-go/southern-vietnam/can-tho ནང་ལས་ཐོབ་ཡོདཔ་ཨིན།