ཀེན་ཡ། (Kenya)
ངོ་སྤྲོད་དང་ཆགས་རབས།
ཀེན་ཡ་འདི་ ཤར་ཨཕ་རི་ཀ་ལུ་ རྒྱ་གར་རྒྱ་མཚོ་དང་མཐུད་དེ་ ཡོདཔ་ཨིན། དེ་གིས་ ས་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་༥༨༠,༣༦༧ (མའིལ་གྲུ་བཞི་༢༢༤༠༨༡) ཁྱབ་སྟེ་ཡོདཔ་ཨིན། ཀེན་ཡ་འདི་ རྒྱལ་ཁབ་བརྒྱུད་དེ་ ཡོད་པའི་ གེརེཊ་རིཕཊ་(Great Rift) ལུང་གཤོངས་རྩིས་ཏེ་ ས་ཆའི་གནས་སྟངས་མ་འདྲཝ་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། གེརེཊ་རིཕཊ་(Great Rift) ལུང་གཤོངས་འདི་ གངས་རི་དང་མེ་རིའི་རི་ དེ་ལས་ མཚོ་ཚུ་ཡོད་པའི་ས་ཆ་ཅིག་ཨིན། ཀེན་ཡ་ལུ་ རྒྱ་གར་རྒྱ་མཚོ་བདའ་སྟེ་ མཚོ་འགྲམ་ དེ་ལས་ བྱེམ་གྱི་རྡོ་ཚུ་ ཡོདཔ་ཨིན་པས། རྒྱལ་ཁབ་འདི་ ཆེ་བ་ལྔ་(Big Five) ཟེར་སེང་གེ་དང་ གླངམོ་ཆེ་ གཅན་གཟན་ བསེ་རུ་ དེ་ལས་ མ་ཧེ་ཚུ་རྩིས་ཏེ་ རི་དྭགས་སེམས་ཅན་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། [༡]
མི་རློབས་དང་མི་རིགས།
ཀེན་ཡ་གི་མི་རློབས་འདི་ སྤྱི་ལོ་༢༠༢༥ བར་ཁམས་ཅིག་ཁར་ མི་ས་ཡ་༥༧.༥ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ལས་ འཛམ་གླིང་ནང་ མི་རློབས་མང་ཤོས་ཡོད་པའི་ རྒྱལ་ཁབ་ཨང་༢༦ པ་ཨིན་པས། འདི་གིས་ འཛམ་གླིང་ནང་གི་མི་རློབས་བརྒྱ་ཆ་༠.༧ དེ་ཅིག་ཡོདཔ་སྦེ་ བཏོནམ་ཨིན་པས། ཀེན་ཡ་གི་མི་རིགས་འདི་ མ་འདྲཝ་སྦེ་ཡོདཔ་ད་ འདི་ཡང་ བཱན་ཊུ་(Bantu) དང་ ནི་ལོ་ཊིཀ་(Nilotic), སོ་མ་ལི་(Somali), ཨ་རབ་(Arab) དང་ རྒྱ་གར་གྱི་སྡེ་ཚན་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པས།
སྡེ་ཚན་སྦོམ་ཤོས་ བཱན་ཊུ་(Bantu) འདི་ ངོ་མ་ར་ དབུས་ཕྱོགས་དང་ནུབ་ཕྱོགས་ཀྱི་ ལུང་ཕྱོགས་ནང་ སོ་ནམ་པ་ཚུ་ཨིནམ་ད་ ནི་ལོ་ཊིཀ་(Nilotic) སྡེ་ཚན་འདི་ སྔར་སྲོལ་གྱི་ཆོས་སྡེ་མཁས་པ་ དེ་ལས་ བྱང་དང་ཤར་ལུ་ སྡོད་དོ་ཡོདཔ་ཨིན་པས། སོ་མ་ལི་(Somali) འདི་ བྱང་ཤར་ཁ་ཐུག་ལུ་ཆགས་ཡོདཔ་ད་ ཚོང་པ་ཚུ་གི་བརྒྱུད་པ་ ཨ་རབ་ཀྱི་མི་སྡེ་ཚུ་ མཚོའི་མཐའ་མར་ མཐོང་དོ་ཡོདཔ་ཨིན་པས། རྒྱ་གར་གྱི་མི་སྡེ་འདི་ དབང་འོག་རྒྱལ་ཁབ་ཀྱི་དུས་སྐབས་ལས་ ཚོང་པ་དང་ལས་མི་ཚུ་གི་བརྒྱུད་པ་ མང་ཤོས་ཅིག་རང་ ཁྲོམ་ཚོགས་ནང་ལུ་ གལ་གནད་ཅན་གྱི་གནས་ཏེ་ཡོདཔ་ཨིན། སྡེ་ཚན་མ་འདྲཝ་ཚུ་གིས་ ཁོང་རའི་ལམ་སྲོལ་དང་ལམ་སྲོལ་ཚུ་གིས་ ཀེན་ཡ་གི་མི་སྡེ་ནང་ལུ་ ཕན་ཐོགས་འབདཝ་ཨིན་པས། [༢]
གཞུང་སྐྱོང་ལམ་ལུགས།
ཀེན་ཡ་གི་སྲིད་དོན་ལམ་ལུགས་འདི་ སྤྱི་ཚོགས་ཀྱི་ དམངས་གཙོའི་གཞུང་གི་ལམ་ལུགས་ཅིག་ཨིན་མས། ཚོགས་ཁང་གོང་འོག་ཡོདཔ་དང་ འདི་ཡང་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ཨིན། ཚོགས་འདུ་ནང་འཐུས་མི་བསྡོམས་༣༤༩ ཡོདཔ་ཨིནམ་དང་ འདི་ཡང་ འདེམས་ཁོངས་ལས་བཙག་འཐུ་གྲུབ་མི་༢༩༠ དང་བཙག་འཐུ་འབད་བའི་ཨམ་སྲུའི་འཐུས་མི་༤༧ དེ་ལས་དམིགས་བསལ་གྱི་བསྐོ་བཞག་ འབད་ཡོད་པའི་འཐུས་མི་༡༢ ཡོདཔ་ཨིན། དམིགས་བསལ་གྱི་འཐུས་མི་ཚུ་ཡང་ ན་གཞོན་ དབང་པོ་སྐྱོན་ཅན་ སྤྱིར་བཏང་ལས་མི་ དེ་ལས་སྡེ་ཚན་གཞན་ཚུ་ལས་ཡོདཔ་ཨིན།
རྒྱལ་ཡོངས་ཚོགས་སྡེ་ནང་ འཐུས་མི་༦༧ ཡོདཔ་དང་ འདི་ཡང་ བཙག་འཐུ་ལས་གྲུབ་པའི་འཐུས་མི་༤༧ དང་ དམིགས་བསལ་སྦེ་མསྐོ་བཞག་འབད་བའི་འཐུས་མི་༢༠ ཡོདཔ་ཨིན་(ཨམ་སྲུའི་ངོ་ཚབ་༡༦ དང་ན་གཞོན་གྱི་ངོ་ཚབ་༢ དེ་ལས་དབང་པོ་སྐྱོན་ཅན་གྱི་ངོ་ཚབ་༢ ཨིན་)། ཚོགས་ཁང་གོང་འོག་གཉིས་ཆ་ར་ནང་ ལོ་ལྔའི་རིང་ བཙག་འཐུ་གྲུབ་ཡོདཔ་ཨིན་པས། ཚོགས་ཁང་གཉིས་ལུ་དབང་ཚད་སོ་སོ་ཡོད་རུང་ ལམ་ལུགས་འདི་རྒྱལ་ཁབ་གཞན་ནང་བཟུམ་རང་ཡོདཔ་ཨིནམ་དང་ འདི་ཡང་ཚོགས་ཁང་འོག་མ་ནང་ ཁྲིམས་བཟོ་དང་བསྒྱུར་བཅོས་ འཆར་དངུལ་དང་ཁྲལ་གྱི་གནང་བ་ བསྐོ་བཞག་འབད་ནི་དང་གན་ཡིག་གི་གནང་བ་ དེ་ལས་སྲིད་འཛིན་དང་ སྲིད་འཛིན་འོག་མ་གཉིས་ལུ་གནས་དབྱུང་འབད་ནིའི་དབང་ཆ་ཚུ་ཡོདཔ་ཨིན། ཚོགས་སྡེ་ལུ་ཡང་ མངའ་སྡེའི་ངོ་ཚབ་འབད་ནི་དང་ ཁྲིམས་བཟོ་འབད་ནི་ དེ་ལས་ འཆར་དངུལ་བགོ་བཀྲམ་ཚུ་གི་དབང་ཆ་ཡོདཔ་ཨིན་པས།
ཀེན་ཡ་རྒྱལ་ཁབ་ནང་ རྒྱལ་ཁབ་དང་གཞུང་གི་དབུ་ཁྲིདཔ་གཉིས་ཆ་ར་ སྲིད་འཛིན་འདི་ཨིན། སྲིད་འཛིན་འདི་དམག་གི་གཙོ་འཛིན་ཡང་ཨིན། སྲིད་འཛིན་གྱི་གཞུང་སྐྱོང་ནིའི་དབང་ཚད་ཡོད་པའི་གུར་ བློན་པོ་དང་གཞུང་དྲུང་ཆེན་ དེ་ལས་གཞུང་ཚབ་འགོ་དཔོན་ཚུ་ བསྐོ་བཞག་དང་ཆ་མེད་བཏང་ཆོག། ཁྲིམས་བཟོའི་དབང་ཆ་ནང་ ཚོགས་འདུ་གིས་གནང་བ་གྲུབ་པའི་ཁྲིམས་ཚུ་ ངོས་ལེན་ཡང་ན་ཆ་མེད་ ཡང་ན་ བསྐྱར་ཞིབ་དོན་ལུ་བཏང་ཆོགཔ་ཨིན། འདི་བཟུམ་སྦེ་དབང་ཚད་གཞན་ཡང་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ བློན་ཆེན་ཟེརཝ་བསྐོ་བཞག་འབད་སྲོལ་མེདཔ་ཨིན་པས། [༣]
སྐད་ཡིག་དང་ལམ་སྲོལ།
ཨིང་ལིཤ་དང་ སོཝ་ཧི་ལི་(Swahili) འདི་ ཀེན་ཡ་གི་གཞུང་འབྲེལ་སྐད་ཡིག་ཨིནམ་ལས་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ད་ སོཝ་ཧི་ལི་(Swahili) འདི་ ཤར་ལྷོ་ཨཕ་རི་ཀ་གི་ སྐད་ཡིག་ཅིག་ཨིན་པས། ཀེན་ཡ་ལུ་ མི་ས་ཡ་༡༧ གྱིས་ སོཝ་ཧི་ལི་(Swahili) སླབ་དོ་ཡོདཔ་སྦེ་ ཚོད་དཔག་ཡོདཔ་ཨིན་པས། ཀེན་ཡ་འདི་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། མི་ལ་ལུ་ཅིག་གིས་ ལམ་སྲོལ་འདི་ཚུ་ག་ར་ གཅིག་ཁར་འཛོམས་ཏེ་ རྒྱལ་ཡོངས་ཀྱི་ལམ་སྲོལ་གཅིག་སྦེ་ བཟོ་སྟེ་ཡོདཔ་སྦེ་ མནོ་བསམ་གཏངམ་ཨིན། [༤]
ཁོང་གིས་ སོཝ་ཧི་ལི་(Swahili) བཟུམ་གྱི་ སྐད་ཡིག་ཚུ་ སྤྱིར་བཏང་གི་སྐད་ཡིག་ཅིག་ལུ་འགྱུར་དོ་ཡོདཔ་ད་ མི་ཚུ་གིས་ ཁོང་རའི་མི་རིགས་ཀྱི་འཐུས་མི་ཚུ་དང་ཕྱདཔ་ད་ ཀེན་ཡ་བཟུམ་སྦེ་ མནོ་དོ་ཡོདཔ་སྦེ་ཨིན་པས། གཞན་མི་ཚུ་གིས་ ཀེན་ཡ་གི་ལམ་སྲོལ་འདི་ ཆ་ཤས་མ་འདྲཝ་ལེ་ཤ་ཅིག་གིས་ བཟོ་ཡོདཔ་སྦེ་ཨིནམ་ད་ རེ་རེ་བཞིན་དུ་ རང་སོའི་ལམ་སྲོལ་དང་ མི་ཚེ་གི་ལམ་ལུགས་ཚུ་ ཡོདཔ་སྦེ་ཨིན་པས། འདི་ཡང་ མགུ་ཐོམ་སི་སི་སྦོམ་ཅིག་བཟུམ་ཅིག་ཨིན་ དེ་ཡང་ ཆ་ཤས་རེ་རེ་བཞིན་དུ་ སོ་སོ་སྦེ་ཡོད་རུང་ ག་ར་གཅིག་ཁར་མཐུན་སྒྲིག་འབདཝ་ཨིན། དེ་འབདཝ་ལས་ ཀེ་ནི་ཡ་འདི་ ལམ་སྲོལ་སྦོམ་ཅིག་ལུ་འགྱུར་དོ་ག་དང་ ཡང་ན་ ཆུང་ཀུ་སྦེ་སྡོད་དོ་ག་ཟེར་ ད་ལྟོ་ཡང་ གྲོས་བསྡུར་འབད་དོ་ཡོདཔ་ཨིན་པས། [༥]
དཔལ་འབྱོར་དང་ཚོང་འབྲེལ།
ཀེན་ཡ་གི་དཔལ་འབྱོར་འདི་ མང་ཤོས་ཅིག་ར་ ཚོང་འབྲེལ་གྱི་ཐོག་ལས་ཨིན་རུང་ གཞུང་གིས་ཡང་ འགན་ཁུར་འབགཔ་ཨིན། ལུང་ཕྱོགས་ནང་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ ལེགས་ཤོམ་སྦེ་ འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༣༠ ལུ་ གོང་འཕེལ་གཏང་ནི་གི་ ལཱ་འབད་དོ་ཡོདཔ་ཨིན་པས། ངོ་མ་འབད་བ་ཅིན་ ནའི་ཇི་རི་ཡ་(Nigeria) དང་ ལྷོ་ཨཕ་རི་ཀ་གི་ཤུལ་ལས་ སཱབ་ས་ཧ་རཱན་ ཨཕ་རི་ཀ་(Sub-Saharan Africa) གི་ ཡན་ལག་གི་དཔལ་འབྱོར་སྦོམ་ཤོས་གསུམ་པ་ཨིན། ཀེན་ཡ་གི་དཔལ་འབྱོར་དེ་ སྒྲིང་སྒྲི་དང་ བརྟན་ཏོག་ཏོ་ཡོདཔ་ལས་ ཚོང་འབྲེལ་གསརཔ་ཚུ་ འགོ་བཙུགས་ནིའི་དོན་ལུ་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ལུ་འགྱུར་ཏེ་ མ་རྩ་གཞི་བཙུགས་འབད་མི་ ལེ་ཤ་ཅིག་ར་ འཐོབ་ཚུགསཔ་ཨིན་པས། [༦]
ཀེན་ཡ་གི་ཚོང་འབྲེལ་འདི་ དམིགས་བསལ་གྱིས་ ཇ་དང་མེ་ཏོག་ཚུ་གིས་ དབང་ཤུགས་འབད་དེ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཡུ་གཱན་ཌ་(Uganda) དང་ ཡུ་ཨེས་(US) དེ་ལས་ ནེ་དྷར་ལེནཌས་(Netherlands) ཚུ་ལུ་ བཙོང་དོ་ཡོདཔ་ཨིན། དེ་མ་ཚད་ རྒྱ་ནག་དང་ ཡུ་ཨེ་ཨི་(UAE) དེ་ལས་ རྒྱ་གར་ལས་ འཕྲུལ་ཆས་དང་ མར་ཁུ་ དེ་ལས་ སྣུམ་འཁོར་ཚུ་ ནང་འདྲེན་འབདཝ་ཨིན་པས། ཀེ་ནི་ཡ་གིས་ ཤར་ཨཕ་རི་ཀ་གི་མི་སྡེ་ ཨི་ཨེ་སི་(EAC) བཟུམ་གྱི་ ལུང་ཕྱོགས་ཚོང་འབྲེལ་སྡེ་ཚན་དང་ ཤར་དང་ལྷོ་ཕྱོགས་ཨཕ་རི་ཀ་གི་དོན་ལུ་ སྤྱིར་བཏང་ཚོང་འབྲེལ་ ཀོ་མེ་ས་(COMESA) ཚུ་ནང་ འཐུས་མི་སྦེ་ ལུང་ཕྱོགས་ནང་འཁོད་ལུ་ ཚོང་འབྲེལ་ཡར་དྲག་གཏང་དོ་ཡོདཔ་ཨིན་པས། ད་རུང་ ཀེན་ཡ་འདི་ ཡུ་རོ་པི་ཡཱན་(European) མཉམ་འབྲེལ་ལུ་ མེ་ཏོག་དང་ ཐོན་སྐྱེད་གསརཔ་ཚུ་ ཕྱིར་ཚོང་འཐབ་མི་ གཙོ་བོ་ཅིག་ཨིན་པས།
རྒྱལ་ཁབ་ཀྱི་དཀའ་ངལ།
རྒྱལ་ཁབ་འདི་གིས་ འདས་པའི་ལོ་ངོ་བཅུ་ཕྲག་ནང་ ཡུན་བརྟན་གྱི་དཔལ་འབྱོར་གོང་འཕེལ་དང་ མི་སྡེ་གོང་འཕེལ་ དེ་ལས་ སྲིད་དོན་བརྟན་ཏོག་ཏོ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན། ཨིན་རུང་ གོང་འཕེལ་གྱི་གདོང་ལེན་གཙོ་བོ་ཚུ་ ད་ལྟོ་ཡང་ དབུལ་ཕོངས་དང་ འདྲ་མཉམ་ལཱ་གཡོག་མེད་མི་ སྤུས་ཚད་ཅན་གྱི་ལཱ་ དྭངས་གསལ་དང་འགན་འཁྲི་ གནམ་གཤིས་འགྱུར་བ་ སྒེར་སྡེ་ལས་སྡེ་གི་མ་རྩ་གཞི་བཙུགས་འབད་ནི་ ནང་འཁོད་དང་ཕྱིའི་གནས་སྟངས་ལུ་ དཔལ་འབྱོར་གྱི་ཉེན་ཁ་ཡོད་མི་ཚུ་ཨིན་པས། ད་རུང་ ཀོ་བིཌ་-༡༩ གི་ནད་ཡམས་མ་ཐོན་པའི་ཧེ་མ་ ཀེན་ཡ་གི་ ཡར་འཕར་ཤུགས་ཅན་འདི་ མི་མང་ལས་སྡེ་གི་སྐྱིན་འགྲུལ་ཡར་སེང་འགྱོ་མི་འདི་གིས་ གོང་འཕེལ་འགྱོ་ཡོདཔ་ལས་ འཛམ་གླིང་ཡོངས་ཁྱབ་ཀྱི་ མ་དངུལ་གྱི་གནས་སྟངས་ཚུ་ བརྟན་ཏོག་ཏོ་སྦེ་བཞག་མི་ལས་བརྟེན་ཏེ་ བུ་ལོན་གྱི་ཉེན་ཁ་ཚུ་ བཏོན་ཡོདཔ་ཨིན་པས། [༧]
རྒྱལ་ས་ལྟེ་བ་ ནཱའི་རོ་བི།
ཀེན་ཡ་འདི་ མངའ་སྡེ་ལུ་དབྱེ་བ་ཕྱེ་སྟེ་མེན་པར་ རྫོང་ཁག་༤༧ སྦེ་ཡོདཔ་ཨིན། ཀེན་ཡ་གི་རྒྱལ་ས་ལྟེ་བ་ ནཱའི་རོ་བི་འདི་ སྐེད་མཚམས་ལས་ ལྷོ་ཁ་ཐུག་ལུ་ མའིལ་༨༧ དེ་ཅིག་གི་ས་ཁར་ཡོདཔ་ཨིན། འདི་ཡང་ ཐང་དང་ བྱག་ཕུག་ དེ་ལས་ ནགས་ཚལ་ཚུ་ནང་ ཆགས་ཏེ་ཡོདཔ་ད་ ནཱའི་རོ་བི་རྒྱལ་ཡོངས་གླིང་ག་འདི་ ཁྲོམ་གྱི་ས་མཚམས་ཁར་ཡོདཔ་ཨིན་པས། ཤར་ཕྱོགས་ཨཕ་རི་ཀ་ལུ་ མི་རློབས་ས་ཡ་༣.༥ དེ་ཅིག་ཡོད་པའི་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་འདི་ ནཱའི་རོ་བི་འདི་ ཨཕ་རི་ཀ་གི་ཁྲོམ་ཚོགས་སྦོམ་ཤོས་༡༤ པ་ཨིན་པས། ཀེན་ཡ་གི་རྒྱལ་ས་ལྟེ་བ་འདི་ ལྟ་བཤལཔ་ཚུ་གི་དོན་ལུ་ ལྷོད་སའི་ས་སྒོ་སྦོམ་ཤོས་ཅིག་ཨིནམ་ལས་ ནཱའི་རོ་བི་འདི་ རྒྱལ་སྤྱིའི་མཁའ་འགྲུལ་ལས་སྡེ་དང་ ལུང་ཕྱོགས་ལམ་གྱི་ཡོངས་འབྲེལ་ཚུ་གིས་ ལེགས་ཤོམ་སྦེ་འབྲེལ་བ་འཐབ་སྟེ་ཡོདཔ་ལས་ ཤར་ཨཕ་རི་ཀའི་ཁྲོམ་ཚོགས་སྦོམ་གཞན་ཚུ་དང་ འབྲེལ་མཐུད་འབད་དེ་ཡོདཔ་ཨིན། [༨]
མཇུག་དོན།
ཀེན་ཡ་འདི་ མ་འོངས་པའི་དོན་ལུ་ ཁས་བླངས་སྒྲིང་སྒྲི་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་ལས་ དཔལ་འབྱོར་དང་ ཤེས་རིག་ལམ་ལུགས་ དེ་ལས་ སྤྱིར་བཏང་མཐའ་དོན་ལུ་ ཡར་དྲག་གཏང་ནི་ལུ་ འབད་བརྩོན་བསྐྱེདཔ་ཨིན། བརྩོན་ཤུགས་འདི་ ས་ཆ་མ་འདྲཝ་དང་ རི་དྭགས་མངམ་ཡོད་མི་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཚུ་ནང་ལས་ཕར་ མངོན་གསལ་ཅན་སྦེ་ཡོདཔ་ཨིན།
རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན། (References)
[ཞུན་དག]- ↑ https://www.cia.gov/the-world-factbook/countries/kenya/
- ↑ https://www.worldometers.info/world-population/kenya-population/
- ↑ https://www.kenyaembassyaddis.org/about-kenya/government-and-political-system/
- ↑ https://en.m.wikipedia.org/wiki/Culture_of_Kenya
- ↑ https://www.babbel.com/en/magazine/what-language-is-spoken-in-kenya
- ↑ https://en.m.wikipedia.org/wiki/Economy_of_Kenya
- ↑ https://www.worldbank.org/en/country/kenya/overview
- ↑ https://web.archive.org/web/20260102195801/https://nairobi.go.ke/explore-nairobi