ཀོ་སོ་བྷོ། (Kosovo)
ངོ་སྤྲོད་དང་ཆགས་རབས།
ཀོ་སོ་བྷོ་འདི་ཡུ་རོབ་ཀྱི་ མཚོ་འགྲམ་མེད་པའི་རྒྱལ་ཁབ་ཅིག་ཨིན། མཐའ་འཁོར་གྱི་རྒྱལ་ཁབ་ ཨཱལ་བ་ནི་ཡ་(Albania) དང་ མཱོན་ཊི་ནི་གོརོ་(Montenegro) དེ་ལས་ སཱར་བི་ཡ་(Serbia) དང་ བྱང་མེ་སི་ཌོ་ནི་ཡ་(North Macedonia) བཟུམ་གྱི་རྒྱལ་ཁབ་གཞན་ཚུ་གིས་ མཐའ་སྐོར་ཏེ་ཡོདཔ་ཨིན། ས་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་༡༠,༨༨༧ དེ་ཅིག་ཡོདཔ་ད་ དེ་ཡང་ ཡུ་ཨེས་ཀྱི་ ཀོན་ནེག་ཊི་ཀཊ་མངའ་སྡེ་དང་ སྦོམ་ཆུང་འདྲན་འདྲ་ཨིན་པས།
ཀོ་སོ་བྷོ་ལུ་ ས་ཁོངས་ ཐང་དང་གངས་རི་ དེ་ལས་ རི་རིངམོ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ད་ ལ་ལུ་ཅིག་ མཐོ་ཚད་མི་ཊར་༢༥༠༠ ལྷགཔ་ཅིག་ཡོདཔ་ཨིན་པས། གནམ་གཤིས་འདི་ མང་ཤོས་ཅིག་ གླིང་ཆེན་གཅིག་གི་སྦུག་ལུ་ མཐོང་ཚུགསཔ་བཟུམ་ཅིག་ཨིན་རུང་ དེ་ནང་ལུ་ མེ་ཌི་ཊི་རེ་ནི་ཡཱན་(Mediterranean) དང་ ཨལཔསི་(Alps) གི་ བཟུམ་ཡང་ཡོདཔ་ཨིན། [༡]
མི་རློབས་དང་མི་རིགས།
ཀོ་སོ་བྷོ་གི་མི་རློབས་འདི་ སྤྱི་ལོ་༢༠༡༡ ལུ་ མཇུག་བསྡུའི་གྲངས་ལས་ བརྒྱ་ཆ་༡༢ གིས་ མར་ཕབ་འགྱོ་ཡོདཔ་ད་ ད་རེས་ ཀོ་སོ་བྷོ་ལུ་ མི་རློབས་བསྡོམས་ ༡,༦༠༢,༥༡༥ ཡོདཔ་ཨིན་པས། འདི་ཡང་ ཀོ་སོ་བྷོ་ལས་ མི་ལེ་ཤ་ཅིག་གིས་ ལཱ་གཡོག་ལེགས་ཤོམ་འཚོལ་ནིའི་དོན་ལུ་ རྒྱལ་ཁབ་གཞན་ཚུ་ནང་ སྤོ་སོར་འབད་མི་ལུ་བརྟེན་ཨིན་པས། སྤྱི་ལོ་༢༠༡༡ ལུ་ ཀོ་སོ་བྷོ་ལུ་ མི་འབོར་ཞིབ་རྩིས་ཀྱིས་ མི་རློབས་བརྒྱ་ཆ་༩༢.༩ འདི་ ཨཱལ་བ་ནི་ཡཱན་(Albanians) གི་མི་རིགས་སྦོམ་ཤོས་ཅིག་ཨིནམ་སྦེ་ སྟོན་ཡོདཔ་ཨིན་པས། གཞན་མི་ མི་རིགས་ཚུ་ཡང་ བཱོས་ནི་ཡཱཀ་(Bosniak) དང་ སརབ་(Serbs) དེ་ལས་ ཊཀས་(Turks) དང་ ཨཱས་ཁ་ལི་(Askhali) དང་ ཨི་ཇིབ་ཤི་ཡཱན་(Egyptians) དེ་ལས་ གོ་ར་ནི་(Gorani) དང་ རོ་མ་(Roma) ཚུ་ཨིན་པས། ཨིན་རུང་ མི་རྩིས་ནང་ལུ་ བྱང་ཀོ་སོ་བྷོ་གི་བརྡ་དོན་ཚུ་ མ་ཚུད་པར་ཡོདཔ་ད་ འདི་ཡང་ ངོ་མ་ལུ་ Serbs ལུ་སྡོད་དོ་ཡོདཔ་ཨིན། [༢]
གཞུང་སྐྱོང་ལམ་ལུགས།
རྒྱལ་ཁབ་འདི་ དབང་ཚད་ཕྱིར་སྤེལ་གྱི་ཐོག་ལས་ སྐྱོང་དོ་ཡོདཔ་དང་ དེ་ཡང་ རྒྱལ་ཡོངས་ཚོགས་ཁང་དང་ཁྲིམས་བཟོའི་དབང་ཚད། བློན་ཆེན་དང་གཞུང་སྐྱོང་གི་དབང་ཚད། རང་དབང་གི་དྲང་ཁྲིམས་ལྷན་སྡེ་གི་ཁྲིམས་བསྟར་སྤྱོད་ཀྱི་དབང་ཚད་ཚུ་ཨིན། ཀོ་སོ་བྷོ་ལུ་ སྤྱི་མཐུན་སྤྱི་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་(unitary parliamentary republic)ཡོདཔ་ཨིན། ཀོ་སོ་བྷོ་གི་ སྤྱི་མཐུན་ཚོགས་ཁང་གི་ཞལ་འཛོམས་ནང་ ལོ་༤ གི་རིང་འཐུས་མི་༡༢༠ བཙག་འཐུ་གྲུབ་ཡོདཔ་ཨིན། འཐུས་མི་༡༠༠ འདི་ ཚད་ལྡན་གྱི་ངོ་ཚབ་བརྒྱུད་དེ་ ཐད་ཀར་དུ་ བཙག་འཐུ་འབད་ཡོདཔ་ད་ གདམ་ངོ་༡༠ འདི་ མི་རིགས་ Serbs དང་ གཞན་མི་༡༠ འདི་ མི་རིགས་གཞན་ཚུ་གི་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།
སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིནམ་དང་ བློན་ཆེན་འདི་གཞུང་སྐྱོང་གི་འགོ་ཁྲིདཔ་ཨིན་པས། སྲིད་འཛིན་རྩ་ཁྲིམས་ཆེན་མོ་དང་འཁྲིལ་ དབང་ཚད་ཡང་ཚད་ཅིག་ལས་མེདཔ་དང་ དམང་སྡེའི་གཙོ་འཛིན་ཡང་ཨིན། སྲིད་འཛིན་འདི་ ཚོགས་སྡེ་གིས་ལོ་༥ གི་རིང་ལུ་ བཙག་འཐུ་འབད་དོ་ཡོདཔ་ད་ འདེམས་ངོ་གཅིག་གིས་ གནས་ཡུན་ཚར་གཉིས་ལས་ལྷག་ འབད་མི་ཆོགཔ་ཨིན། ཚོགས་ཁང་ནང་ སྲིད་འཛིན་བཙགས་འཐུ་འབད་ནིའི་དོན་ལུ་ ཚོགས་ཁང་ནང་འཐུས་མི་ཚུ་ལས་ ཚོགས་རྒྱན་ཚར་གཉིས་ཡང་ན་ གསུམ་རྐྱབ་དགོཔ་ཨིན་པས། ཚོགས་རྒྱན་ སྐོར་ཐེངས་དང་པ་དང་གཉིས་པའི་ནང་ གསུམ་དཔྱ་གཉིས་ ཡང་ན་ ཚོགས་རྒྱན་༨༠ འཐོབ་དགོཔ་ཨིན་པས། སྐོར་ཐེངས་གསུམ་པ་འདི་ དགོ་པ་ཅིན་རྐྱབ་དོ་ཡོདཔ་དང་ དེ་སྐབས་ལུ་ ཕྱེད་ལས་མངམ་ཡང་ན་ ཚོགས་རྒྱན་༦༡ འཐོབ་དགོཔ་ཨིན་མས། [༣]
བློན་ཆེན་དེ་ ཚོགས་སྡེ་ནང་ ཚོགས་རྒྱན་མང་ཤོས་འཐོབ་སྟེ་ གཞུང་སྐྱོང་འབད་ཆོག་པའི་སྲིད་ཚོགས་ལས་ གདམ་འཐུ་འབད་དེ་ལོ་༤ གི་རིང་ ཕྱག་ཞུ་དོ་ཡོདཔ་ཨིན་པས། ཁོང་གི་ཚོགས་ཁང་འཐུས་མི་བསྡོམས་༡༢༠ ཡོདཔ་ལས་ གཞུང་སྐྱོང་ནི་གི་དོན་ལུ་ ཚོགས་རྒྱན་༦༡ དགོཔ་ཨིན་པས། བློན་ཆེན་ལུ་གནས་ཡུན་གྱངས་ཁ་གྱི་ ཚད་ཡང་མེདཔ་ཨིན་པས།
སྐད་ཡིག་དང་ལམ་སྲོལ།
ཀོ་སོ་བྷོ་ཟེར་མི་འདི་ སྐད་ཡིག་མ་འདྲཝ་ལེ་ཤ་སླབ་སའི་རྒྱལ་ཁབ་ཅིག་ཨིན། སྐད་ཡིག་ངོ་མ་འདི་ Albanian དང་ Serbian གཉིས་ཨིན། ཀོ་སོ་བྷོ་ལུ་ཡོད་པའི་མི་མང་ཤོས་རང་ Albanian ཨིན་པས། དེ་འབདཝ་ལས་ Albanian འདི་ སྐད་ཡིག་ཁྱབ་ཆེ་ཤོས་ཅིག་ཨིན། Bosnian དང་ Turkish དེ་ལས་ Romani བཟུམ་གྱི་ སྐད་ཡིག་གཞན་ཚུ་ཡང་ མི་ལ་ལུ་ཅིག་གིས་ སླབ་ཨིན། ཨིང་སྐད་འདི་ གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་ལས་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ སློབ་སྟོན་འབདཝ་ཨིན། German ཡང་ ཀོ་སོ་བྷོ་ལུ་ སྤྱིར་བཏང་གི་སྐད་ཡིག་ཅིག་ཨིན་པས།
ཀོ་སོ་བྷོ་གི་ལམ་སྲོལ་འདི་ སྔོན་ལུགས་ཀྱི་ Ilyrian དང་ Roman འདི་ཨིནམ་ལས་ ཕྱུགཔོ་སྦེ་ཡོདཔ་དང་ འདི་ཡང་ དུས་རབ་ལས་བཅད་དེ་ རྒྱལ་ཁམས་མ་འདྲཝ་ཚུ་ལས་ ཤན་ཞུགས་འབད་མི་ལས་བརྟེན་ཏེ་ཨིན་པས། བྱུང་རབས་འདི་ གནའ་ཤུལ་གྱི་གླིང་ག་དང་ རང་བཞིན་སྦེ་ཡོད་པའི་ སྔོན་ལུགས་ཀ་ཁྱིམ་གྱི་ཁྱིམ་དང་ ཆོས་ཀྱི་དྲན་རྟེན་ཚུན་ཚོད་ རྟགས་མཚན་མ་འདྲཝ་སྦེ་ཡོདཔ་ཨིན་པས། བཱལ་ཀཱན་ས་ཁོངས་ནང་(Balkans) ལུ་ཡོད་པའི་ ཀོ་སོ་བྷོ་གི་ ཐབས་བྱུས་ཅན་གྱི་ས་གནས་འདི་གིས་ སྔོན་མའི་ Illyrian གི་ཡར་ཐོན་གནས་སྟངས་དང་ ལུང་ཕྱོགས་འདི་ནང་གི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཚུ་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ བང་མཛོད་ཅིག་སྦེ་བཟོཝ་ཨིན། རྒྱལ་ཁབ་ནང་ གནས་སྤོ་འགྱོ་མི་དང་ འཁྲུག་རྩོད་ཚུ་གིས་ རྒྱལ་རབས་མ་འདྲཝ་ལུ་བརྟེན་ ལམ་སྲོལ་གྱི་ལག་ལེན་དང་ ལམ་སྲོལ་ཚུ་ གཞན་དང་མ་འདྲ་བ་སྦེ་ སླ་བསྲེ་སྟེ་ཡོདཔ་ཨིན་པས། [༤]
དཔལ་འབྱོར་དང་ཚོང་འབྲེལ།
ཀོ་སོ་བྷོ་ཟེར་མི་འདི་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཅིག་ཨིནམ་པས། འཛམ་གླིང་དངུལ་ཁང་གིས་ ཀོ་སོ་བྷོ་འདི་ འོང་འབབ་བར་མའི་ དཔལ་འབྱོར་མཐོ་ཤོས་ཅིག་སྦེ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱིའི་དངུལ་འབྲེལ་མ་དངུལ་གྱི་ འཐུས་མི་ཅིག་ཨིནམ་ལས་ གཞུང་འབྲེལ་གྱི་དངུལ་འདི་ ཡུ་རོ་ཨིན་པས། ཀོ་སོ་བྷོ་གི་འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་འདི་ ཕྱི་རྒྱལ་ལུ་ཡོད་པའི་ ཁོང་རའི་མི་སེར་ཚུ་ལས་ དངུལ་བཏང་ཡོད་མི་དང་ སོ་ནམ་ ཞབས་ཏོག་ བརྒྱུད་འཕྲིན་ དངུལ་ཁང་ དེ་ལས་ ལྟ་བཤལ་ཚུ་ལས་ཨིན་པས།
ཀོ་སོ་བྷོ་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ད་ རྒྱལ་ཁབ་གཞན་ཁ་ལས་ ཅ་ཆས་ཚུ་ བཙོང་མི་ལས་ མངམ་ཉོ་མི་ཅིག་ཨིན། རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནི་ལུ་ འཇམ་ཏོང་ཏོ་བཟོ་ནིའི་ ལཱ་འབད་དོ་ཡོདཔ་ཨིན་པས། འཛམ་གླིང་སྤྱི་ཚོགས་ཀྱིས་ ཀོ་སོ་བྷོ་གིས་ ཅ་ཆས་མངམ་བཙོང་ནི་ལུ་ གྲོགས་རམ་འབད་ནི་གི་ འཆར་གཞི་ཡོདཔ་ད་ དེ་ཡང་ ཀོ་སོ་བྷོ་ཚོང་འབྲེལ་འདི་ རྒྱལ་ཁབ་དང་ ཕྱི་རྒྱལ་གཉིས་ཆ་རའི་ནང་ སྒྲིང་སྒྲི་སྦེ་ བཟོ་སྟེ་ཡོདཔ་ཨིན། ཨི་ཊ་ལི་རྒྱལ་ཁབ་ཀྱིས་ ཀོ་སོ་བྷོ་ལས་ ཅ་ཆས་མང་ཤོས་རང་ ཉོཝ་ཨིནམ་ད་ དེ་གི་ཤུལ་ལས་ ཨཱལ་བ་ནི་ཡ་དང་ བྱང་མེ་སི་ཌོ་ནི་ཡ དེ་ལས་ ཇར་མ་ནི་ཚུ་ཨིན་པས། ཀོ་སོ་བྷོ་གིས་ ཡུ་རོ་པིན་མཉམ་འབྲེལ་དང་ དབུས་ཕྱོགས་ཡུ་རོབ་ཀྱི་ རང་དབང་ཚོང་འབྲེལ་ཆིངས་ཡིག་ཡོད་པའི་ རྒྱལ་ཁབ་ཚུ་ནང་ལས་ ཅ་ཆས་མང་ཤོས་ཅིག་ར་ ཉོ་ཡོདཔ་ད་ བྱང་ཕྱོགས་མེ་སི་ཌོ་ནི་ཡ་གིས་ ཀོ་སོ་བྷོ་ལུ་ མང་ཤོས་ཅིག་ བཙོང་དོ་ཡོདཔ་ད་ དེ་གི་ཤུལ་ལས་ ཇར་མ་ནི་ སར་བི་ཡ་ དེ་ལས་ ཊར་ཀི་ཚུ་གིས་ བཙོང་དོ་ཡོདཔ་ཨིན་པས། [༥]
དཀའ་ངལ་དང་གདོང་ལེན།
ཀོ་སོ་བྷོ་ལུ་ ལཱ་གཡོག་མེད་མི་དང་ ངན་ལྷད་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ ཚད་འཛིན་འབད་མི་ཚུ་རྩིས་ཏེ་ གདོང་ལེན་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་པས། འདི་བཟུམ་གྱི་གནད་དོན་ཚུ་ བསལ་ཐབས་ལུ་ ཀོ་སོ་བྷོ་གིས་ ཕྱི་རྒྱལ་གྱི་མ་རྩ་བཙུགས་ཐོག་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་དགོཔ་དང་ ཚོང་འབྲེལ་གྱི་མཐུན་སྒྲིག་ཅན་གྱི་གནས་སྟངས་བཟོ་ནི་ དེ་ལས་ གཙུག་སྡེ་དང་འགན་འཁྲི་ཚུ་སྒྲིང་སྒྲི་བཟོ་ནི་དང་ འགན་འཁྲི་ཚུ་བརྩོད་བསྡུར་འབད་དེ་ མོས་མཐུན་དང་ གྲོས་བསྟུན་ཚུ་གི་ཐོག་ལས་ སྲིད་དོན་བརྟན་ཏོག་ཏོ་བཟོ་དགོཔ་ཡོདཔ་ཨིན་པས། འདི་མ་ཚད་ མཐུན་འབྲེལ་དང་ ཁག་ཆེ་བའི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ནང་ མ་རྩ་བཙུགས་ནི་ཚུ་ཨིན་པས། གདོང་ལེན་ཚུ་ ཀོ་སོ་བྷོ་གི་ ཡུན་རིང་གི་དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གྱི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན་པས། [༥]
རྒྱལ་ས་ལྟེ་བ་ པི་རིཤ་ཊི་ན།
པི་རིཤ་ཊི་ན་འདི་ རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་ཅིག་ཨིན། མངའ་སྡེ་འདི་ མཐའ་འཁོར་ལུ་ གངས་རི་ཡོད་པའི་ ལུང་གཤོངས་ནང་ ཆགས་ཡོདཔ་ཨིན། བྱཱར་ལུ་གནམ་གཤིས་ཚ་དྲོད་ཡོདཔ་དང་ དགུན་ལུ་བསིལ་དང་ཁཝ་ཡང་རྐྱབ་དོ་ཡོདཔ་ཨིན། པི་རིཤ་ཊི་ན་གི་མི་ཚུ་ལུ་ Albanian དང་ Serbian དེ་ལས་ Ottoman གི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། ཁོང་གིས་ སྙན་ཆ་དང་ ཞབས་ཁྲ་རྐྱབ་ནི་ དེ་ལས་ ལག་བཟོ་བཟུམ་གྱི་ ཅ་ཆས་ཚུ་ལུ་ སྤྲོ་བ་བསྐྱེདཔ་ཨིན། དེ་མ་ཚད་ ཕྱི་ཁར་འགྱོ་སྟེ་ ཟ་ཁང་ཚུ་ནང་ སྤྲོ་བ་བསྐྱེདཔ་མ་ཚད་ ཁྲོམ་སྡེའི་ནུས་ཤུགས་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས། པི་རིཤ་ཊི་ན་འདི་ ཚོང་འབྲེལ་མ་འདྲཝ་ལེ་ཤ་ཅིག་ཡོད་པའི་ བྲེལ་འཐབ་ཅན་གྱི་ས་གནས་ཅིག་ཨིནམ་ལས་ ལྟ་བཤལཔ་ཚུ་གིས་ མཐོང་ནི་དང་འོང་ནི་གི་དོན་ལུ་ ལཱ་ལེ་ཤ་ཅིག་རང་ འབད་དོ་ཡོདཔ་ཨིན་པས། པྲྀཤ་ཊི་ན་གི་ས་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་༥༧༥ དེ་ཅིག་ཡོདཔ་ད་ (མའིལ་གྲུ་བཞི་༢༢༢) མི་རློབས་༢༠༠,༠༠༠ དེ་ཅིག་ཡོདཔ་ཨིན་པས། [༦]
མཇུག་སྡུད།
ཀོ་སོ་བྷོ་འདི་ Balkan ལུ་ རྒྱལ་ཁབ་གསརཔ་ཅིག་ཨིན། ཀོ་སོ་བྷོ་ལུ་ བྱུང་རབས་རིངམོ་དང་ མགུ་རྙོག་དྲགས་ཡོད་རུང་ མ་འོངས་པ་ལེགས་ཤོམ་བཟོ་ནི་གི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན། མི་སྣ་ཚོགས་དང་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་པའི་ ས་གནས་ཅིག་ཨིནམ་མ་ཚད་ རང་བཞིན་མཛེས་ཏོག་ཏོ་དང་ ཞི་བདེ་དང་ཡར་རྒྱས་ཀྱི་འདོད་པ་ ཤུགས་ཅན་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་པས།
རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན། (References)
- ↑ https://en.m.wikipedia.org/wiki/Kosovo
- ↑ https://www.intellinews.com/kosovo-s-population-down-12-since-2011-359403/
- ↑ https://freedomhouse.org/country/kosovo/freedom-world/2023
- ↑ https://www.beinkosovo.com/languages-spoken-in-kosovo/
- ↑ ༥.༠ ༥.༡ https://en.m.wikipedia.org/wiki/Economy_of_Kosovo
- ↑ https://artsandculture.google.com/entity/pristina/m01nyhl?hl=en