Jump to content

ཀོསི་ཊ་རི་ཀ། Costa Rica

Wikipedia ལས།

ངོ་སྤྲོད།

དབུས་ཕྱོགས་ ཨ་མི་རི་ཀའི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ཉམས་དགའ་བའི་རྒྱལ་ཁབ་ཅིག་ཨིན་མི་ ཀོསི་ཊ་རི་ཀ་འདི་ སྐྱེ་ལྡན་རིགས་སྣ་གི་ཕྱུགཔོ་དང་ ས་ཆའི་གནས་སྟངས་ མཛེས་ཏོག་ཏོ་ དེ་ལས་ མཐའ་འཁོར་ཉམས་སྲུང་འབད་ནི་ལུ་ ཁས་བླངས་འབད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། བྱང་ཕྱོགས་ལུ་ ནི་ཀ་ར་གུ་ཝ་དང་ ལྷོ་ཕྱོགས་ལུ་ པ་ན་མ་གི་ས་མཚམས་ཁར་ པེ་སི་ཕིག་རྒྱ་མཚོ་དང་ ཀེ་རི་བི་ཡཱན་རྒྱ་མཚོ་གཉིས་ཆ་རའི་མཐའམ་བདའ་སྟེ་ མཚོ་འགྲམ་ཡོདཔ་ཨིན།

ཆགས་རབས།

རྒྱལ་ཁབ་འདི་གི་ས་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་ ༥༡,༡༠༠ དེ་ཅིག་ཡོདཔ་ད་ རྒྱལ་ཁབ་འདི་ནང་ མི་ས་ཡ་༥ དེ་ཅིག་ སྡོད་དོ་ཡོདཔ་ཨིན་པས། ཀོས་ཊ་རི་ཀ་འདི་ ཚ་དྲོད་དང་ཆརཔ་མང་བའི་ནགས་ཚལ་དང་ མེ་རུད་ དེ་ལས་ རི་དྭགས་སེམས་ཅན་མ་འདྲཝ་ཚུ་གི་དོན་ལུ་ སྡོད་གནས་ཅིག་ཨིན།

རྒྱལ་ས་ལྟེ་བ་ སེན་ཧོ་ཟེ།

རྒྱལ་ས་ལྟེ་བ་སེན་ཧོ་ཟེ་འདི་ དབུས་ཕྱོགས་ ལུང་གཤོངས་ནང་ཆགས་ཏེ་ཡོད་པའི་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་སྲིད་དོན་གྱི་ལྟེ་བ་ཅིག་ཨིན། ལྟེ་བ་འདི་ མི་རློབས་མང་ཤོས་ཅིག་སྡོད་སའི་ ཁྲོམ་ཚོགས་ཅིག་ཨིནམ་དང་ དབང་འོག་བཟོ་རིགས་དང་དེང་སང་གི་སྒྲིང་ཁྱིམ་ དེ་ལས་ ཚོང་འབྲེལ་གྱི་ཁྲོམ་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། སེན་ཧོ་ཟེ་འདི་ རྒྱལ་ཡོངས་གློག་བརྙན་ཁང་དང་ གསེར་གྱི་འགྲེམས་སྟོན་ཁང་ དེ་ལས་ གཙུག་ལག་སློབ་སྡེ་ལེ་ཤ་ཅིག་གི་ གཙུག་སྡེ་གཙོ་བོ་ཚུ་གི་ས་གནས་ཅིག་ཨིན་པས། ཀོ་སི་ཊ་རི་ཀ་འདི་ ལྟ་བཤལ་གྱི་ས་གནས་གཙོ་བོ་ཅིག་ཨིན་རུང་ ལོ་བསྟར་བཞིན་དུ་ སྐྱེ་ལྡན་ལྟ་བཤལ་དང་ ཆུ་རུད་ཀྱི་ རྩེད་རིགས་ཚུ་གི་དོན་ལུ་ མི་ས་ཡ་ལས་བཅད་དེ་ འོང་དོ་ཡོདཔ་ཨིན།

གཞུང་སྐྱོང་།

ཀོསི་ཊ་རི་ཀ་ལུ་ བརྟན་ཏོག་ཏོ་ཡོད་པའི་དམངས་གཙོའི་རིང་ལུགས་ཡོདཔ་ཨིན། དེ་ཡང་ ༡༩༤༩ ལོའི་རྩ་ཁྲིམས་ཀྱིས་དྲང་བདེན་ལམ་ལུགས་ བཟོ་ཡོདཔ་ལས་བརྟེན་ཏེ་ཨིན་པས། རྒྱལ་ཁབ་འདི་ནང་ དམག་མི་རྩ་མེད་བཏང་ཡོདཔ་དང ཨམ་སྲུ་ཚུ་གིས་ ཚོགས་རྒྱན་བཙུགས་ནིའི་ དབང་ཆ་བྱིན་ཡོདཔ་ཨིན་པས། ལྷག་པར་དུ་ མི་སེར་ག་ར་ལུ་ ཤེས་ཡོན་གྱི་འགན་ལེན་ཐོབ་ཡོདཔ་ལས་ བྲིས་ལྷག་ཤེས་ཡོན་གྱི་གནས་ཚད་ མཐོ་དྲགས་སྦེ་ཡོདཔ་དང་ སློབ་གྲྭ་ལེགས་ཤོམ་ཡོདཔ་ལས་བརྟེན་ཏེ་ སེན་ཧོ་ཟེ་འདི་ ལྷབ་སྦྱང་གི་ལྟེ་བ་ཅིག་ཨིན་པས། ཀོསི་ཊ་རི་ཀ་གིས་ ཁྱིམ་ཚང་རྒྱལ་ཁབ་ཚུ་ དམག་འཁྲུག་ལང་སྟེ་འབད་རུང་ རྒྱལ་ཁབ་འདི་ནང་ ཞི་བདེ་གི་ཐོགས་ལུ་སྡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ ལས་ཚོགས་དང་འདུས་ཚོགས་ མང་ཆེ་བ་ར་ འགྲོ་བ་མིའི་དབང་ཆ་ལུ་བརྟེན་ཏེ་ བཟོ་ཡོདཔ་ཨིན་པས། ཀོསི་ཊ་རི་ཀ་གིས་ མཐའ་འཁོར་དང་རྒྱལ་ཡོངས་གླིང་ག་ཚུ་ ཉམས་སྲུང་འབདཝ་ལས་བརྟེན་ཏེ་ སྐྱེ་ལྡན་ལྟ་བཤལ་གྱིས་ ཕྱི་རྒྱལ་མ་རྩ་གསོག་འཇོག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་དཔལ་འབྱོར་དེ་ སོ་ནམ་གྱི་ལཱ་ལས་ ཞབས་ཏོག་དང་འཕྲུལ་རིག་ལུ་ འགྱུར་བཅོས་འབད་ཡོདཔ་ཨིན་པས།

དཔལ་འབྱོར།

ཀོ་ཕི་འདི་ རྒྱལ་ཁབ་འདི་གི་སོ་ནམ་གི་ཐོན་ཤུགས་ རྒྱ་ཆེཝ་སྦེ་ཡོདཔ་ལས་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ གཙོ་བོ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ ས་ཕྱོགས་དབུས་ལུང་གཤོངས་ནང་ལས་ཕར་ བཙུགསཔ་ཨིན་པས། དེ་དང་གཅིག་ཁར་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ལག་ལེན་འཐབ་མི་གཙོ་བོ་ཅིག་ ངང་ལག་ཨིན་རུང་ ཕྱིར་ཚོང་འཐབ་མི་ གཙོ་བོ་གཉིས་པ་འདི་ རྒྱ་ནག་ཀོང་ཙེ་ཚུ་ཨིན་པས།

གནམ་གཤིས།

ཀོསི་ཊ་རི་ཁའི་པེ་སི་ཕིག་མཚོ་འགྲམ་ལུ་ སྤྱི་ཟླ་༥ པ་ལས་༡༠ པ་ཚུན་ (བྱང་ཕྱོགས) ཡང་ན་ སྤྱི་ཟླ་༤ པ་ལས་༡༢ པ་ཚུན་ (ལྷོ་ཕྱོགས་) ཁ་ཐུག་ལས་ ཆརཔ་ཤུགས་སྦེ་རྐྱབ་དོ་ཡོདཔ་ཨིན་པས། ཀེ་རི་བི་ཡཱན་མཚོ་འགྲམ་ལུ་ ལོ་བསྟར་བཞིན་དུ་ ཆརཔ་རྐྱབ་དོ་ཡོདཔ་ད་ དམིགས་བསལ་གྱིས་ བཱ་ར་ཌེལ་ཀོ་ལོ་ར་ཌོ་གི་ཉེ་འདབས་ལུ་ ཆར་ཆུ་བོལ་དྲག་འབད་རྐྱབ་དོ་ཡོདཔ་དང་ རི་དེ་ཁར་དྲོད་ཚད་ ཤུགས་ཅན་ཅིག་འབད་སྡོད་དོ་ཡོདཔ་ལས་ པེ་སི་ཕིག་གི་གྱེན་ཐུར་ལུ་ རླན་གཤེར་དང་སྐམ་པའི་དུས་ཚོད་ཅིག་ཨིན་པས།

མི་རློབས་དང་མི་རིགས།

རྒྱལ་ཁབ་འདི་ནང་ མི་ས་ཡ་༥ དེ་ཅིག་ སྡོད་དོ་ཡོདཔ་ཨིན་པས། ཀོསི་ཊ་རི་ཀཱན་མང་ཤོས་ཅིག་ (བརྒྱ་ཆ་༨༠ དེ་ཅིག་ ཡུ་རོ་པཱན་གི་རིགས་བརྒྱུད་ལས་ཨིནམ་དང་ ས་ཕྱོགས་དབུས་དང་ལུང་གཤོངས་ནང་ལུ་ ཨིསི་པེ་ནིཤ་གི་རིགས་བརྒྱུད་ མང་ཤོས་ཅིག་ཡོདཔ་ཨིན། དེ་ལས་ དཔྱ་ལྔ་དེམ་ཅིག་ མིསི་ཏི་ཟོ་ ཡུ་རོ་པཱན་དང་སླ་བསྲེ་ཡོད་པའི་ མི་རིགས་ཅིགཨིན་པས། གྷུ་ན་ཀསི་ཊི་ གི་མི་ཚུ་ལུ་ ཨིསི་པེ་ནིཤ་དང་ས་གནས་ཀྱི་མི་ དེ་ལས་ ཨཕ་རི་ཀ་ གི་རིགས་བརྒྱུད་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་མས། ཁོང་གི་ཨིསི་པེ་ནིཤ་སྐད་ཡིག་འདི་ དབུས་ཕྱོགས་དང་ ལུང་གཤོངས་ནང་ལུ་སླབ་མི་སྐད་ཡིག་དང་མ་འདྲཝ་ཅིག་ཨིན།      

བརྒྱ་ཆ་ཉུང་སུ་ཅིག་ ཨཕ་རི་ཀ་ གི་རིགས་བརྒྱུད་ལས་ཨིནམ་ད་ མང་ཤོས་ཅིག་རང་ ལི་མུན་ མངའ་སྡེ་ནང་ལུ་ཡོདཔ་ཨིན་མས། ཁོང་ཆ་ཁྱབ་ དུས་རབས་༡༩ པའི་ནང་ ལཱ་འབད་མི་ཚུ་གི་ བརྒྱུད་པ་ཨིནམ་ལས་ ཉེ་རིང་ཕྱེ་ནི་མེད་པའི་ གདོང་ལེན་འབད་ཡོདཔ་ཨིན་པས། ཁྲིམས་དོན་གྱི་བཀག་ཆ་ཚུ་ ༡༩༤༩ ལུ་ བཏོན་བཏང་ཡོདཔ་ད་ ཉེ་རིང་ཕྱེ་སྟེ་ ལ་ལུ་ཅིག་ འཕྲོ་མཐུད་དེ་རང་ ཡོདཔ་ཨིན་པས། འདི་དང་ཅིག་ཁར་ རྒྱ་ནག་གི་མི་རློབས་ཚུ་ཡོདཔ་ཨིནམ་ད་ བརྒྱ་ཆ་༡ ལས་ཉུངམ་ཅིག་ ས་གནས་ཀྱི་མི་ཚུ་ཨིན། ཨིསི་པེ་ནིཤ་ གིས་དབང་བཟུང་འབད་བའི་ཤུལ་ལས་ ཁོང་གི་གྱངས་ཁ་འདི་ གནམ་མེད་ས་མེད་མར་ཕབ་འགྱོ་ནུག། ཁོང་ཆ་ཁྱབ་ ས་གནས་ལེ་ཤ་ཅིག་ནང་ སྡོད་དོ་ཡོདཔ་ད་ མང་ཤོས་ཅིག་ འཚོ་བའི་དོན་ལུ་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ཨིན་པས། ཁོང་ཚུ་ ཀོ་སི་ཊ་རི་ཀ་ལུ་ མི་སེར་དབུལ་ཕོངས་དཀའ་ངལ་ཡོད་མི་ཚུ་གི་གྲས་ལས་ གཅིག་ཨིན་པས།

གསོ་བ་དང་འཕྲོད་བསྟེན།

ཀོསི་ཊ་རི་ཀ་གིས་ ཚ་དྲོད་ཀྱི་ནད་གཞི་ཚུ་ མར་ཕབ་འབད་ཡོདཔ་ཨིནམ་དང་ ནི་ཀཱ་ར་གུ་ཝ་གི་ཉེ་འདབས་ལུ་མ་གཏོགས་ ཚད་པའི་ནད་གཞི་འདི་ ས་གནས་གཞན་ཚུ་ནང་ དཀོན་དྲགས་ཅིག་ཨིན་པས། དེ་ལས་ ཆུ་ལས་བྱུང་བའི་ནད་གཞི་འདི་ གནམ་མེད་ས་མེད་ཅིག་ར་འཐོན་ནི་མེད་རུང་ ཀེན་སར་དང་ དོན་ཧིང་ནད་ཀྱི་ ཚད་གཞི་ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ མི་སྡེ་ཉེན་སྲུང་སྤེལ་ཁང་འདི་ རྒྱལ་ཁབ་གཞན་ཚུ་གི་དོན་ལུ་ དཔེ་སྟོན་ཅིག་ཨིན་པས། དེ་མ་ཚད་ ཨ་རི་ཡས་གཞི་ཚོགས་ཀྱིས་ ཞི་བདེ་དང་འདྲ་མཉམ་ དེ་ལས་ ཤེས་ཡོན་གྱི་དོན་ལུ་ ལཱ་འབདཝ་ལས་བརྟེན་ཏེ་ སེན་ཧོ་ཟེ་ལུ་འགྲོ་བ་མིའི་ཐོབ་དབང་ཚོགས་པ་ ལེ་ཤ་ཅིག་ཡོདཔ་ཨིན་པས།

ཤེས་རིག།

ཤེས་ཡོན་རིན་མེད་སྟོང་པ་སྦེ་བྱིན་ཡོདཔ་དང་ སློབ་གྲྭ་ཚུ་གཞུང་གིས་དབང་དོ་ཡོདཔ་དང་ རྒྱལ་ཡོངས་འཆར་དངུལ་ལས་ དཔྱ་བཞི་དེམ་ཅིག་ ཤེས་རིག་གི་དོན་ལུ་ཨིན་པས། དེ་འབདཝ་ལས་བརྟེན་ཏེ་ བྲིས་ལྷག་གི་གནས་ཚད་མཐོ་དྲག་དང་ སློབ་གྲྭ་ཚུ་ལེགས་ཤོམ་ཡོདཔ་ཨིན་པས། ལྷག་པར་དུ་ ཀོསི་ཊ་རི་ཀ་གཙུག་ལག་སློབ་སྡེ་དང་ རྒྱལ་ཡོངས་གཙུག་ལག་སློབ་སྡེ་ དེ་ལས་  ཨིསི་ཀྲ་ཀྲལ་ ཨཱ་ གྲིསི་ཀྲཱན་ཥ་ ཚུ་རྩིས་ཏེ་ གཙུག་ལག་སློབ་སྡེ་ལེ་ཤ་ཅིག་ཡོདཔ་ཨིནམ་དང་ ཞི་བདེའི་གཙུག་ལག་སློབ་གཉེར་ཁང་ཡང་དེ་ཁར་ཡོདཔ་ཨིན་པས། དེ་ལས་ འཕྲུལ་རིག་སྤེལ་ཁང་གིས་ འཕྲུལ་རིག་སྦྱོང་བརྡར་འབད་སའི་ས་སྒོ་དང་ རྒྱལ་སྤྱིའི་གཙུག་ལག་སློབ་སྡེ་བརྗེ་སོར་གྱི་ལས་རིམ་ མངམ་སྦེ་ཡོདཔ་ཨིན་པས།

མཇུག་དོན།

དབུས་ཕྱོགས་ ཨ་མི་རི་ཀའི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མི་ ཀོསི་ཊ་རི་ཀ་འདི་ སྐྱེ་ལྡན་རིགས་སྣ་དང་ ཞི་བདེ་གི་དམངས་གཙོའི་རིང་ལུགས་ དེ་ལས་ ཡུན་བརྟན་གྱི་ཁས་བླངས་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན་པས། དེ་གི་རྒྱལ་ས་ལྟེ་བ་ སེན་ཧོ་ཟེ་འདི་ ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིནམ་ལས་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ དེ་ལས་ རྒྱལ་རབ་ཀྱི་བརྡ་མཚན་ཚུ་ཡོདཔ་ཨིན། ཏི་ཀོས་ཟེར་སླབ་མི་མི་ཚུ་ མཐུན་ཏོག་ཏོ་དང་ ལེགས་ཤོམ་ དེ་ལས་ དགའ་སྐྱིད་དང་ འཇམ་ཏོང་ཏོ་ལུ་ གཙོ་བོར་བསྟེན་མི་ "པུ་ར་བྷི་གྲ" གི་མི་ཚེ་གནས་སྟངས་ལུ་ ཡོངས་གྲགས་ཅན་ཅིག་ཨིན་པས། ཀོས་ཊ་རི་ཀ་ལུ་ གནམ་གཤིས་ཚ་དྲོད་ཀྱི་དུས་ཚོད་ངོ་མ་གཉིས་ཡོདཔ་ད་ དེ་ཡང་ སྐམ་པའི་དུས་ཚོད་ (སྤྱི་ཟླ་༡༢ པ་ལས་ སྤྱི་ཟླ་༤ པ་ཚུན་) དང་ ཆརཔ་གི་དུས་ཚོད་ (སྤྱི་ཟླ་༥ པ་ལས་ སྤྱི་ཟླ་༡༡ པ་ཚུན་) མཐོ་ཚད་དང་ལུང་ཕྱོགས་ལུ་གཞི་བཞག་སྟེ་ ཁྱད་པར་ཡོདཔ་ཨིན། ཤེས་རིག་འདི་ བརྩི་མཐོང་སྦོམ་ཡོདཔ་ལས་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་འདི་ བརྒྱ་ཆ་༩༧ ལྷགཔ་ཅིག་ཡོདཔ་ལས་ རིན་མེད་སྟོང་པ་སྦེ་ གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ནང་ ཤེས་ཡོན་ལྷབ་དགོཔ་ཐོན་མི་ལུ་བརྟེན་ཏེ་ཨིན་པས་གོ།

Reference

Costa Rica | History, Map, Flag, Climate, Population, & Facts | Britannica

"https://dz.wikipedia.org/w/index.php?title=ཀོསི་ཊ་རི་ཀ།_Costa_Rica&oldid=38491" ལས་ སླར་འདྲེན་འབད་ཡོདཔ།