ཀྲོའུསི་ཌེས་བུ་ཀེཊ། Croix-des-Bouquets

༉ ཀྲོའུསི་ཌེས་བུ་ཀེཊ་འདི་ ཧེ་ཊི་ཡན་ཀིརི་ཨོལ་ནང་ལུ་ ཀཝ་ཌེ་བོའུ་ཀེ་ཟེར་སླབ་ཨིན། རྒྱལ་ས་ལྟེ་བ་ པོརཊ་ཨའུ་པྲིནསི་ ལས་ བྱང་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༢.༩ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ལས་ ཀྲོའུསི་ཌེས་བུ་ཀེཊ་རྫོང་ཁག་གི་བདག་སྐྱོང་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། སྤྱི་ལོ་ ༡༧༤༩ ལུ་གཞི་བཙུགས་འབད་མིའི་མི་སྡེ་འདི་ ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་དང་ འདི་ཡང་ ཧེ་ཊི་རྒྱལ་ཁབ་ཀྱི་གཞུང་རྒོལ་གྱི་དུས་སྐབས་ལུ་ ལྕགས་རིགས་ཀྱི་སྒྱུ་རྩལ་གྱི་ལམ་སྲོལ་དང་ བྱུང་རབས་ཀྱི་གལ་གནད་ཅན་གྱི་ ཡོངས་གྲགས་ཅན་ཅིག་ལུ་འགྱུར་ཡོདཔ་ཨིན།
ཀྲོའུསི་ཌེས་བུ་ཀེཊ་འདི་ ཅུལ་ཌེ་སེག་གི་ཐང་ཟེར་མི་ སོ་ནམ་གྱི་ལཱ་ཚུ་ རྒྱ་ཆེཝ་སྦེ་འབད་ཚུགས་པའི་ ས་ཞིང་བཟང་པོ་ཅིག་ཨིན་མི་ ཅུལ་ཌེ་སེག་གི་ཐང་ལུ་ཆགས་ཡོདཔ་ཨིན། མི་སྡེ་འདི་གིས་ ཁྲོམ་སྡེ་ལྟེ་བ་དང་ མཐའ་འཁོར་གྱི་གྲོང་གསེབ་སྡེ་ཚན་ཚུ་བརྩིས་ཏེ་ ས་ཁོངས་ལེ་ཤ་ཅིག་ར་ ཁྱབ་སྟེ་ཡོདཔ་ཨིན། པོརཊ་ཨའུ་པྲིནསི་དང་ ཉེ་འདབས་ལུ་ཡོདཔ་ལས་ ཁྲོམ་ཆེན་གྱི་ཆ་ཤས་གཙོ་བོ་ཅིག་ལུ་འགྱུར་ཏེ་ དཔལ་འབྱོར་དང་མི་སྡེའི་འབྲེལ་བ་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) གིས་བཀོད་ནུག།
ལུང་ཕྱོགས་འདི་ནང་ ཚ་དྲོད་ཆེ་བའི་གནམ་གཤིས་དང་ རློན་གཤེར་དང་སྐམ་པའི་དུས་ཚོད་མ་འདྲཝ་ཚུ་ མཐོང་དོ་ཡོདཔ་ཨིན། སྤྱིར་སྙོམས་དྲོད་ཚད་འདི་ སྤྱི་ཟླ་དང་པ་དང་ སྤྱི་ཟླ་གཉིས་པའི་ནང་ མཐོ་ཤོས་ ༧༠°F (༢༥°C དེ་ཅིག་) ལས་ སྤྱི་ཟླ་ ༧ པ་དང་ ༨ པའི་ནང་ ༨༠°F (༣༠°C དེ་ཅིག་) གི་བར་ན་ཡོདཔ་ཨིན། ཆརཔ་གི་དུས་ཚོད་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་ ༤ པ་ལས་ སྤྱི་ཟླ་ ༡༠ པ་ཚུན་ཚོད་ རྐྱབ་དོ་ཡོདཔ་དང་ འདི་ཡང་ ས་ཆའི་གནས་སྟངས་དང་འཁྲིལ་ཏེ་ འགྱུར་བ་འགྱོཝ་ཨིན་མས། ཝི་ཀི་པི་ཌི་ཡ་ (༢༠༠༥) གིས་ སྤྱི་ལོ་ ༢༠༠༩ ལུ་ ཀྲོའུསི་ཌེས་བུ་ཀེཊ་ གི་མི་རློབས་འདི་ ཧ་ལམ་ ༢༨༤,༨༡༢ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ལས་ ཧེ་ཊི་གི་མི་རློབས་མང་ཤོས་ཡོད་པའི་ མི་སྡེ་ཅིག་ལུ་གྱུར་ནུག་ཟེར་བཀོད་ནུག། མི་རློབས་འདི་ མང་ཤོས་ཅིག་ར་ ཨཕ་རི་ཀ་གི་རིགས་བརྒྱུད་ལས་ཨིནམ་ལས་ རྒྱལ་ཁབ་འདི་ནང་ མི་འབོར་ཞིབ་རྩིས་ཀྱི་ གནས་སྟངས་རྒྱ་ཆེཝ་སྦེ་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། མི་སྡེ་འདི་གིས་ ཁྲོམ་ཚོགས་དང་གྲོང་གསེབ་ཀྱི་ཁྱད་ཆོས་སླ་བསྲེས་ཏེ་ ལཱ་གཡོག་དང་ མི་ཚེའི་གནས་སྟངས་མ་འདྲཝ་ཚུ་ སྟོན་དོ་ཡོདཔ་ཨིན། [༡]
ཀྲོའུསི་ཌེས་བུ་ཀེཊ་གི་ལོ་རྒྱུས་དང་རྒྱབ་ཁུངས་འདི་ གཞི་བཙུགས་དང་དབང་སྒྱུར་དུས་རབས་སྐབས་ལུ་ སྤྱི་ལོ་ ༡༧༤༩ ལུ་ རྒྱལ་པོའི་བཀའ་རྒྱ་དང་འཁྲིལ་ཏེ་ གཞི་བཙུགས་འབད་མི་ ཀྲོའུསི་ཌེས་བུ་ཀེཊ་འདི་ འགོ་ཐོག་ལུ་ མཚོའི་མཐའ་མར་ཆགས་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༧༧༠ ལུ་ པོརཊ་ཨའུ་པྲིནསི་ ས་ཡོམ་རྐྱབ་པའི་ཤུལ་ལས་ ནང་འཁོད་ལུ་སྤོ་བཤུད་འབད་ཡོདཔ་ཨིན། མིང་ "ཀྲོའུསི་ཌེས་བུ་ཀེཊ་" ཟེར་མི་འདི་ ཨིསི་པེ་ནིཡཌ་ཟེར་ཨིསི་པེ་ནིཤི་ཀྱི་མི་ཁུངས་ཀྱིས་ ཁྲོམ་ཚོགས་རྐྱབ་སའི་ས་གཞི་གུར་ དྲི་ཞིམ་པའི་མེ་ཏོག་ཆག་པ་སྦོམ་ཅིག་བཙུགས་མི་ལུ་བརྟེན་ འབྱུང་བྱུངམ་ཨིནམ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན་མས། (ཝི་ཀི་པི་ཌི་ཡ། ༢༠༢༥) གིས་བཀོད་ནུག། དེ་ལས་ ཧེ་ཊི་ཡན་གསར་བརྗེའི་ནང་འགན་ཁུར་འབག་བའི་དུས་སྐབས་འདི་ ཧེ་ཊི་ཡན་གྱི་ གཞུང་རྒོལ་གྱི་སྐབས་ལུ་ ཀྲོའུསི་ཌེས་བུ་ཀེཊ་གིས་ ཁག་ཆེ་བའི་འགན་ཁུར་འབག་ནུག། སྤྱི་ལོ་ ༡༧༩༢ སྤྱི་ཟླ་ ༣ པའི་ཚེས་ ༢༢ ལུ་ མི་རིགས་དཀརཔོ་དང་ བྱ་རོགས་ཚུ་བརྩིས་ཏེ་ ངོ་རྒོལ་དམག་མི་ཚུ་གིས་ དབང་འོག་དམག་མི་ཚུ་དང་ གདོང་ལེན་འབད་སའི་ གལ་གནད་ཅན་གྱི་དམག་འཁྲུག་ཅིག་བྱུང་ནུག། དམག་འཁྲུག་འདི་གིས་ ངོ་རྒོལ་པ་ཚུ་ རྒྱལ་ཁ་ཐོབ་སྟེ་ ས་གནས་འདི་གཞན་ལས་རང་དབང་རང་བཙན་བཟོ་ནིའི་དོན་ལུ་ འཐབ་རྩོད་འབད་བའི་སྐབས་ཀྱི་དུས་ཚོད་འདི་ རྒྱལ་རབས་ནང་གལ་ཆེ་བའི་དུས་ཚོད་ཅིག་ཨིན་ཟེར་བཀོད་ཡོདཔ་ཨིན། མཇུག་ལུ་ རང་བཙན་ཐོབ་ཚར་བའི་ཤུལ་གྱི་འཕེལ་རིམ་འདི་ སྤྱི་ལོ་ ༡༨༠༤ ལུ་ ཧེ་ཊི་རང་དབང་ཐོབ་པའི་ཤུལ་ལས་ ཀྲོའུསི་ཌེས་བུ་ཀེཊ་འདི་ སྲིད་དོན་དང་མི་སྡེའི་ལས་སྣ་ཚུ་གི་ས་གོ་ཅིག་སྦེ་འཕྲོ་མཐུད་དེ་ར་སྡོད་ནུག དུས་རབས་ ༡༩ པའི་ནང་ ལཱ་གཡོག་དང་ རྒྱལ་ཡོངས་འཐབ་རྩོད་རྒྱ་ཆེཝ་དང་འབྲེལ་བའི་ འཁྲུག་རྩོད་ཚུ་བརྩིས་ཏེ་ དམག་དོན་དང་ སྲིད་དོན་གྱི་ བྱུང་རིམ་མ་འདྲཝ་ཚུ་ མྱོང་ཡོདཔ་ཨིན་པས། ཐིར་ཌི་ཡེ་མོམ།[༢]
ཀྲོའུསི་ཌེས་བུ་ཀེཊ་འདི་ ཀྲོའུསི་ཌེས་བུ་ཀེཊ་རྫོང་ཁག་གི་ཆ་ཤས་ཅིག་ཨིནམ་དང་ འདི་ནང་ལུ་ ཐོ་མ་ཟའུ་དང་ གཱན་ཏི་ཡར་ དེ་ལས་ ཕོནཌ་ཝེ་རེ་ཊིས་དང་ ཀོར་ནི་ལོན་ལ་སོགས་པའི་ མི་སྡེ་ལེ་ཤ་ཅིག་ཚུདཔ་ཨིན། རྫོང་ཁག་འདི་གིས་ འཚོལ་ཞིབ་ལས་ཁུངས་ནང་ལུ་ བདག་སྐྱོང་སྡེ་ཚན་ཅིག་སྦེ་ལཱ་འབད་དེ་ ས་གནས་གཞུང་སྐྱོང་དང་མཉམ་འབྲེལ་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་ཟེར་ ཕན་ཌོམ་ (ལོ་མེད་) ཀྱིས་བཀོད་ནུག། གཞུང་སྐྱོང་དང་ཆབ་སྲིད་ཀྱི་ཐད་ཁར་ མི་སྡེ་ཅིག་འབདཝ་ལས་ ཀྲོའུསི་ཌེས་བུ་ཀེཊ་ འདི་ ཧེ་ཊི་གི་དབང་ཚད་ཕྱིར་སྤེལ་གཞུང་གྱི་ལམ་ལུགས་ཀྱི་བདག་སྐྱོང་གཞི་བཀོད་འོག་ལུ་ལཱ་འབདཝ་ཨིན། ས་གནས་གཞུང་འདི་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་ཚུ་བརྩིས་ཏེ་ བཙག་འཐུ་གྲུབ་པའི་འགོ་དཔོན་ཚུ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་དང་ དེ་ཚུ་གིས་ མི་མང་ཞབས་ཏོག་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ མི་སྡེ་གོང་འཕེལ་ཚུ་ ལྟ་རྟོག་འབད་དགོཔ་ཨིན་མས། མི་སྡེ་གི་སྲིད་དོན་གནས་སྟངས་འདི་ རྒྱལ་ཡོངས་སྲིད་བྱུས་དང་ ས་གནས་ཀྱི་གནས་སྟངས་ཚུ་གིས་ ཤན་ཞུགས་འབད་དེ་ ཧེ་ཊི་གི་གཞུང་སྐྱོང་གཞི་བཀོད་ནང་ལུ་ གདོང་ལེན་དང་གོ་སྐབས་རྒྱ་ཆེཝ་སྦེ་ཡོད་མི་ཚུ་ གསལ་སྟོན་འབདཝ་ཨིན། [༣]
ཧེ་ཊི་གི་གཞུང་འབྲེལ་སྐད་ཡིག་འདི་ ཕཱེརེནཆི་དང་ ཧེ་ཊི་ཡན་ཀིརི་ཨོལ་སྐད་ཡིག་གཉིས་ཨིན། ཀྲོའུསི་ཌེས་བུ་ཀེཊ་ལུ་ ཧེ་ཊི་ཡན་ཀིརི་ཨོལ་འདི་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ མང་ཤོས་ཅིག་སྦེ་སླབ་དོ་ཡོདཔ་དང་ ཕཱེརེནཆི་འདི་ ལུགས་མཐུན་གྱི་གནས་སྟངས་དང་ ཤེས་རིག་ དེ་ལས་ གཞུང་འབྲེལ་གྱི་ཡིག་ཆ་ཚུ་ནང་ལས་ཕར་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། སྐད་ཡིག་གཉིས་ཀྱི་ མཐའ་འཁོར་དང་ས་གནས་འདི་གིས་ རྒྱལ་ཁབ་ཀྱི་དབང་འོག་རྒྱལ་རབས་དང་ ལམ་སྲོལ་འཕེལ་འགྱུར་ཚུ་ གསལ་སྟོན་འབདཝ་ཨིན། ཀྲོའུསི་ཌེས་བུ་ཀེཊ་འདི་ ལམ་སྲོལ་གྱི་མཐོང་སྣང་ དམིགས་བསལ་གྱིས་ ལྕགས་རིགས་ཀྱི་སྒྱུ་རྩལ་ལམ་སྲོལ་གྱི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། མི་སྡེ་ནང་ལུ་ཡོད་པའི་ ནོ་ཨའི་ལིས་གཡུས་ཚན་འདི་ ལོག་སྟེ་ལག་ལེན་འཐབ་མི་དངོས་པོ་ཚུ་ལས་ ལྕགས་རིགས་མགུ་རྙོག་དྲགས་སྦེ་བཟོ་ནི་ལུ་ མཁས་མཆོག་སྦེ་ཡོད་མི་ ལག་བཟོཔ་ཚུ་གི་ལྟེ་བ་ཅིག་ཨིན། ཐིར་ཌི་ཡ་མོན་ (༢༠༡༧) གྱིས་ སྤྱི་ལོ་ ༡༩༥༠ ལོ་གྲངས་ལུ་ ཇོར་ཇིས་ལིའུ་ཊུའཌ་ཀྱིས་ འགོ་བཙུགས་མི་ འ་ནཱི་སྒྱུ་རྩལ་འདི་ ཧེ་ཊི་ཡན་གྱི་གསར་གཏོད་དང་ བཟོད་བསྲན་གྱི་རྟགས་མཚན་ཅིག་ལུ་གྱུར་ཡོདཔ་ཨིན་ཟེར་བཀོད་ནུག། མི་སྡེ་འདི་གིས་ སྒྱུ་རྩལ་གྱི་སྲོལ་ཁྱུན་དང་ ཆོས་དོན་གྱི་ལམ་ལུགས་ དེ་ལས་ མི་སྡེའི་སེམས་ཤུགས་ཚུ་ བརྩི་སྲུང་འབད་ནི་གི་དོན་ལུ་ ལམ་སྲོལ་གྱི་ལས་རིམ་དང་ དུས་སྟོན་མ་འདྲཝ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། འ་ནཱི་ལམ་སྲོལ་འདི་གིས་ ས་གནས་ནང་སྡོད་མི་ཚུ་གི་ནང་འཁོད་ལུ་ ངོ་རྟགས་དང་གཅིག་མཐུན་བཟོ་ནི་ལུ་ ལྷན་ཐབས་འབདཝ་ཨིན་མས།[༤]
རྩེད་རིགས་ཀྱིས་ ཀྲོའུསི་ཌེས་བུ་ཀེཊ་གི་མི་སྡེའི་མི་ཚེ་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན། རྐང་རྩེད་འདི་ ས་གནས་ཀྱི་སྡེ་ཚན་དང་ ལུགས་མཐུན་མིན་པའི་རྩེད་འགྲན་ཚུ་ མི་སྡེ་ནང་འཁོད་ལུ་ ཡོངས་གྲགས་ཅན་གྱི་རྩེད་རིགས་ཅིག་ཨིན། རྩེད་རིགས་གཞན་ དྲྭ་རིལ་དང་ བང་རྒྱུག་ཚུ་ཡང་ དམིགས་བསལ་གྱིས་ ན་གཞོན་ཚུ་གིས་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས། ལས་རིམ་འདི་ཚུ་གིས་ མི་སྡེ་འབྲེལ་གཏོགས་འབད་ནི་ལུ་ ཕན་ཐོགས་ཡོདཔ་མ་ཚད་ རིག་རྩལ་གོང་འཕེལ་གྱི་གོ་སྐབས་ཡང་བྱིནམ་ཨིན། ཀྲོའུསི་ཌེས་བུ་ཀེཊ་གི་ཆོས་ལུགས་འདི་ མ་འདྲཝ་སྦེ་ཡོདཔ་ལས་ ཧེ་ཊི་ཡན་གྱི་སྐབས་དོན་རྒྱ་ཆེཝ་སྦེ་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། ཡེ་ཤུའི་ཆོས་ལུགས་དང་ དམིགས་བསལ་གྱིས་ རོ་མཱན་ཀེ་ཐོ་ལི་ཟམ་དང་ ཆོས་ལུགས་མ་འདྲཝ་ཚུ་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། ད་རུང་ ཨཕ་རི་ཀ་གི་ཆོས་ལུགས་དང་ ཀེ་ཐོ་ལིག་ཆོས་ལུགས་གཉིས་མཉམ་སྡེབ་འབད་མི་ ཝོ་ཌུཟེར་མི་ཆོས་ལུགས་འདི་གིས་ ལམ་སྲོལ་གྱི་ཁག་ཆེ་ཧིང་ཡོདཔ་ལས་ མི་སེར་མང་ཤོས་ཅིག་གིས་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཆོས་ལུགས་ཀྱི་གཙུག་སྡེ་དང་ལག་ལེན་ཚུ་གིས་ མི་སྡེའི་མི་ཚེ་ནང་ འགན་ཁུར་ལྟེ་བ་འབག་སྟེ་ ཆོས་དང་འབྲེལ་བའི་ལམ་སྟོན་དང་ མི་སྡེའི་རྒྱབ་སྐྱོར་ཚུ་ བྱིན་དོ་ཡོདཔ་ཨིན།
ཀྲོའུསི་ཌེས་བུ་ཀེཊ་གི་ཟ་འཐུང་འདི་གིས་ ཧེ་ཊི་རྒྱལ་ཁབ་ཀྱི་ཟ་འཐུང་གི་ལམ་སྲོལ་ཕྱུགཔོ་ཚུ་ གསལ་སྟོན་འབདཝ་ཨིན། བཞེས་སྒོ་གཙོ་བོ་ཚུ་ཡང་ ས་གནས་གཞན་ཀྱི་ཁྲོམ་ཚོགས་དང་ཆ་འདྲ་བའི་ གྷི་རིའོཊ་དང་ དི་རི་ཨཀ་འཇོན་འཇོན་ (ཤ་མུ་ནགཔོ་དང་ཆུམ་སླ་བསྲེ་ཡོད་མི་) དེ་ལས་ རང་དབང་གི་རྟགས་མཚན་ཅིག་སྦེ་ རྒྱལ་རབས་ཀྱི་ཁག་ཆེ་བའི་ ཇོའུ་མོ་ཁུ་བ་ (ཀ་ཀུར་གྱི་ཁུ་བ་) ཚུ་ཨིན། ས་གནས་ཀྱི་ཚོང་ཁྲོམ་དང་ ཁྲོམ་ལམ་ཁར་ ཚོང་པ་ཚུ་གིས་ རང་ལུགས་ཀྱི་ བཞེས་སྒོ་མ་འདྲཝ་ཚུ་ བཙོང་དོ་ཡོདཔ་ལས་ མི་སྡེའི་སོ་ནམ་གྱི་ལམ་ལུགས་དང་ ལམ་སྲོལ་གྱི་སྲོལ་ཁྱུན་ཚུ་ གསལ་སྟོན་འབདཝ་ཨིན་པས།
ཀྲོའུསི་ཌེས་བུ་ཀེཊ་གི་དཔལ་འབྱོར་འདི་ སོ་ནམ་དང་ལག་བཟོ་ དེ་ལས་ ཚོང་འབྲེལ་ཚུ་གིས་ཁྱབ་སྟེ་ཡོདཔ་ཨིན། ས་བཅུད་ཅན་གྱི་ཐང་འདི་གིས་ སྲནམ་ཅུམ་དང་ ཀེ་བ་ དེ་ལས་ གེ་ཟ་ལ་སོགས་པའི་ ལོ་ཐོག་ཚུ་ འཛུགས་སྐྱོང་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན། ནོ་ཨའི་ལིས་ལུ་ལྟེ་བ་འབད་དེ་ཡོད་མི་ ལྕགས་རིགས་ཀྱི་སྒྱུ་རྩལ་བཟོ་གྲྭ་འདི་གིས་ ས་གནས་ཀྱི་ལཱ་གཡོག་དང་ རྒྱལ་སྤྱིའི་ངོས་ལེན་གཉིས་ཆ་ར་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། མི་སྡེ་གིས་ ཚོང་འབྲེལ་དང་ཚོང་རིག་ཚུ་གི་ལྟེ་བ་འདི་ པོརཊ་ཨའུ་པྲིནསི་གི་ཉེ་འདབས་ལུ་ཡོདཔ་ལས་ ཅ་ཆས་དང་ཞབས་ཏོག་ཚུ་ བརྗེ་སོར་འབད་ཚུགས་ནི་ལུ་ཕན་ཐོགས་དོ་ཡོདཔ་ཨིན་མས། ཨིན་རུང་ དཔལ་འབྱོར་གྱི་ལས་སྣ་ཚུ་ འཕྲལ་འཕྲལ་སྐབས་ གཞི་རྟེན་མཐུན་རྐྱེན་གྱི་ཚད་འཛིན་དང་ ཉེན་སྲུང་གི་ཚ་གྱང་ཚུ་གིས་ གདོང་ལེན་འབད་དོ་ཡོདཔ་ལས་ ཡར་རྒྱས་དང་ མ་རྩ་གཞི་བཙུགས་ཀྱི་གོ་སྐབས་ཚུ་ལུ་ ཐོ་ཕོགཔ་ཨིན་པས། ཝི་ཀི་པི་ཌི་ཡ། (༢༠༢༥) གིས་ཀོད་ནུག།[༥]
ཀྲོའུསི་ཌེས་བུ་ཀེཊ་ལུ་ གོང་འཕེལ་དང་ མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ལུ་ ཐོ་ཕོག་མི་ གདོང་ལེན་ལེ་ཤ་ཅིག་ ཐོན་དོ་ཡོདཔ་ཨིན་པས། འདི་ཡང་ ཉེན་སྲུང་དང་འབྲེལ་བའི་གནོད་དོན་འདི་ འདས་པའི་ལོ་ཚུ་ནང་ མི་སྡེ་ནང་ སྡེ་ཚན་གྱི་རྩུབ་སྤྱོད་དང་ བྱ་ངན་གྱི་ལཱ་ཚུ་བརྩིས་ཏེ་ ཉེན་སྲུང་གི་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། སེར་ཇིའོ་ས་ཕོན་ (༢༠༢༢) ཀྱིས་ དཔེར་ན་ "༤༠༠ མ་ཝོ་ཟོ་" བཟུམ་གྱི་སྡེ་ཚན་ཚུ་ མི་བཙན་ཁྲིད་དང་ གཞན་མི་ དྲག་པོའི་བྱ་སྤྱོད་ཚུ་ནང་ འབྲེལ་གཏོགས་འབད་དེ་ མི་མང་གི་ཉེན་སྲུང་དང་ དཔལ་འབྱོར་བརྟན་ཏོག་ཏོ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་ཟེར་བཀོད་དེ་འདུག། གཉིས་པ་ གཞི་རྟེན་མཐུན་རྐྱེན་དང་ཞབས་ཏོག་གི་ཐད་ཁར་ འཁོར་ལམ་དང་ གློག་མེ་ དེ་ལས་ གཙང་སྦྲ་འཕྲོད་བསྟེན་གྱི་ ཞབས་ཏོག་ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ དཔལ་འབྱོར་གོང་འཕེལ་དང་ ཁག་ཆེ་བའི་ཞབས་ཏོག་ཚུ་ ཐོབ་ཚུགས་ནི་ལུ་ ཐོ་ཕོགཔ་ཨིན་པས། འདི་བཟུམ་གྱི་སྐྱོན་ཚུ་གིས་ གསོ་བའི་ཉེན་ཁ་དང་ ཡར་རྒྱས་ཀྱི་གོ་སྐབས་ཚུ་ བཀག་ཆ་འབདཝ་ཨིན་པས། དེ་ལས་གཞན་ཡང་ ཤེས་རིག་དང་གཡོག་སྤྲོད་ཚུ་དང་འབྲེལ་བའི་དཀའ་ངལ་འདི་ སྤུས་ཚད་ཅན་གྱི་ཤེས་ཡོན་དང་ ལཱ་གཡོག་གི་གོ་སྐབས་ཐོབ་ནི་འདི་ ཚ་གྱང་ཅན་ཅིག་སྦེ་ར་ཡོདཔ་ཨིན་མས། ཨ་ནིས་ཟུ་ནུ་ཟི་བྷ་ཧལ་སློབ་གྲྭ་དང་ ཧེ་ཊི་ཡན་ཨ་མི་རི་ཀའི་ཀའུ་ཀཱསི་ཨེ་ཀོ་ལི་ཤ་ལོམ་ཌེས་ཕེརེསི་བཟུམ་གྱི་ ལས་རིམ་ཚུ་གིས་ ཤེས་ཡོན་གྱི་རྒྱབ་སྐྱོར་འབད་དོ་ཡོད་རུང་ བྲིས་ལྷག་ཤེས་ཡོན་དང་ ལཱ་གཡོག་གི་གོ་སྐབས་ཚུ་ ཡར་དྲག་བཏང་ནི་གི་དོན་ལུ་ ལམ་ལུགས་རྒྱ་ཆེཝ་སྦེ་ ཡར་དྲག་གཏང་དགོཔ་འདུག་ཟེར་ (ཝི་ཀི་པི་ཌི་ཡ། ༢༠༢༥) གིས་བཀོད་དེ་འདུག།[༥]
ཀྲོའུསི་ཌེས་བུ་ཀེཊ་འདི་ ཧེ་ཊི་རྒྱལ་ཁབ་ཀྱི་རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་གྱི་སྲོག་ཤུགས་ དེ་ལས་ བཟོད་བསྲན་ཚུ་གི་ བདེན་ཁུངས་ཅིག་ཨིན། འདི་གི་སྒྱུ་རྩལ་ནང་ལུ་ ཕན་འདེབས་འབད་མི་འདི་ དམིགས་བསལ་གྱིས་ ལྕགས་རིགས་ཀྱི་བཟོ་བཀོད་འདི་གིས་ རྒྱལ་སྤྱིའི་ནང་ལུ་ ངོས་ལེན་ཐོབ་ཡོདཔ་དང་ འདི་གི་བྱུང་རབས་ཀྱི་ཁག་ཆེ་ཧེང་འདི་གིས་ རྒྱལ་ཁབ་འདི་ རང་དབང་ཐོབ་ནི་གི་འགྲུལ་སྐྱོད་ནང་ལུ་ འདི་གི་འགན་ཁུར་འདི་ གསལ་བཏོན་འབདཝ་ཨིན། ས་གནས་འདི་ནང་ དེང་སང་གི་དཀའ་ངལ་ཚུ་འབྱུང་གཞིན་པ་ཡོད་རུང་ མི་སྡེ་གི་གསར་གཏོད་དང་ མི་སྡེ་གི་སེམས་ཤུགས་འདི་གིས་ ཡུན་བརྟན་གོང་འཕེལ་དང་ མི་སྡེ་གཅིག་མཐུན་གྱི་བརྩོན་ཤུགས་ཚུ་ འཕྲོ་མཐུད་དེ་ར་བསྐྱེད་དོ་ཡོདཔ་ཨིན་པས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
- ↑ Wikipedia. (2025). Croix-des-Bouquets. Published by: Creative Commons. Retrieved from: https://en.wikipedia.org/wiki/Croix-des-Bouquets
- ↑ Saffon,S. (2022). How a Haiti Suburb Fuelled the Rise of a Formidable Street Gang. Published by: Insight Crime. Retrieved from: https://insightcrime.org/news/how-a-haiti-suburb-fuelled-the-rise-of-a-formidable- street-gang/
- ↑ Fandom. (n,d). Croix-des-Bouquets. Published by: Fandom. Retrieved from: https://haiti.fandom.com/wiki/Croix-des-Bouquets
- ↑ Thirdeyemom. (2017). A visit to meet the Artisans in Croix-des-Bouquets. Published by: Thirdeyemom. Retrieved from: https://thirdeyemom.com/2017/05/26/a-visit-to-meet-the-metal-artisans-in-croix-des- bouquets/
- 1 2 Earthquakes in Central America. (2025). Economic Activity. Published by: Satcaweb.org. Retrieved from: https://www.satcaweb.org/coban/