Jump to content

ཀ་ཏར་

Wikipedia ལས།
(ཁ་ཏར་ ལས་ ལོག་བཏང་ཡོདཔ་)
ཀ་ཏར།

༉ ཀ་ཊར་འདི་ རང་དབང་ཅན་གྱི་རྒྱལ་ཁབ་ པར་ཤི་ཡའི་མཚོ་ཁའི་ནུབ་མཚོའི་མཐའ་མར་ཡོདཔ་ཨིན། རྒྱལ་ཁབ་ཆུང་ཀུ་འདི་གིས་ ལུང་ཕྱོགས་འདི་ནང་ལུ་ དོ་འགྲན་པ་ཚུ་གི་བར་ན་ བློ་གཏད་ཅན་གྱི་ བར་འཛུལ་འབད་མི་ཅིག་སྦེ་ ཤན་ཞུགས་སྦོམ་སྦེ་ར་ཡོདཔ་མ་ཚད་ འཛམ་གླིང་ནང་ལུ་ རང་བཞིན་རླངས་རྫས་ཕྱིར་ཚོང་འཐབ་མི་སྦོམ་ཤོས་ཅིག་ཨིན་མས། དེ་མ་ཚད་ རྒྱལ་སྤྱིའི་ནང་ ཡོངས་གྲགས་ཅན་གྱི་རྒྱང་མཐོང་ཡོངས་འབྲེལ་ ཨཱལ་ཇ་ཛི་ར་དང་ སྤྱི་ལོ་ ༢༠༢༢ ལོའི་ འཛམ་གླིང་རྐང་རྩེད་འགྲན་བསྡུར་འདི་ བྱེ་མའི་ཐང་གི་གནམ་གཤིས་ནང་ འགོ་འདྲེན་འཐབ་མི་འདི་གིས་ རྩོད་བསྡུར་ཅན་ཅིག་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིནམ་དང་ སྤྱི་ལོ ་༢༠༢༤ ལུ་ ཨེ་ཤི་ཡཱན་རྒྱལ་རྟགས་རྩེད་འགྲན་འགོ་འདྲེན་འཐབ་ནུག།

ཨ་ར་བི་ཡཱན་ ཕྱོགས་གསུམ་ཆུ་གླིང་ (Arabian Peninsula) ལས་ བྱང་ཁ་ཐུག་ལུ་ཁྱབ་སྟེ་ཡོད་མི་ བྱེ་ཐང་ཕྱེད་གླིང་ཕྲན་ཆུང་ཀུ་ཅིག་ཡོད་མི་འདི་ རྒྱལ་རབས་མ་བྱུང་པའི་ཧེ་མ་ལས་ར་ མི་ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན། ཨིསི་ལམ་གྱི་ཡར་རྒྱས་འགྱོ་བའི་ཤུལ་ལས་ ལུང་ཕྱོགས་འདི་ ཨིསི་ལམ་གྱི་ཁ་ལི་ཕེཊ་གི་དབང་ཚད་ལུ་འགྱུར་ནུག། ཤུལ་ལས་ དུས་རབས་ ༡༩ པའི་ནང་ ཐ་ནི་རྒྱལ་རྒྱུད་ཀྱི་དབང་ཚད་འོག་ལུ་མ་ཚུད་པའི་ཧེ་མ་ ས་གནས་དང་ཕྱི་རྒྱལ་གྱི་རྒྱལ་རྒྱུད་ལེ་ཤ་ཅིག་གིས་ དབང་འཛིན་འབད་ནུག། ཐཱ་ནི་ (Thani) རྒྱལ་རྒྱུད་ཀྱིས་ དུས་རབས་ ༡༩ པ་དང་ ༢༠ པ་འགོ་བཙུགས་ཁམས་ཅིག་ཁར་ རྒྱལ་ཁབ་འདི་ དབང་དུ་བསྡུ་མི་ ཨོ་ཊོ་མཱན་ རྒྱལ་ཁམས་དང་ དོ་འགྲན་འབད་མི་ མི་རིགས་སྡེ་ཚན་ཚུ་ལུ་ བཱིརི་ཊིཤ་གིས་རྒྱབ་སྐྱོར་འཚོལ་ནུག། དབང་ཚད་ཚུ་ རྒྱལ་ཡོངས་སྲུང་སྐྱོབ་ཀྱི་ལྟེ་བ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན། ཀ་ཊར་ལུ་ འཛམ་གླིང་ནང་ ས་སྣུམ་དང་ རང་བཞིན་རླངས་རླུང་ གསོག་འཇོག་སྦོམ་ཤོས་ཅིག་ཨིནམ་ལས་ བཟོ་བསྐྲུན་གྱི་བྱ་རིམ་ནང་ ཕྱི་རྒྱལ་གྱི་ལས་མི་ལེ་ཤ་ཅིག་ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་པས། མར་ཁུའི་རྒྱུ་ནོར་ཡོད་མི་ལུ་བརྟེན་ རྒྱལ་ཁབ་ནང་ མི་སེར་ཚུ་གིས་ མི་ཚེ་གནས་ཚད་མཐོ་དྲགས་དང་ མི་སྡེ་ཞབས་ཏོག་ལམ་ལུགས་ལེགས་ཤོམ་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

རྒྱལ་ས་ལྟེ་བ་འདི་ ཤར་ཕྱོགས་མཚོ་མཐའི་ཁྲོམ་ཚོགས་ ཌོ་ཧ་ཨིན། ཌོ་ཧ་གིས་ མཛེས་སྡུག་ཅན་མཐོང་སྣང་དང་ ཡང་ན་ མཚོའི་མཐའ་མའི་ཁྲོམ་ལམ་ལས་ འོད་འཕྲོ་འཕྲོ་འབད་མི་ དེང་སང་གི་ཧེ་མའི་བཟོ་རིགས་ཚུ་ ཡིག་ཚང་གི་སྒྲིང་ཁྱིམ་གསརཔ་དང་ ཚོང་འབྲེལ་ལྟེ་བ་ དེ་ལས་ སྒྲིང་ཁྱིམ་ཚུ་དང་གཅིག་ཁར་ སླ་བསྲེ་རྐྱབ་ཨིན། ཨིན་རུང་ རྒྱལ་ཁབ་ཀྱི་མི་རློབས་འདི་ ཁྲོམ་ཚོགས་དང་མཚོ་འགྲམ་གྱི་མི་རློབས་ཨིནམ་ལས་ ཉིན་བསྟར་གྱི་མི་ཚེ་འདི་ དེང་སང་གི་གནས་སྟངས་དང་བསྟུན་ཏེ་ དབང་འཛིན་པ་ཚུ་གིས་ ཞི་བའི་རང་དབང་ཡར་དྲག་གཏང་ནི་གི་ འབད་བརྩོན་བསྐྱེད་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ ཕྱི་རྒྱལ་མི་སྡེ་སྦོམ་གྱི་ གནས་རིམ་གྱི་སྐོར་ལས་ དབང་འཛིན་གྱི་ ཨེ་མིར་གྱིས་ “ཀ་ཊར་ལུ་ ཁོང་གིས་ ཉེན་སྲུང་དང་ གུས་ཞབས་ཅན་གྱི་ འཚོ་བ་སྐྱེལ་ཚུགས་དོ་ཡོདཔ་སྦེ་བཤད་ཅི།”

དེ་བཟུམ་སྦེ་ ཡུ་ཨེས་ཀྱི་ ཀོན་ནེག་ཊི་ཀཊ་མངའ་སྡེ་ལས་ ས་ཁོངས་ཆུང་ཀུ་སྦེ་ཡོད་མི་ ཀ་ཊར་ཕྱེད་གླིང་ཕྲན་འདི་ བྱང་ལས་ལྷོ་ཁ་ཐུག་ལུ་ མའིལ་༡ ༠༠ དེ་ཅིག་དང་ ཤར་ལས་ནུབ་ཁ་ཐུག་ལུ་ མའིལ་ ༥༠ དེ་ཅིག་ཡོདཔ་ད་ སྤྱིར་བཏང་ལུ་ དབྱིབས་གྲུ་བཞི་ནར་མོ་སྦེ་ཡོདཔ་ཨིན། ཤར་ཕྱོགས་སཱའུ་དི་ཨ་ར་བི་ཡ་དང་གཅིག་ཁར་ ས་མཚམས་བགོ་བཤའ་རྐྱབ་སྟེ་ ཕྱེད་གླིང་ཕྲན་འདི་ ས་གཞི་གཙོ་བོ་དང་ མཐུད་དེ་ཡོདཔ་ད་ ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊ་གི་བྱང་དང་ནུབ་ཁ་ཐུག་ལུ་ཡོདཔ་ཨིན། མཚོ་གླིང་རྒྱལ་ཁབ་ བཱ་ཧ་རེན་འདི་ ཀ་ཊར་ལས་ བྱང་ནུབ་ཁ་ཐུག་ལུ་ མའིལ་ ༢༥ དེ་ཅིག་གི་ས་ཁར་ཡོདཔ་ཨིན།

དེ་ལས་ མི་རིགས་དང་སྐད་ཡིག་གྱི་ཐད་ཁར་ ཀ་ཊར་འདི་ ངོ་མ་ར་ ཨ་ར་བི་ཡན་ཕྱེད་གླིང་གི་ དབུས་ཕྱོགས་ལས་ བེ་ཌུའིན་ འཁྱམས་སྡོད་མི་ཚུ་གིས་ གཞི་ཆགས་ནུག། ཨིན་རུང་ མི་སེར་ཚུ་གིས་ ད་རེས་ མི་རློབས་ཡོངས་བསྡོམས་ལས་ ཆ་ཤས་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ཨིན་མས། སྤྱི་ལོ་ ༡༩༧༠ གྱ་གྲངས་ལས་ དཔལ་འབྱོར་གོང་འཕེལ་འགྱོ་མི་འདི་གིས་ ཕྱི་རྒྱལ་གྱི་ལཱ་འབད་མི་ཚུ་ལུ་བརྟེན་སྡོད་དགོཔ་ཐོན་ནུག།

ཨ་ར་བིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ལས་ ཀ་ཊར་གྱི་མི་མང་ཤོས་ཅིག་གིས་ མཐའ་འཁོར་གྱི་མངའ་སྡེ་ཚུ་ནང་སླབ་མི་དང་ཅོག་འཐདཔ་སྦེ་ གཱལ་ཕི་ཨ་ར་བིག་གི་སྐད་ཡིག་འདི་སླབ་ཨིན། སློབ་གྲྭ་ཚུ་ནང་ དེང་སང་གི་ཚད་ལྡན་ཨ་ར་བིག་སྐད་ཡིག་སློབ་སྟོན་འབདཝ་ད་ ཨིང་སྐད་སྐད་ཡིག་འདི་ ཡོངས་གྲགས་སྦེ་ལག་ལེན་འཐབ་ཨིན། ཕྱི་རྒྱལ་གྱི་མི་རློབས་སྦོམ་གྱི་གྲས་ལས་ པར་ཤི་ཡ་དང་ ཨུར་དུ་སྐད་ཡིག་ཚུ་ འཕྲལ་འཕྲལ་ར་ སླབ་དོ་ཡོདཔ་ཨིན།

དེ་བཟུམ་སྦེ་ ཀ་ཊར་གྱི་དཔལ་འབྱོར་ཡར་རྒྱས་འདི་ སྤྱི་ལོ་ ༡༩༣༩ ལུ་ གསར་འཚོལ་འབད་མི་ ས་སྣུམ་བཏོན་ནི་དང་ ཕྱིར་ཚོང་འཐབ་མི་དང་ སྤྱི་ལོ་ ༡༩༤༩ ལུ་ འགོ་དང་པ་ བཟོ་བསྐྲུན་འབད་མི་ དེ་ལས་ རང་བཞིན་རླངས་རླུང་ལས་ ཐོན་ཡོདཔ་ཨིན། འཛམ་གླིང་དམག་ཆེན་གཉིས་པའི་ཧེ་མ་ ཀ་ཊར་གྱི་མི་རློབས་འདི་ མུ་ཏིག་དང་ཉ་བཟུང་ནི་ དེ་ལས་ ཚོང་འབྲེལ་ཚུ་ནང་ འབྲེལ་གཏོགས་འབད་ཡོདཔ་ལས་ འཛམ་གླིང་ནང་ དབུལ་ཕོངས་ཅན་ཅིག་ཨིན་པས། ཨིན་རུང་ སྤྱི་ལོ་ ༡༩༧༠ ལོ་གྲངས་ལུ་ ཀ་ཊར་གྱི་མི་སེར་ཚུ་གིས་ འཛམ་གླིང་ནང་ མི་རེ་ལུ་ འོང་འབབ་མཐོ་ཤོས་ཅིག་ ཐོབ་ཡོདཔ་དང་ དེ་གི་ཤུལ་ལས་ འཛམ་གླིང་ནང་ མར་ཁུ་གི་གོང་ཚད་ མར་ཕབ་འགྱོ་མི་ལུ་བརྟེན་ འོང་འབབ་མར་ཕབ་འགྱོ་ནུག། ཀ་ཊར་གྱི་མར་ཁུ་ཆོག་ཐམ་ངོ་མ་འདི་ ཡུ་རོ་པེན་དང་ཨ་མི་རི་ཀའི་ལས་སྡེ་ཚུ་གི་མཐུན་ཚོགས་ ཨི་རག་པེ་ཊོ་ལི་ཡམ་ལས་སྡེ་ལུ་ བྱིན་ཡོདཔ་ཨིན། དེ་གི་ཤུལ་ལས་ ཆོག་ཐམ་ཚུ་ སྤྱི་ལོ་ ༡༩༧༠ ལོ་གྲངས་ནང་ རྒྱལ་ཁབ་ཀྱི་དབང་དུ་བསྡུ་ནུག། རྒྱལ་ཁབ་ཀྱི་བདག་དབང་ཡོད་པའི་ ཀ་ཊར་པེ་ཊོ་ལི་ཡམ་ (ཧེ་མ་ ཀ་ཊར་སྤྱིར་བཏང་པེ་ཊོ་ལི་ཡམ་ལས་འཛིན་) གིས་ མར་ཁུ་དང་རླངས་རྫས་ཀྱི་ལཱ་ཚུ་ ལྟ་རྟོག་འབད་བའི་སྐབས་ སྒེར་སྡེ་ལས་འཛིན་ཚུ་གིས་ ཞབས་ཏོག་ལས་སྡེ་སྦེ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་ཨིན་པས།

དེ་མ་ཚད་ ཀ་ཊར་གྱིས་ བཟོ་གྲྭ་འཕྲུལ་ཁང་བརྒྱུད་དེ་ དཔལ་འབྱོར་སྣ་མང་བཟོ་ནིའི་ འབད་རྩོལ་བསྐྱེད་ཡོདཔ་ཨིན་པས། བཟོ་སྐྲུན་ལས་སྡེ་མང་ཤོས་ཅིག་ནང་ རྒྱལ་ཁབ་དང་ ཕྱི་རྒྱལ་གྱི་སྒེར་གྱི་བདག་དབང་ཡོད་པའི་ ལས་སྡེ་སྦོམ་ཚུ་ཡོདཔ་ཨིན། དཔེར་ན་ ཀ་ཊར་པེ་ཊོ་ཀེ་མི་ཀཱལ་ལས་སྡེ་འདི་ མང་ཤོས་ཅིག་ར་ གཞུང་གི་བདག་དབང་ལས་སྡེ་ཅིག་གིས་ བདག་དབང་འབད་ཡོདཔ་དང་ ཕཱརན་སི་གི་ལས་སྡེ་ཅིག་ལུ་ བགོ་བཤའ་ཆུང་ཀུ་ཅིག་ཡོདཔ་ཨིན། ཕྱེ་འཐག་ནི་དང་ བེམ་པོ་བཟོ་ནིའི་ལཱ་ཚུ་ཡང་ འགོ་བཙུགས་ཡོདཔ་མ་ཚད་ བཟོ་བསྐྲུན་རྒྱ་སྐྱེད་བཏང་སྟེ་ སྣ་མང་བཟོ་ནི་འདི་ བཟོ་གྲྭ་འཕྲུལ་ཁང་ཚུ་ ལག་ལེན་འཐབ་ནི་གི་དོན་ལས་ ནུས་ཤུགས་ཁེ་ཏོག་ཏོ་ཡོད་མི་ལུ་རག་ལསཔ་ཨིན། འདི་ཡང་ ཀ་ཊར་གྱི་ ཧེའི་ཌོ་ཀཱར་བོན་ཐོན་སྐྱེད་ཚུ་དང་ འབྲེལ་བ་ཡོདཔ་ཨིན། དེ་གི་ རང་བཞིན་རླངས་རྫས་གསོག་འཇོག་འདི་ རང་བཞིན་རླངས་རྫས་བཟོ་གྲྭ་སྒྲིང་སྒྲིང་བཟོ་ནི་གི་དོན་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན།

              (རྒྱབ་རྟེན་ཐོ)

༡) ཟཱ་ཧ་ལན་ ཨར་ཨེས་ (༢༠༡༦) ཀ་ཊར་གྱི་གསར་བཟོ། རའུཊ་ལེཇི།

༢) ཨལ་ཇ་བར་ ཀེ་ (༢༠༢༡) ཀ་ཊར་ལུ་ཡོད་པའི་བརྡ་བརྒྱུད་ཚུ་ འབྱུང་ཁུངས་དང་འཕེལ་འགྱུར་ དེ་ལས་ གདོང་ལེན། གཱལཝ་རྒྱལ་སྤྱིའི་གྲོས་ཚོགས།

༣) ཟེ་རི་ཨེམ་ དང་ཨཱལ་ཀཱ་ཝ་སི་མི་ཨེཕ་ (༢༠༢༡) དེང་སང་གི་ཀ་ཊར་ རྒྱལ་ཁབ་དང་མི་སྡེ་བརྟག་དཔྱད་། ཨཱེསི་པཱིརིང་གར་ནེ་ཅར་།

༤) ཕོརམ་ཧར་ཟི་ ཨེ་ཇེ་ (༢༠༡༧) ཀ་ཊར་ དེང་སང་གི་བྱུང་རབས། ཇོརཇ་ཊཝན་ གཙུག་ལག་སློབ་སྡེ་གི་གནས་ཚུལ་ལས་ཁང་།

༥) ཨེག་སེལ་ ཀེ་ དང་ རི་ཀོ་ ཊི་ (༢༠༡༣) ཀ་ཊར་ལུ་ སྲོལ་རྒྱུན་མེདཔ་ཨིན། ཤར་ཕྱོགས་རིང་ལུགས་དང་ དབང་འོག་རིང་ལུགས་ དེ་ལས་ གཞན་མི་དཀའ་ངལ་ཅན་གྱི་བྱུང་རབས་། འཛམ་གླིང་གནའ་ཤུལ་རིག་པ་།


"https://dz.wikipedia.org/w/index.php?title=ཀ་ཏར་&oldid=38405" ལས་ སླར་འདྲེན་འབད་ཡོདཔ།