Jump to content

ཁུ་རུ།

Wikipedia ལས།

ཁུ་རུ། ཁུ་རུ་ཟེར་མི་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ དང་ཕུ་ཕམ་རྒན་ཤོས་ཚུ་གི་ངོ་བསྒང་ལས་ར་ རྩེ་སྲོལ་ཡོད་པའི་རྩེདམོ་ རྙིང་ཤོས་ཅིག་ཨིན། རྩེདམོ་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་ མཐའ་དབུས་མེད་པའི་ས་གནས་ཚུ་ནང་ གཞུང་གཡོག་རྐྱབ་མི་དང་ གཡུས་སྒོ་ཚུ་ནང་ སོ་ནམ་ཞིང་ལཱ་འབད་མི་ལ་སོགས་པ་ མི་སེར་ཆེ་འབྲིང་ཆུང་གསུམ་ ག་ར་གིས་སྤྲོ་བ་སྦོམ་བསྐྱེད་ཐོག་ལས་ རྩེ་དོ་ཡོདཔ་ཨིན།

རྩེདམོ་འདི་ དང་ཕུ་འབད་བ་ཅིན་ མང་ཤོས་རང་ ལོ་གསར་དང་ ཁྲུས་བབས་ ཉིན་ལོག་ ངན་པ་དགུ་འཛོམས་ལ་སོགས་པའི་དུས་སྟོན་ཚུ་གི་སྐབས་ལུ་ རྩེ་དོ་ཡོདཔ་ཨིན། དེ་མ་ཚད་ རེས་གཟའ་ཉིམ་དང་ ཟླཝ་ལ་སོགས་པ་བདུན་ཕྲག་ངལ་གསོ་ཚུ་གི་སྐབས་ལུ་ཡང་ རྩེ་དོ་ཡོདཔ་ཨིན། ཨིན་རུང་ ད་རེས་ནངས་པར་ འགོ་འདྲེན་འཐབ་མི་ཚུ་གིས་ དུས་སྟབས་བཟོ་ཞིནམ་ལས་ རྩེ་བའི་སྲོལ་ཡང་དར་ཏེ་ཡོད།

ཁུ་རུ་འདི་ ཧེ་མ་འབད་བ་ཅིན་ ཤིང་གི་ཁུ་རུ་གུ་ བྱའི་སྒྲོ་བཙུགས་ཏེ་ རྩེ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་འབད་བ་ཅིན་ མང་ཤོས་ར་ ལྕགས་ཀྱི་ཁུ་རུ་གུ་ སྒྲོ་གི་ཚབ་གྱིབ་དང་ཤོག་གུ་ཚུ་བཙུགས་ཏེ་ རྩེ་དོ་ཡོདཔ་ཨིན། ཁུ་རུའི་ཤིང་/ལྕགས་འདི་ རིང་ཚད་ དཔྱ་མཐོ་གང་དེ་ཅིག་འོང་ནི་དང་ འདི་གི་མཇུག་ལུ་ལྕགས་འཛེར་དང་ མགུ་ལུ་བྱའི་སྒྲོ་/གྱིབ་ཀྱི་སྒྲོ་བཙུགས་དགོཔ་ཨིན།

ཁུ་རུའི་འབའ་འདི་ རིང་ཚད་ཁྱུ་གང་དེ་ཅིག་འོངམ་ཨིན། རྩེདམོ་འདི་ རྩེ་ནི་ལམ་ལུགས་དང་ སྡེ་ཚན་བཟོ་ཐངས་ སྐུགས་བརྩི་ཐངས་ འཆམ་རྐྱབ་ཐངས་ཚུ་མདའ་རྩེད་དང་ཅོག་འཐདཔ་ཨིན། རྩེདམོ་འདི་ ཧེ་མ་འབད་བ་ཅིན་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་ རྩེཝ་ཨིན་རུང་ ད་རེས་ནངས་པར་ ཨམ་སྲུ་ཚུ་གིས་ཡང་ རྩེ་དོ་ཡོདཔ་ཨིན།

"https://dz.wikipedia.org/w/index.php?title=ཁུ་རུ།&oldid=30347" ལས་ སླར་འདྲེན་འབད་ཡོདཔ།