གདུགས་དཀར་གྱི་རྒྱུན་ཁྱེར།
༄༅། །བཅོམ་ལྡན་གདུགས་དཀར་གྱི་བཟློག་པ་བཞུགས་སོ།།
༄༅། །བདེ་གཤེགས་གཙུག་གཏོར་ལྟར་མི་མངོན་པ་ལས། །ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ། །མཚན་ཙམ་ཐོས་པའི་རིགས་སྔགས་མེ་ཡིས་ཀྱང་། །བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། །དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི། །སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་པས། །མི་དང་མི་མིན་འབྱུང་ལས་བྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་བཟློག་འཕྲིན་ལས་ཀྱིས། །བདག་ཅག་རྣམ་པ་ཀུན་ཏུ་སྲུང་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སིདྡྷི་ཏ་པ་ཊི་ཧཱུྃ་ཕཊ་སྭཱཧཱ། ༈ བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེ་སྨོན་ལམ་མཐུ་བཙན་པས། །བདག་གིས་ཇི་ལྟར་གསོལ་བ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་དང་ལྡན་པར་མཛོད།།རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་ཟློག། །རྟགས་དང་རྟེན་འབྲེལ་ངན་པ་ཟློག །དགྲ་འདྲེ་བསམ་སྦྱོར་ངན་པ་ཟློག། །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག། །ཡེ་འདྲོག་གསུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག། །ཡས་ཀྱི་བདུད་དུ་གཡོས་པ་ཟློག། །མས་ཀྱི་སྲི་རུ་ལངས་པ་ཟློག། །དཔྲལ་བའི་གཤེད་དུ་བསྐོས་པ་ཟློག། །ཕ་མེས་དུར་སྲི་ལངས་པ་ཟློག །མི་ལ་ནད་དུ་གཏོང་བ་ཟློག། །ཕྱུགས་ལ་གོད་ཁ་བྱེད་པ་ཟློག། །གནམ་གྱི་དལ་ཁ་ཐེབས་པ་ཟློག། །ས་ཡི་དུག་མདའ་འཕེན་པ་ཟློག། །སྨེ་བ་སྤར་ཁ་ངན་པ་ཟློག། །སྐེག་དང་ཕུ་སྲི་ལངས་པ་ཟློག །མི་མཐུན་ཕྱོགས་ཀུན་བཟློག་གྱུར་ཅིག། །བདེ་གཤེགས་ཐུགས་རྗེས་གཙུག་གཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་གཅོད་ནས། །བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་གཤེགས་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག། །།