Jump to content

གཞས། Ι Zhey dance

Wikipedia ལས།
གཞས། Ι Zhey dance

ངོ་སྤྲོད།

[ཞུན་དག]

གཞས་ཟེར་མི་འདི་ ཚིག་ག་ཅི་ར་ཨིན་རུང་དེ་ཚུ་སྒྱུ་རྩལ་གྱི་ལམ་ལས་ཧན་པའི་ངག་གི་དབྱངས་རྟ་ལུ་དྲངས་ཏེ་སྐྱེསཔ་ཕོ་སྐྱེས་ཚུ་གིས་དགའ་སྟོན་གྱི་རྟེན་འབྲེལ་མཚོན་ནིའི་དོན་ལུ་ གདངས་དབྱངས་རིང་ཐུང་སྣ་ཚོགས་ཀྱི་སྒོ་ལས་ འཐེན་ཞིནམ་ལས་གཞས་ཆས་བསྒྲིགས་ཏེ་རྐྱབ་མི་ཅིག་ལུ་སླབ་ཨིན། ང་བཅས་རའི་རྒྱལ་ཁབ་འདི་ལམ་སྲོལ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་ལས་འདི་ནང་གཞས་རིགས་མ་འདྲཝ་ལེ་ཤ་ཡོད་པའི་ནང་ལས་ཡོངས་གྲགས་ལུ་སྤ་རོ་འུ་ཆུ་པའི་གཞས། དགོན་གཞས། ཝང་གཞས། ནུབ་པའི་གཞས་ཟེར་ལྷམ་པ་མ་འདྲཝ་བཞི་ཡོདཔ་ཨིན།

བྱུང་རབས།

[ཞུན་དག]

གཞས་རིགས་དེ་ཚུ་ནང་བརྗོད་དོན་དང་རྗོད་ཚིག་གཙོ་བོ་ར་བསྐལཔ་ག་དེ་སྦེ་ཆགས་ཅི་ག་དང་བླམ་དང་ཆོས་ལུགས་འབྱུང་རབས།ལེགས་པའི་རྟེན་འབྲེལ་འགྲིག་ཚུལ་དང་དགྲ་བྱང་འཕྱད་བཏུལ་བའི་བཏུལ་ལུགས། བསོད་ནམས་ཅན་གྱི་གོངམ་དང་བྱིན་རླབས་ཅན་གྱི་བླམ་ལ་སོགས་པའི་སྐུ་གསུང་ཐུགས་ཡོན་ཏན་དང་ཕྲིན་ལས་ཚུ་ལུ་བསྟོད་པ། བཀྲ་ཤིས་པའི་སྨོན་ཚིག་ལ་སོགས་པ་ཆོས་དང་འཇིག་རྟེན་ཟུང་དུ་འབྲེལ་བའི་ཚིག་ལེ་ཤ་ཡོདཔ་ལས་སྤྱོད་འཇུག་ལས། ཡོན་ཏན་རྒྱ་མཚོ་རྣམས་ལ་དག། བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པ་ཀུན་ཏུ་འབྱུང་གྱུར་ཅིག། ཟེར་གསུང་དོ་བཟུམ་དམ་པའི་ཆོས་ཀྱི་ནང་ལས་འཐོན་མི་བསྟོད་པ་དབྱངས་ཀྱི་མཆོད་པའི་གྲས་སུ་ཚུདཔ་ཨིན།།

གཞས་མ་འདྲཝ།

[ཞུན་དག]

གཞས་ཀྱི་རིགས་ག་ཅི་ར་ཨིན་རུང་དེ་ཚུ་སྤྱིར་བཏང་གི་གླུ་གཞས་ཚུ་དང་མ་འདྲཝ་སྦེ་གཟུགས་ཁར་གྱོན་ནིའི་གྱོན་ཆས་ལས་འགོ་བཙུགས་ཏེ་སོ་སོ་སྦེ་སྒྲིག་སྲོལ་ཡོདཔ་ཨིན། དེ་ཡང་མགུ་ལུ་ཐོད་དང་གཟུགས་ཁར་གོ་སྟོད་གོ། དེ་ལས་བཀབ་ནེ་ཚུ་མ་འདྲཝ་སྦེ་བཅའ་སྒྲིག་རྐྱབ་སྲོལ་ཡོདཔ་དང་དེ་ཡང་གཙོ་བོ་ར་རྫོང་གཞིས་ཁག་དང་ལྷ་ཁང་དགོན་སྡེ་ཚུ་ནང་ལོ་དུས་ཀྱི་ཚེས་བཅུ་དང་རྒྱལ་ཡོངས་དུས་ཆེན། རྒྱལ་པོའི་འཁྲུངས་སྐར་དུས་ཆེན་ལ་སོགས་པའི་དགའ་སྟོན་རྟེན་འབྲེལ་བརྩི་སྲུང་ཞུ་བའི་སྐབས་ལུང་ཕྱོགས་སོ་སོ་གི་གཞས་ཀྱི་ཆས་ཚུ་བསྒྲིགས་ཏེ་རྐྱབ་སྲོལ་ཡོདཔ་ཨིན་རུང་སྤྱིར་བཏང་མདའ་རྩེད་རྡོས་སྒོར་རེ་བརྡུངས་པའི་སྐབས་དང་ལོ་ཆོག་རེ་བཏང་བའི་སྐབས་གཞས་ཀྱི་ཆས་བསྒྲིགས་ཏེ་རྐྱབ་སྲོལ་མེདཔ་ཨིན། དེ་སྦེ་ཆས་བསྒྲིགས་རྐྱབ་མི་དེ་གིས་རང་ལུགས་སྔར་སྲོལ་བཟང་པོའི་ངོ་རྟགས་ཚུ་གསལ་རིལ་རི་སྦེ་སྟོན་ཚུགས་པའི་ཁར་ལམ་སྲོལ་འདི་ཚུ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གཏང་ནི་ལུ་ཡང་ཁེ་ཕན་ཡོདཔ་ཨིན།

དེ་ཡང་རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་རྩོམ་སྒྲིག་འབད་དེ་ཡོད་པའི་ འབྲུག་གི་གཞས་རབས་ (གནམ་ལོ་མེད་ ༢༠༠༤ ཤོག་གྲངས་ ༤-༡༨༧) ལྟར་དུ་བཅུད་བསྡུ་སྟེ་བཤད་པ་ཅིན་ དང་པ་སྤ་རོ་འུ་ཆུ་པའི་གཞས་འདི་སྤྱི་ལོའི་དུས་རབས་བཅུ་གསུམ་པ་རབ་བྱུང་བཞི་པའམ་ལྔ་པ་དེ་ཅིག་ཁར་བཀའ་བཞི་རིན་ཆེན་བསམ་གཏན་དཔལ་བཟང་ཟེར་ཞུ་མི་དེ་གི་མནལ་ལམ་ནང་མཁའ་འགྲོམ་གིས་མོན་སྤ་གྲོ་རྫོང་བྲག་ཁ་གི་གནས་སྒོ་ཕྱེ་དགོ་པའི་ལུང་བསྟན་གནང་དོ་བཟུམ་སྦེ། གྲུབ་ཐོབ་མགོན་པོ་རྡོ་རྗེ་ཟེར་ཞུ་མི་དེ་ལུ་ན་བཟའ་བེར་ཕྱམ་གཅིག་དང་སངས་རྒྱས་ཀྱི་སྐུ་གཅིག། རྒྱ་ཇོ་སྲས་ཀྱི་རྡོ་རྗེ་དྲིལ་བུ་གཅིག་མཁའ་སྤྱོད་ཀྱི་རལ་གྲི་གཅིག་དང་དུང་དཀར་གཅིག་བཅས་ལྔ་གནང་ཞིནམ་ལས་སྤ་གྲོ་ལུ་གནས་སྒོ་ཕྱེ་བར་བཏང་ནུག།

བླ་མའི་བཀའ་བཞིན་དུ་གྲུབ་ཐོབ་མཆོག་གིས་ཡང་སྒྲུབ་གནས་འཚོལ་སྦེ་འབྱོནམ་ད་ད་ལྟོ་སྤ་གྲོ་འུ་ཆུ་ཟེར་སླབ་སའི་ས་ཁོངས་ནང་ཕེབས་ཏེ། བླ་མའི་ལུང་བསྟན་གནང་སའི་ས་ཁོངས་འདི་ག་ཏེ་ཡོདཔ་ཨིན་ན་གཟིགས་ཏེ་བཞུགསཔ་ད་ཆུའི་མཐའ་མ་ལས་འ་དོམ་ཅིག་གིས་ལམ་སྟོན་ཏེ་ཕུལཝ་ལས་ས་གནས་འདི་གི་མིང་ཝ་ཆུ་ཟེར་བཏགས་གནང་ཡོད་རུང་ད་རེས་ནངས་པར་སྒྲ་ཟུར་ཉམས་ཏེ་འུ་ཆུ་ཟེར་དར་ཁྱབ་ཡར་སོ་ནུག།

དེ་ཁ་ལས་ཡར་བྱོན་པའི་འབྱོན་ལམ་དགའ་དྲགས་ནང་/གདཔ་བྱག་ནང་དང་སྤྱང་ཅུ་ལྷ་ཁང་ཚུ་ལས་བརྒྱུད་དེ་རིམ་པ་བཞིན་རྫོང་བྲག་གནས་ནང་ཕེབས་ཞིན་ན་སྒྲུབ་པ་གནང་སྟེ་བཞུགས་པའི་ཤུལ་ལུ་གུ་རུའི་ལུང་བསྟན་དང་འཁྲིལ་ཏེ་སྦལ་པའི་རྣམ་པ་ཅན་གྱི་རྡོ་ཕུ་སྦོམ་ཅིག་གི་ནང་ལས་ཤེལ་གྱི་མཆོད་རྟེན་མདའ་ཚད་གང་ཙམ་འབད་མི་ཅིག་དང་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བྱ་གི་སྒོང་རྡོག་དང་འདྲན་འདྲ་གསུམ་གཏེར་སྦེ་བཞེས་མིའི་ནང་ལས་གཉིས་འདི་འཕྲོ་ལས་འཕུར་ཡར་སོ་ནུག།

ས་གནས་དེ་ནང་གདན་ས་བཏབ་སྟེ་མཆོད་རྟེན་ཅིག་བཞེངས་ཞིནམ་ལས་རིང་བསྲེལ་དང་མཆོད་རྟེན་འདི་ནང་རྟེན་སྦེ་བཙུགས་ཏེ་གཏེར་བདག་དམ་ཅན་རྡོ་རྗེ་ལེགས་པ་ལུ་གཉེར་ཁ་གཏད་གནང་ནུག། དུས་བཟང་ཚུ་ནང་མཆོད་རྟེན་འདི་སྤརཝ་ལསམཆོད་རྟེན་དཀར་མོ་འགུལ་ཤེས་ཟེར་མིང་བཏགས་ནུག།

གྲུབ་ཐོབ་དགོངས་པ་རྫོགས་པའི་ཤུལ་ལུ་གྲུབ་ཐོབ་ཀྱི་ཡང་སྲིད་ཆོས་རྗེ་ཟླ་བ་གིས་གྱང་གསར་བུ་ཟེར་ས་ལུ་གདན་ས་གསརཔ་བཅགས་ཏེ་ཁོ་རའི་སྲས་ཆོས་རྗེ་དཔལ་འབྱོར་ཟེར་ཞུ་མི་འདི་དེ་ནང་བཞགཔ་མ་ཚད་སྤ་གྲོ་འུ་ཆུ་པའི་གཞས་ལེའུ་བཅོ་བརྒྱད་ཡོད་མི་འདི་ཡང་དེ་བསྒང་ཆོས་རྗེ་དཔལ་འབྱོར་གྱི་གདན་ས་གསར་བཞེངས་མཛད་མི་འདི་གི་བཀྲ་ཤིས་རབ་གནས་འབད་བའི་སྐབས་སྤ་གྲོ་ལུང་གཉིས་ཀྱི་སྦྱིན་བདག་ཚུ་གིས་ཁོང་ཡབ་སྲས་གཉིས་དང་གནས་ལུ་བསྟོད་པའི་ཚིག་བཟུམ་ཅིག་སྦེ་བརྩམས་ཏེ་ཕུལ་མི་དེ་ལས་དར་ཁྱབ་བྱུང་ཡོདཔ་ཨིན་པས།

དགོན་གཞས།

[ཞུན་དག]

གཉིས་པ་དགོན་གཞས་འདི་ལྷོ་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་སྐྱབས་མགོན་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ཕྱི་ལྟར་དུ་སྡེ་སྲིད་གཙང་པ་ཕུན་ཚོགས་རྣམ་རྒྱལ་དང་ཐུགས་སྣང་མ་མཐུན་པའི་ཁར་ནང་ལྟར་དུ་ལྷ་དང་བླ་མའི་ལུང་བསྟན་དང་ལྷོ་མོན་གྱི་གདུལ་བྱ་ཚུ་གི་བསོད་ནམས་གཉིས་གཅིག་ཁར་འཛོམས་པའི་མཐུ་དང་། གསང་བ་ལྟར་དུ་དཔལ་ཡེ་ཤེས་མགོན་པོ་གིས་ལྷོ་མོན་ཁ་བཞི་ཕྱག་མཐིལ་ལུ་བཀྲམ་སྟེ་ཆོས་གཞིས་སྦེ་ཕུལཝ་ལས་བརྟེན། སྤྱི་ལོ་༡༦༡༦ ལུ་བོད་ར་ལུང་གི་གདན་ས་ཆེན་མོ་ལས་ཆིབས་ཁ་ལྷོ་ལུ་བསྒྱུར་བའི་སྐབས་ཕེབས་ལམ་ཝ་སྐྱེལ་ལ་ལས་སྦེ་ལ་ཡག་ལུང་མགུ་བརྒྱུད་དེ་མགར་ས་སླེབ་སྣ་ཐང་ཟེར་སར་མ་ཕེབས་ཅིག་ཁར་འབངས་བདེ་ཁའི་ཐང་ནང་ལུ་ལྷོ་ལས་ཕེབས་བསུ་ཞུ་བར་གཅར་མི་གྲུབ་ཐོབ་གཏེར་ཁུངས་པའི་གདུང་རྒྱུད་དགོན་འོབས་མཚོ་བླམ་འབྲུག་རྣམ་རྒྱལ་ཕ་ཚན་གྲྭ་སྦྱིན་འཁོར་དང་བཅསཔ་དང་གྲུབ་ཐོབ་ཁོ་ཁོམ་རས་པའི་གདན་འཛིན་ལ་ཡག་ཡོན་རྫོང་ཆོས་རྗེ་གྲྭ་བུ་སློབ་སྦྱིན་བདག་ཚུ་དང་། དངོས་མེད་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་ཕེབས་བསུ་ཞུ་བར་གཅར་མི་ཚུ་གིས་རྡོའི་ཁྲི་བརྩིགས་ཏེ་བཞུགས་གྲལ་གྱི་རྟེན་འབྲེལ་འགོ་དང་པ་བརྩི་བའི་སྐབས་ཞབས་དྲུང་རིན་པོ་ཆེ་མཆོག་ཡང་བོད་ལས་མར་གསང་བའི་ཐོག་ལས་བྱོན་འབྱོནམ་ཨིན་རུང་། དེ་ཁ་ལས་ཚུར་འགོ་བཙུགས་ཏེ་ཁོ་རའི་སྐུ་ཆས་ཡོངས་རྫོགས་གསོལ་ཞིནམ་ལས་དེ་ཁར་འཛོམས་པའི་མི་མང་ལུ་མཇལ་ཁ་གནང་སྟེ་དགའ་བསུ་ཞུ་བའི་སྐབས་ལུ་ཕེབས་བསུ་ཞུ་བར་གཅར་མི་བློ་གྲོས་ཀྱི་རྩལ་ཁ་ཡངས་པའི་དཔའ་མཛངསཔ་དང་གཡུས་ཁའི་མི་སེར་ཚུ་གིས་ཤར་ཕི་ལས་ཁྲི་གདུགས་ནམ་ཡང་ཤར། །ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་བས། །བོད་ཡས་ལས་མཚན་ལྡན་ནམ་ཡང་བྱོན། །ད་རེས་བྱོན་པའི་མཚན་ལྡན་བྱིན་རླབས་ཆེ། །ཟེརཝ་ལ་སོགས་པ་དང་དཔལ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །སྐུ་འཁྲུངས་པ་གངས་ཅན་བོད་ལུ་འཁྲུངས། །བོད་བསམ་སྦྱོར་ལེགས་ཏེ་གཏངམ་མེན་པར། །ལྷོ་སྐལཝ་དང་ལྡནམ་ལས་ཞུ་ཆི་གེ། ཟེརཝ་ལ་སོགས་པའི་གླུ་གཞས་ཀྱི་མཆོདཔ་དང་བཅས་པའི་གསོལཝ་གསོལ་ཇ་ཟས་སྣ་ཨོམ་དང་བཅས་པའི་མཆོདཔ་ཕུལ་མི་འདི་ལས་ཚུར་གཞས་ཀྱི་ཚིག་འདི་གིས་ཐོག་དྲངས་ཏེ་དགོན་གཞས་ལེའུ་ཉི་ཤུ་རྩ་ལྔ་ཡོད་པའི་ནང་ལས་ལེའུ་བཅུ་གསུམ་དུས་འ་ནཱི་ལས་ཚུར་དར་ཁྱབ་བྱུང་ཡོདཔ་ཨིན་པས།

ཝང་གཞས་།

[ཞུན་དག]

འདི་བཟུམ་སྦེ་ཝང་ཚོ་ཆེན་བརྒྱད་པོའི་གཡུས་ཚན་ཚུ་ནང་ཡང་ཝང་གཞས་ཟེར་བའི་མིང་གཏམ་ཅན་གྱི་གཞས་རིགས་ཅིག་དར་ཁྱབ་བྱུང་སྟེ་ཡོདཔ་ཨིན། ཝང་གཞས་ཟེར་སླབ་དགོ་མི་འདི་ཡང་ཝང་གི་ལུང་ཕྱོགས་ནང་ལས་དར་བའི་གཞས་ཅིག་འབད་ནི་དེ་གིས་ཨིན་པས། ཝང་གཞས་འདི་དུས་ནམ་ལས་དར་ཡོདཔ་ཨིན་ན་མནོ་བ་ཅིན་ཧེ་མ་དུས་རབས་བཅུ་བདུན་པ་སྤྱི་ལོ་༡༦༡༦ ལུ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་བདུད་འཇོམས་རྡོ་རྗེ་མཆོག་བོད་ལས་མར་གླིང་བཞི་བརྒྱུད་དེ་འབྲུག་ཕོ་བྲང་སྡིངས་སམ་སྤང་རི་ཟམ་པ་ལུ་ཕྱག་ཕེབས་པའི་སྐབས། རྟ་མགོའི་ཆོས་རྗེ་ མི་ཕམ་ཚེ་དབང་བསྟན་འཛིན་དང་། ཅང་སྒང་ཁ་བླམ་བདེ་ཆེན་ཕུག་ བློ་ལྡན་རྒྱལ་པོའི་གདུང་རྒྱུད་འཛིན་མི་ཚུ་དང་། དཀརཔ་སྦྱིསཔ་དང་ ཅང་ ཀ་ཝང་ལ་སོགས་པའི་ཐིམ་ཕུ་གི་ཕྱོགས་ལུ་ གནས་བཅགས་ཏེ་སྡོད་མི་དཔལ་ལྡན་འབྲུག་པའི་ཆོས་བརྒྱུད་འཛིན་མི་དང་དད་ལྡན་གྱི་སྦྱིན་བདག་ཚུ་ག་ར་འབུལ་བ་དང་བཅསཔ་སྦེ་ ཞབས་དྲུང་རིན་པོ་ཆེའི་སྐུ་མདུན་ལུ་ ཕྱག་དབང་བཅར་བའི་སྐབས་ དད་ལྡན་གྱི་སྦྱིན་བདག་ཚུ་གིས་ དེ་ནང་འཛོམས་ཏེ་ཡོད་པའི་དཔལ་ལྡན་འབྲུག་པའི་བླམ་སྤྱི་དང་ ལྷག་པར་དུ་ ཞབས་དྲུང་རིན་པོ་ཆེ་ལུ་ དད་པ་དང་དག་སྣང་འགྱུར་བ་མེད་པའི་བརྡ་མཚོན་ལུ་ གཞས་ཀྱི་ནང་ལས་དང་པ་ཕྱག་འཚལ་མ་ ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཟེར་མི་འདི་ མཆོད་པའི་ཚུལ་སྦེ་ཕུལ་ནུག།

དེ་གི་ཤུལ་ལས་ལྕགས་རི་ལུ་དགེ་འདུན་གྱི་སྡེ་འགོ་དང་པ་བཙུགས་གནང་བའི་སྐབས་ཝང་གི་སྦྱིན་བདག་དད་པ་ཅན་ཚུ་གིས་ བཀྲ་ཤིས་པའི་རྟེན་འབྲེལ་སྒྲིག་ཐབས་ལུ་གླུ་དབྱངས་ཀྱི་མཆོད་པ་ ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། ཟེར་མི་ ཝང་གཞས་ཕྱག་འཚལ་མ་ལས་འགོ་བཙུགས་ཏེ་ མཇུག་བཀྲ་ཤིས་ཚུན་ གཞས་རིགས་བཅུ་གསུམ་ཡོད་མི་ཚུ་ རིམ་པ་བཞིན་ཕུལཝ་ལས་དུས་དེ་ལས་ཚུར་ ཝང་གཞས་འདི་དར་ཁྱབ་སོང་ཡོདཔ་ཨིན་པས།

ཝང་གཞས་ཟེར་སླབ་ད་ མི་མང་ཤོས་ཅིག་གི་སེམས་ཁར་ ཝང་ཚོ་ཆེན་བརྒྱད་ཀྱི་མི་སེར་ཚུ་གིས་ རྐྱབ་དོ་ཡོད་པའི་སྣང་བ་ཤར་དོ་ཡོདཔ་ཨིན་རུང་ སྤུ་ན་ཁ་ རྫོང་ཁག་ནང་འབད་བ་ཅིན་ སྟོད་ཝང་རྒེད་འོག་དང་ ཐིམ་ཕུ་རྫོང་ཁག་ནང་ཨིན་པ་ཅིན་ སྨད་ཝང་ རྒེད་འོག་གཉིས་ནང་མ་གཏོགས་ ཚོ་ཆེན་གཞན་ཚུ་ནང་ ཆེནམོ་ཅིག་ར་རྐྱབ་སྲོལ་མེདཔ་ཨིན་པས།

ནུབ་གཞས།

[ཞུན་དག]

དེ་བཟུམ་སྦེ་ཀྲོང་གསར་རྫོང་ཁག་མང་སྡེ་ཚོ་བཞི་པའི་གཡུས་ཚན་ཚུ་ནང་ཡང་གཞས་དང་གཞས་མོའི་རིགས་མ་འདྲཝ་ཚུ་དར་ཏེ་ཡོད་མིའི་ནང་ལས་ག་ནི་བ་བྱིན་རླབས་ཆེ་བའི་ནུབ་གཞས་ཟེར་མི་འདི་ནུབ་པའི་རྒེད་འོག་ལས་དར་ཡོད་པའི་རང་ལུགས་སྔར་སྲོལ་གྱི་གཞས་རིགས་བཞི་ཡོད་མིའི་ནང་ལས་གཅིག་ཨིན་པས།

ནུབ་གཞས་ཟེར་སླབ་དགོ་མི་འདི་ཡང་ཀྲོང་གསར་རྫོང་ལས་བརྩིཝ་ད་ཁ་ནུབ་ཁ་ཐུག་ལུ་ཆགས་ཏེ་ཡོད་མི་སྦྱིས་དང་སེང་སྦྱིས་གཡུས་ཚན་ཚུ་ནང་ལས་དར་བའི་གཞས་ཅིག་འབད་ནི་དེ་གིས་ནུབ་གཞས་ཟེར་བའི་ཐ་སྙད་དར་ཡོདཔ་ཨིན་པས།

དེ་ཡང་ཀྲོང་གསར་དཔོན་སློབ་དང་པ་ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་གིས་སྤྱི་ལོ་༡༦༥༢རབ་བྱུང་བཅུ་གཅིག་པའི་གནམ་ལོ་ཤིང་རྟའི་ལོ་ལུ་ཧེ་མ་ཡོངས་འཛིན་ངག་གི་དབང་ཕྱུག་གིས་བཞེངས་གནང་མི་རྫོང་འདི་ཡང་རྒྱ་སྐྱེད་མཛད་དེ་གསར་བཞེངས་མཛད་གྲུབ་པའི་རབ་གནས་བཀྲ་ཤིས་མངའ་གསོལ་གྱི་དགའ་སྟོན་ལུ་སྦྱིས་དང་སེང་སྦྱིས་ཀྱི་གཡུས་ཚན་ནང་གི་མི་རྒན་རབས་བློ་གྲོས་ཅན་ཚུ་གིས་བརྩམ་སྒྲིག་འབད་དེ་ཁོང་རའི་གཡུས་སྒོ་ནང་ལྷ་གསོལ་བོན་གསོལ་གྱི་སྐབས་རྐྱབ་སྲོལ་ཡོད་མི་ནུབ་གཞས་འདི་ཡང་སྤྱན་འབུལ་ཞུ་ཡོདཔ་ལས་དུས་དེ་ལས་འགོ་བཟུང་ནུབ་གཞས་ཟེར་ཡོངས་གྲགས་ཐོན་སོ་ནུག།

གཞས་འདི་ཀྲོང་གསར་དཔོན་སློབ་རིམ་བྱོན་ཚུ་གིས་མི་ཉམས་གོང་འཕེལ་བཏང་གནང་ཡོདཔ་མ་ཚད་ལྷག་པར་དུ་ཆོས་རྩེ་དཔོན་སློབ་མི་རྗེ་འཇིགས་མེད་རྣམ་རྒྱལ་ལས་འགོ་བཟུང་དབང་ཕྱུག་བརྒྱུད་འཛིན་གྱི་ཆོས་རྒྱལ་རིམ་འབྱོན་ཚུ་གི་སྐུ་རིང་ལུ་ཉམས་པ་སོར་ཆུད་མཛད་དེ་སྔར་ལས་ལྷགཔ་སྦེ་གོང་འཕེལ་བཏང་གནང་ཡོདཔ་ཨིན་པས།

གཞས་རིགས་བཞིཔོ་ཆ་ར་འཇིག་རྟེན་ཡང་དག་པའི་ལྟ་བ་གིས་གཞི་བཟུང་དོན་རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་ཀྱི་ནང་དོན་དང་མཐུན་པ་སྦེ་ཡོདཔ་ལས་བརྟེན་བྱིན་བརླབས་ཅན་ཅིག་སྦེ་བརྩི་སྲོལ་ཡོདཔ་ལས་གཞས་ལས་བརྟེན་ཏེ་ཚོགས་བསགས་སྒྲིབ་སྦྱང་གི་བྱ་བ་ཚུ་ཡང་འགྲུབ་ཚུགས་པའི་ཁར་རང་གི་ལམ་སྲོལ་ཚུ་ཡང་བདག་འཛིན་འབད་ཚུགསཔ་ལས་བརྟེན་ན་གཞོན་ཡོངས་ཀྱིས་གཞས་ཚུ་ལྷབ་སྦྱང་འབད་དེ་མི་ཉམས་གོང་འཕེལ་གཏང་ནི་ལུ་བརྩོན་དགོཔ་གལ་ཆེཝ་ཨིན་ནོ།།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱ་བ་རྟེན་དཔེ་ཐོ།

[ཞུན་དག]

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ། (གནམ་ལོ་མེད་ ༢༠༠༤) འབྲུག་གི་གཞས་རབས། འབྲུག། ཐིམ་ཕུག།

གཞས་མ་འདྲཝ།

"https://dz.wikipedia.org/w/index.php?title=གཞས།_Ι_Zhey_dance&oldid=32344" ལས་ སླར་འདྲེན་འབད་ཡོདཔ།