Jump to content

གཤིན་བསྔོ།

Wikipedia ལས།

༈ གཤིན་བསྔོ་ནི།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། །ཚེ་ལས་འདས་པ་འདི་ཞེས་བགྱི་བའི་ཤེས་རྒྱུད་ལ་དགོངས་སུ་གསོལ། །ཚེ་ལས་འདས་པ་འདི་ཞེས་བགྱི་བ་གང་གིས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག། །ལུས་དང་ངག་དང་སེམས་ལས་བྱུང་བ། །ཐོས་པ་བསམ་པ་སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པ་དང་། །གཞན་ཡང་འབྲེལ་པ་ཤུལ་ན་མཆིས་པ་རྣམས་ཀྱིས། །དུས་འདས་འདི་དག་གི་དོན་དུ་བསྒྲུབས་པ་ལ་སོགས་པ་ཚོགས་གཉིས་ཀྱིས་བསྡུས་པའི་དུས་གསུམ་གྱི་དགེ་ཚོགས་མ་ལུས་པ་ཐམས་ཅད། །འདི་ཞེས་བགྱི་བའི་ཤེས་རྒྱུད་ལ་ཕྱི་བཞིན་དུ་འབྲང་ཞིང་ཕྱི་བཞིན་དུ་རྗེས་སུ་འཇུག་པར་གྱུར་ཅིག། །རྗེས་སུ་ཞུགས་ནས་ཀྱང་དུས་ལས་འདས་པ་དེ་ཉིད་བར་དོ་དང་རིགས་དྲུག་ལ་སོགས་པའི་སྡུག་བསྔལ་ཅི་ཡོད་པ་ལས་གྲོལ་ཏེ། །མྱུར་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག། །དེ་ལྟ་བུའི་སངས་རྒྱས་མ་ཐོབ་པའི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཡང་། །རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་ལ་ཐོས་བསམ་སྒོམ་གསུམ་སྒྲུབ་པའི་རྟེན་རྣམ་པར་དག་པ་ལྷ་དང་མིའི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག། །དེ་ཡང་དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་དམ་པར་གྱུར་པ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་ཞིང་ཆོས་ལྡན་གྱི་གྲོགས་དང་འཕྲད་པར་གྱུར་ཅིག། །འགལ་རྐྱེན་སྡིག་པའི་གྲོགས་པོ་སོགས་དང་བྲལ་བར་གྱུར་ཅིག། །བསམ་པ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ་ཡང་དག་པའི་ལམ་དང་འཕྲད་པར་གྱུར་ཅིག། །སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་སློབ་པར་བྱེད་དེ། །ལན་དང་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་བརླབས་པོ་ཆེ་གཏོང་ནུས་པར་གྱུར་ཅིག། །སྲིད་པར་སྐྱེ་བ་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ནུས་པར་གྱུར་ཅིགསེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་སྒོམ་ནུས་པར་ གྱུརཅིག། །དགེ་བའི་ཆོས་ཐམས་ཅད་མྱུར་དུ་བསྡུད་པའི་བརྩོན་འགྲུས་རྩོམ་ནུས་པར་གྱུར་ཅིག། །གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་ཕུལ་དུ་བྱུང་བ་ལ་མཉམ་པར་འཇོག་ནུས་པར་གྱུར་ཅིག། །ཐབས་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་གྱུར་ཅིག། །དེ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས། །སྟོབས་དང་མི་འཇིགས་པ་བཞི་དང་། མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་གཞལ་དུ་མེད་པ་རྣམས་ཀྱིས་ལེགས་པར་རབ་ཏུ་བརྒྱན་པའི་བདག་ཉིད་ཅན་གཏན་བདེ་ཉམས་པ་མེད་པ་ཐར་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང་། །ངན་སོང་སྡུག་བསྔལ་མ་མྱོང་ཞིང་། །ཞེས་སོགས་བརྗོད་པར་བྱའོ།། །།

Reference

དཔལ་ལྡན་འབྲུག་པའི་གསུང་རབ། ༢༠༠༩ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་མགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ཏཱའི་པེ། ཏཱའི་ཝཱན།

"https://dz.wikipedia.org/w/index.php?title=གཤིན་བསྔོ།&oldid=30053" ལས་ སླར་འདྲེན་འབད་ཡོདཔ།