གསེར་ལུང་དགོན་འཛིན་གྲྭ་ཚང་།
གསེར་གླིང་དགོན་པའི་ཆགས་རབས་མདོར་བསྡུས།
༉ རིན་སྤུངས་ཆ་འདུས་ ཤར་པ་རྒེད་འོག་ སྤྱིར་བཏང་ངག་གཤིས་ལུ་ སི་ལུ་ན་ཟེར་ ངོ་མ་ གསེར་གླིང་ན་ཟེར་བའི་གཡུས་ཚན་ནང་ལུ་ཆགས་ཏེ་ཡོད་པའི་ གསེར་གླིང་ལྷ་ཁང་གི་ཆགས་རབས་མདོར་བསྡུས་ཅིག་ བསྡུ་བསྒྲིགས་འབད་ཡོད་མི་དེ་ཡང་་ དུས་རབས་༡༣ པའི་ནང་བྱོན་པའི་ དཔལ་ལྡན་ལྷོ་འབྲུག་བསྟན་པའི་ཆུ་འགོ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་གདུང་རབས་དྲི་མ་མེད་པ་ལས་བྱོན་པའི་ དམ་སྤྲུལ་བློ་ལྡན་རྒྱལ་པོའི་སྲས་ ཕ་དྲུང་དྲུང་སྐུ་མཆེད་༢ ནས་སྤ་རོ་ལུང་པ་ལུ་ འགྲོ་དོན་མཛད་དེ་འབྲུག་པ་བཀའ་བརྒྱུད་པའི་བསྟན་པ་དར་ཁྱབ་མཛད་གནང་མི་ སྐུ་མཆེད་ཆེ་བ་རྒྱལ་མཆོག་དང་ ཆུང་བ་རྒྱལ་འཛོམས་ཟེར་༢ ཡོད་ས་ལས་ ཆུང་བ་རྒྱལ་འཛོམས་ཀྱིས་དུས་རབས་༡༥ པའི་ནང་ ལྷ་ཁང་དེ་གདན་ས་བཏབ་གནང་བ་མ་ཚད་ ལྷ་ཁང་དེའི་བཀའ་སྲུང་ཡང་ བོད་ལྷ་ས་ལས་མ་གཅིག་དཔལ་གྱི་ལྷ་མོ་གདན་འདྲེན་ཞུ་ཡོད་པ་དང་ བླ་མ་དྲུང་དབང་རྒྱལ་བརྒྱུད་མཆོག་ གསེར་གླིང་དགོན་པ་འདི་ནང་ལུ་ ལོ་ངོ་མང་རབས་ཅིག་སྐལ་ལྡན་གྱི་བུ་སློབ་དང་ ཆོས་ཀྱི་སྦྱིན་བདག་རྣམས་ལུ་ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་བཞུགས་པའི་མཐའ་མ་ལུ་ འདུལ་བྱ་སྐལ་ལྡན་བུ་སློབ་དང་ཆོས་ཀྱི་སྦྱིན་བདག་རྣམས་ལུ་ ད་ ང་དགོངས་པ་ཆོས་ཀྱི་དབྱིངས་སུ་ཕེབས་ནི་ཨིན་ཟེར་གསུངས་པ་ལས་ ཆོས་ཀྱི་སྦྱིན་བདག་དང་ སྐལ་ལྡན་སློབ་མ་ཡོངས་ནས་གསོལ་བ་བཏབ་པ་བཞིན་དུ་ ཆོས་འཁོར་བསྐོར་ཏེ་ལོ་ངོ་མང་རབས་ཅིག་བཞུགས་པའི་མཐའ་མ་ ཟླའི་ཡར་ཚེས་ གུ་རུ་རིན་པོ་ཆེའི་འཁྲུངས་སྐར་གྱི་དུས་བཟང་ཁྱད་པར་ཅན་ ཟླ་༡༡ པའི་ཚེས་༡༠ ལུ་ འདུལ་བྱ་སློབ་མ་དག་པ་རྣམས་ ཆོས་ལུ་བསྐུལ་ནིའི་དོན་ལུ་ གནས་སྐབས་ཅིག་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཕེབས་ཏེ་འབད་རུང་ འདུལ་བྱ་སློབ་མ་དེ་ཚུ་ དཔྱེ་གཏམ་ལས་ བསོད་ནམས་བྲེ་གིས་རྫོགས་རུང་ ཕུད་ཀྱིས་མ་རྫོགས་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ བླམ་དེའི་ སྐུ་རུས་སྒལ་ཚིག་༢༡ ལས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་སྐུ་རང་བྱོན་དུ་ བྱོན་གནང་བ་མ་ཚད་ ཕྱག་གི་སྐུ་རུས་ལས་ རིང་བསྲེལ་དང་ རྡོ་ལ་ཕྱག་རྗེས་བཞག་པ་ལ་སོགས་པའི་ ནང་རྟེན་འགངས་ཅན་ མཇལ་བ་ཙམ་གྱི་ངན་སོང་༣ ལས་གྲོལ་ཚུགས་པའི་ནུས་པ་དང་ལྡན་པའི་བྱིན་རླབས་ཅན་གྱི་ ནང་རྟེན་དེ་ ད་ལྟོ་ལྷ་ཁང་འདི་ནང་གི་ནང་རྟེན་གཙོ་བོ་སྦེ་བཞུགས་ཏེ་ཡོདཔ་ཨིན་པས་ ནང་རྟེན་འདི་ཡང་ ལོ་བསྟར་ རང་ཟླ་༡༡ པའི་ཚེས་༨,༩,༡༠ ལུ་ བླ་མའི་སྐུ་མཆོད་གཟུངས་སྐབས་ལུ་ མི་དམངས་ལུ་མཇལ་ཁ་གནང་སྲོལ་ཡོདཔ་ཨིན་པས། ལྷ་ཁང་དེ་རང་ལུགས་ཀྱི་བཟོ་བཀོད་ ཐོག་༢ མ་ཅིག་ཨིན་པའི་ཐོག་ཁར་ལུ་ལྷ་ཁང་དང་ འོག་ཐོག་ལུ་ཅ་ཆས་ཚུ་བཞག་སའི་མཛོད་ཁང་བཟུམ་ཅིག་སྦེ་ལག་ལེན་འཐབ་དོ་ཡོདཔ་དང་ ལྷ་ཁང་གི་གདོང་ཁར་ལས་ མཆོད་རྟེན་༡ དང་ བླ་མའི་གཟིམ་ཅུང་དང་ ཐབ་ཚང་དེ་ཚུ་ཡོདཔ་ཨིན་ ལྷ་ཁང་གི་ཟུར་༢ ལུ་གྲོང་གསེབ་ཀྱི་ཁྱིམ་དེ་ཚུ་ཡོདཔ་ཨིན་པས་ ལྷ་ཁང་དེ་ནང་ལུ་བྱོན་ལམ་དེ་ དབུས་སུ་ན་གཡུས་ཚན་གྱི་གཞུང་ལམ་ལྟག་ལས་སྦེ་ སྤང་སྦིས་ས་རྫོང་ནང་འགྱོ་སའི་འཁོར་ལམ་སེལ་ཏེ་ཡོད་མི་ལས་ ཀི་ལོ་མི་ཀྲར་༨ འདེ་ཅིག་འགྱོ་དགོཔ་ཡོད་ཟེར་ཞུ་ནི།
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·