གུ་ཝ་ཊི་མ་ལ་གྲོང་ཁྱེར། Guatemala City

༉ གུ་ཝ་ཊི་མ་ལ་ཁྲོམ་ཚོགས་འདི་ གཞུང་འབྲེལ་དུ་ ནུ་ཝ་གུ་ཝ་ཊི་མ་ལ་ཌི་ལ་ཨ་སུན་སི་ཡོན་ཟེར་སླབ་ཨིན། རྒྱལ་ཁབ་ཀྱི་ལྷོ་དབུས་ཕྱོགས་ལུ་ཆགས་ཏེ་ཡོད་མི་ གུ་ཝ་ཊི་མ་ལ་གི་སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན། གུ་ཝ་ཊི་མ་ལ་ཁྲོམ་ཚོགས་འདི་ དབུས་ཨ་མི་རི་ཀ་ལུ་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ས་ཁོངས་ཅིག་འབདཝ་ལས་ ཁྲོམ་ཚོགས་འདི་ དབང་འོག་བཟོ་རིགས་དང་དེང་སང་གི་གཞི་རྟེན་མཐུན་རྐྱེན་ཚུ་སླ་བསྲེ་རྐྱབ་སྟེ་ རྒྱལ་ཁབ་ཀྱི་བྱུང་རབས་ཕྱུགཔོ་དང་ ད་ལྟོའི་གནས་སྟངས་ཚུ་ གསལ་སྟོན་འབདཝ་ཨིན།
གུ་ཝ་ཊི་མ་ལ་གྲོང་ཁྱེར་གྱི་རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༦༩༢ ཡོད། སྤྱི་ལོ་ ༢༠༢༣ ལོའི་མི་རྩིས་དང་འཁྲིལ་བ་ཅིན་ ཁྲོམ་ཚོགས་འདི་ནང་ མི་རློབས་༡,༢༢༡,༧༣༩ དེ་ཅིག་ཡོདཔ་དང་ ཁྲོམ་ཆེན་འདི་ནང་ལུ་ མི་རློབས་ས་ཡ་ ༢.༧ ལྷགཔ་ཅིག་ཡོདཔ་ལས་ དབུས་ཨ་མི་རི་ཀ་ལུ་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ལུ་གྱུར་ཡོདཔ་ཨིན། [༡] ཟེར་བཀོད་ནུག། ཁྲོམ་སྡེ་འདི་ནང་མི་རློབས་མ་འདྲཝ་ཡོདཔ་ལས་ མི་རིགས་མ་འདྲཝ་ཚུ་ཡང་ མང་ཤོས་ཅིག་ར་ མེསི་ཊི་ཛོས་(ཡུ་རོབ་དང་ས་གནས་ཀྱི་མི་རྒྱུད་སླ་བསྲེས་) འདི་གི་ཤུལ་ལས་ ངོ་མ་ར་ མ་ཡན་གྱི་རིགས་བརྒྱུད་ལས་ ས་གནས་ཀྱི་མི་ཁུངས་ཚུ་ཡོདཔ་ཨིན་མས། དེ་མ་ཚད་ ཡུ་རོ་པིན་དང་ ཨཕ་རི་ཀ་ དེ་ལས་ ཨེ་ཤི་ཡ་གི་རིགས་བརྒྱུད་ཀྱི་མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན་པས། འ་ནཱི་སྣ་མང་ལམ་སྲོལ་གྱི་བཟོ་རྣམ་འདི་གིས་ ཁྲོམ་གྱི་སྐད་ཡིག་དང་ལམ་སྲོལ་ དེ་ལས་ བཞེས་སྒོ་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོང་མི་ ལམ་སྲོལ་གྱི་མཛེས་རྒྱན་ཕྱུགཔོ་འདི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་པས།
གུ་ཝ་ཊི་མ་ལ་ཁྲོམ་ཚོགས་ཀྱི་ ས་གནས་འདི་འགོ་ཐོག་ལུ་ སྤྱི་ལོ་ ༡༦༢༠ ལུ་གཞི་བཙུགས་འབད་མི་ ཀཱར་མེན་ཟེར་མི་དགོན་སྡེ་ཡོད་པའི་ཁྲོམ་ཆུང་ཀུ་ཅིག་ཨིན་མས། དེ་ལས་ ཝི་ཀིཔི་ཌི་ཡ [༡]གིས་ སྤྱི་ལོ་ ༡༧༧༣ ལུ་ སཱན་ཊ་མར་ཊ་ས་ཡོམ་གྱིས་ དེ་བསྒང་གི་རྒྱལ་ས་ལྟེ་བ་ ཨེན་ཊི་གུ་ཝ་ཊི་མ་ལ་འདི་ མེདཔ་བཏང་པའི་ཤུལ་ལུ་ ཨིས་པེ་ནིཤི་གི་རྒྱལ་པོ་གིས་ རྒྱལ་ས་ལྟེ་བ་འདི་ ད་རེས་ཡོད་པའི་ས་ཁོངས་ནང་ལུ་ སྤོ་བཤུད་འབད་ནི་གི་ཐག་བཅད་ཡོདཔ་ཨིན་པས། སྤྱི་ལོ་ ༡༧༧༦ ལུ་གཞུང་འབྲེལ་དུ་གཞི་བཙུགས་འབད་མི་ ཁྲོམ་གསརཔ་འདི་ལུ་ ནུ་ཝ་གུ་ཊི་མ་ལ་ཌི་ལ་ཨ་སུན་སི་ཡོན་ཟེར་ མིང་བཏགས་ཡོདཔ་ཨིན་ཟེར་བཀོད་ནུག། དུས་རབས་ ༡༩ པ་དང་ ༢༠ པའི་ནང་ གུ་ཝ་ཊི་མ་ལ་ཁྲོམ་ཚོགས་འདི་ཡར་རྒྱས་དང་ དེང་སང་གི་གནས་སྟངས་ལུ་འགྱུར་བ་སྦོམ་སྦེ་ར་འཐོང་ནུག། དེ་མ་ཚད་ རང་དབང་གི་ལས་འགུལ་དང་ ཞི་བའི་ངོ་རྒོལ་ དེ་ལས་ དམངས་གཙོའི་འགྱུར་བ་ཚུ་བརྩིས་ཏེ་ བྱུང་རབས་ཀྱི་བྱུང་རིམ་མ་འདྲཝ་ཚུ་ མཐོང་ཚུགས་པའི་ སྲིད་དོན་དང་དཔལ་འབྱོར་གྱི་ལས་རིམ་ཚུ་གི་ལྟེ་བ་ཅིག་ལུ་གྱུར་ནུག།
གུ་ཝ་ཊི་མ་ལ་ཁྲོམ་འདི་ རི་དང་མེ་རི་གིས་བསྐོར་ཏེ་ཡོད་པའི་ལུང་གཤོང་ནང་ཆགས་ཡོདཔ་དང་ མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༡༥༠༠ དེ་ཅིག་ (ཕིཊ་ ༤༩༢༡) ལུ་ཆགས་ཡོདཔ་ཨིན། ཁྲོམ་འདི་ནང་ལུ་ སྤྱི་ཟླ་ ༡༡ པ་ལས་ ༤ པ་ཚུན་ཚོད་ སྐམ་པའི་དུས་ཚོད་དང་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་ཚོད་ ཆརཔ་རྐྱབ་དོ་ཡོདཔ་ཨིན་མས། སྤྱིར་སྙོམས་དྲོད་ཚད་ ༡༥°C (༥༩°F) དང་ ༢༥°C (༧༧°F) གི་བར་ན་ཡོདཔ་ལས་ གནམ་གཤིས་འདི་ ཧ་ཅང་གིས་ དགའ་ཏོག་ཏོ་སྦེ་བཟོཝ་ཨིན། གུ་ཝ་ཊི་མ་ལ་ཁྲོམ་ཚོགས་ནང་ ལྟ་སྐོར་འབད་ནི་གི་དུས་ཚོད་ལེགས་ཤོམ་འདི་ཡང་ དམིགས་བསལ་གྱིས་ སྤྱི་ཟླ་ ༡༡ པ་དང་ ༤ པའི་བར་ན་ སྐམ་པའི་དུས་ཚོད་ཨིནམ་ལས་ ཟླཝ་འདི་ཚུ་ནང་ གནམ་གཤིས་འདི་ ཉི་མའི་ཉིནམ་དང་ ཆརཔ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁྲོམ་གྱི་མཐོང་སྣང་ཚུ་ ལྟ་བསྐོར་འབད་ནི་དང་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ དུས་ཚོད་ལེགས་ཤོམ་ཡོདཔ་ཨིན་པས།
གུ་ཝ་ཊི་མ་ལ་ཁྲོམ་འདི་ རྒྱལ་ཁབ་ཀྱི་ལས་ཁུངས་ ༢༢ ལས་གཅིག་ཨིན་མི་ གུ་ཝ་ཊི་མ་ལ་ལས་ཁུངས་ཀྱི་ཆ་ཤས་ཅིག་ཨིན། ཁྲོམ་སྡེ་འདི་ ས་ཁོངས་ ༢༢ ལུ་དབྱེ་སྟེ་ཡོདཔ་དང་ ཁྲོམ་སྡེ་གོང་འཕེལ་གྱི་གོ་རིམ་སྒྲིག་ནི་དང་ བདག་སྐྱོང་དགོས་མཁོ་ཚུ་ སེལ་ཐབས་ལུ་ ཁྱད་པར་ཅན་གྱི་ས་ཁོངས་ལམ་ལུགས་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་དང་ ས་ཁོངས་རེ་རེ་ལུ་ སྡོད་ཁྱིམ་གྱི་ཁྱིམ་ཚང་ལས་ ཚོང་འབྲེལ་དང་ རྒྱལ་རབས་ཀྱི་རྫོང་ཁག་ཚུ་གི་ ཁྱད་ཆོས་མ་འདྲཝ་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ།[༡] ཟེར་བཀོད་ནུག། གུ་ཝ་ཊི་མ་ལ་ཁྲོམ་ཚོགས་འདི་ རྒྱལ་ས་ལྟེ་བ་ཅིག་འབདཝ་ལས་ གཞུང་ལྟེ་བའི་བཀོད་ཁྱབ་དང་ཁྲིམས་བཟོ་ དེ་ལས་ ཁྲིམས་དོན་གྱི་ཡན་ལག་ཚུ་ཡང་ཡོདཔ་ཨིན། ཁྲོམ་སྡེ་གཞུང་འདི་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་གིས་ འགོ་ཁྲིད་འབད་དོ་ཡོདཔ་དང་ སྤྱི་ལོ་ ༢༠༢༣ ལོའི་ཁྲོམ་དཔོན་བཙག་འཐུ་ནང་ ད་ལྟོའི་ ཡུ་ནིའོན་ནིསི་ཊི་ཚོགས་པའི་ རི་ཀར་ཌོ་ ཀུའི་ནེས་ ལོག་སྟེ་བཙག་འཐུ་གྲུབ་ཡོདཔ་ཨིན། ཁྲོམ་སྡེ་གཞུང་གིས་ ཁྲོམ་སྡེ་འཆར་གཞི་དང་ མི་མང་ཞབས་ཏོག་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ གཙོ་བོར་བསྟེནམ་ཨིན་པས། རྒྱལ་ཡོངས་ནང་ གུ་ཝ་ཊི་མ་ལ་ཁྲོམ་གིས་ ལོ་ ༤ གི་དོན་ལུ་ བཙག་འཐུ་གྲུབ་མི་ འཐུས་མི་ ༡༦༠ ཡོད་མི་ ཚོགས་ཁང་གཅིག་སྦེ་མི་ ཀོང་གཱརསི་གི་ངོ་ཚབ་སྦེ་ དམངས་གཙོའི་རིང་ལུགས་ཅིག་སྦེ་ ལཱ་འབད་དོ་ཡོདཔ་དང་ སྲིད་དོན་གྱི་གནས་སྟངས་འདི་ ཚོགས་པ་ལེ་ཤ་ཅིག་གིས་ དཔལ་འབྱོར་གོང་འཕེལ་དང་ མི་སྡེའི་མཐའ་དོན་ དེ་ལས་ ཉེན་སྲུང་གི་གདོང་ལེན་ཚུ་སེལ་ཐབས་ལུ་ སྲིད་བྱུས་ཚུ་ བཏོན་ཡོདཔ་ཨིན་པས།
ཨིསི་པེ་ནིཤ་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིནམ་ལས་ གུ་ཝ་ཊི་མ་ལ་ཁྲོམ་ཚོགས་ནང་འཁོད་ལུ་ ཁྱབ་ཆེཝ་སྦེ་སླབ་ཨིན་རུང་ རྒྱལ་ཁབ་འདི་ནང་ ས་གནས་ཀྱི་སྲོལ་རྒྱུན་ཕྱུགཔོ་ཡོད་ནི་འདི་གིས་ མ་ཡ་གི་སྐད་ཡིག་ལེ་ཤ་ཅིག་ཡང་ སླབ་དོ་ཡོདཔ་དང་ དེ་ཡང་ ཀི་ཆེ་དང་ ཁེཀ་ཆེ་ དེ་ལས་ ཀ་ཆེ་ཀེལ་ཚུ་ཨིན་མས། འ་ནཱི་སྐད་ཡིག་ཚུ་ གྲོང་གསེབ་ས་ཁོངས་ཚུ་ནང་ མང་སུ་ཅིག་ཡོད་རུང་ རྒྱལ་ས་ལྟེ་བའི་ནང་ སྐད་ཡིག་སྣ་ཚོགས་ལུ་ ལྷན་ཐབས་འབདཝ་ཨིན་མས། ཁྲོམ་སྡེ་གི་ལམ་སྲོལ་འདི་ ས་གནས་ཀྱི་མ་ཡན་དང་ཨིས་པེ་ནིཤི་གི་དབང་འོག་བཙུགས་མི་གི་ཤན་ཞུགས་སླ་བསྲེ་རྐྱབ་སྟེ་ཡོད་མི་འདི་ ཁྲོམ་གྱི་བཟོ་རིགས་དང་དུས་སྟོན་ སྙན་ཆ་དང་སྒྱུ་རྩལ་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོང་ཚུགསཔ་ཨིན། དེ་ལས་ ཇིའོ་ཝ་ན་ཌེལ་ལོར་ཊོ་ [༢]གིས་ རྩ་ཆེ་བའི་བདུན་ཕྲག་དམ་པ་བཟུམ་གྱི་ རང་ལུགས་ཀྱི་དུས་སྟོན་ཚུ་ནང་ ཆོས་ལུགས་ལུ་དད་པ་བསྐྱེད་མི་དང་ མི་སྡེ་གིས་ བཅའ་མར་གཏོགས་མི་ཚུ་ གསལ་སྟོན་འབདཝ་ཨིན་ཟེར་བཀོད་ནུག། ཁྲོམ་འདི་ དེང་སང་གི་སྒྱུ་རྩལ་གྱི་ལྟེ་བ་ཅིག་ཡང་ཨིནམ་དང་ དེ་ནང་ ས་གནས་དང་རྒྱལ་སྤྱིའི་ལཱ་ཚུ་སྟོན་སའི་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ དེ་ལས་ ལམ་སྲོལ་ལྟེ་བ་ཚུ་ཡོདཔ་དང་ རང་ལུགས་སྙན་ཆ་གི་རིགས་ མ་རིམ་བཱ་ལས་ དེང་སང་གི་ པོཔ་དང་ རོཀ་ཚུ་གི་ཁག་མ་འདྲཝ་ཡོདཔ་ཨིན་མས།
གུ་ཝ་ཊི་མ་ལ་ཁྲོམ་སྡེ་ནང་ རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་དང་ ས་གནས་ཀྱི་སྡེ་ཚན་ལེ་ཤ་ཅིག་གིས་ རྒྱལ་ཡོངས་རྩེད་འགྲན་ནང་ དོ་འགྲན་འབདཝ་ཨིན་མས། ཁྲོམ་སྡེ་འདི་ནང་ ལུང་ཕྱོགས་འགྲན་བསྡུར་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ རྒྱལ་ཡོངས་རྩེད་ཐང་མེཊེ་ཟེར་མི་ཅིག་ཡང་ཡོདཔ་ཨིན་མས། གཞན་རྩེད་རིགས་ བཱསི་ཀེཊ་བཱོལ་དང་ བོ་ལི་བཱོལ་ དེ་ལས་ བང་རྒྱུགས་ཚུ་གི་དོན་ལུ་ཡང་ མཐུན་རྐྱེན་ཚུ་སྒྲིང་སྒྲི་ཡོདཔ་དང་ འདི་ནང་བཅའ་མར་གཏོགས་མི་ཚུ་ཡང་བརྩོན་ཤུགས་ཅན་སྦེ་ཡོདཔ་ཨིན་པས། ཁྲོམ་སྡེ་བཟའ་འཐུང་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབད་དོ་ཡོདཔ་དང་ རྒྱུ་ཆ་གཙོ་བོ་ཚུ་ཡང་ གེ་ཟ་དང་ སྲནམ་ཅུམ་ ཆུམ་ དེ་ལས་ ཤ་དང་ཚོད་བསྲེ་མ་འདྲཝ་ཚུ་ཨིན་པས། གུ་ཝ་ཊི་མ་ལ་ཁྲོམ་ཚོགས་ནང་ སྤྱིར་བཏང་མཐོང་མི་ རང་ལུགས་ཀྱི་བཟའ་འཐུང་ཚུ་ཡང་ པེ་པེན་ཟེར་ ཤ་དང་ཚོད་བསྲེ་ཚུ་སླ་བསྲེས་ཏེ་བཟོ་མི་ ཁ་ཚ་ཅན་གྱི་ཤ་ཐུག་འདི་ཨིན་མས། དེ་ལས་ ཀ་ཀིཀ་ཟེར་ རང་ལུགས་ཀྱི་ཊར་ཀི་ཁུ་བ་འདི་ ཨེ་མ་དང་རྫས་སྦྱོར་བླུགས་ཏེ་བཟོ་དོ་ཡོདཔ་དང་ གེ་ཟའི་ཨ་ཁམ་ནང་ ཤ་ ཡང་ན་ མངར་ཟས་ཚུ་གིས་བཀང་ཞིནམ་ལས་ ངང་ལག་གི་འདབ་མ་ནང་ བཀབ་སྟེ་ རླངས་བཙོ་རྐྱབ་སྟེ་བཟོ་མི་ ཏ་མ་ལེས་འདི་ཡང་ཨིན་མས། ས་གནས་འདི་ནང་ ཁྲོམ་ལམ་གྱི་བཟའ་འཐུང་ཚུ་ཡང་ ཡོངས་གྲགས་ཡོདཔ་ལས་ ཊོསི་ཊ་ཌས་དང་ ཆུ་ཆི་ཏོས་ དེ་ལས་ རེ་ལི་ནི་ཊོས་བཟུམ་གྱི་ཟས་ཚུ་ཡང་ཁྱབ་ཆེ་བ་སྦེ་འདུག།
གུ་ཝ་ཊི་མ་ལ་ཁྲོམ་ཚོགས་འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་འཕྲུལ་འཁོར་ཅིག་ཨིནམ་ལས་ བཟོ་གྲྭ་དང་དངུལ་འབྲེལ་ལས་སྡེ་ དེ་ལས་ ཚོང་འབྲེལ་ལས་སྡེ་ལེ་ཤ་ཅིག་ཡོད་པའི་ས་གནས་ཅིག་ཨིན། ཁྲོམ་གྱི་དཔལ་འབྱོར་འདི་ བཟོ་གྲྭ་དང་ཞབས་ཏོག་ སིལ་ཚོང་དང་བཟོ་སྐྲུན་ཚུ་ མ་འདྲཝ་སྦེ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་དང་རྒྱལ་སྤྱིའི་ནང་ ཅ་ཆས་ཚུ་སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་པའི་སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་གོང་འཕེལ་འགྱོ་སྟེ་ཡོདཔ་ལས་ ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་པས། དཔལ་འབྱོར་ཡར་རྒྱས་སོང་ཡོད་རུང་ གུ་ཝ་ཊི་མ་ལ་ལུ་ འོང་འབབ་འདྲ་མཉམ་མེད་མི་དང་ དབུལ་ཕོངས་བཟུམ་གྱི་གདོང་ལེན་ཚུ་འཐོན་དོ་ཡོདཔ་ཨིན་པའི་ཁར་ ལེ་ཊིན་ཨ་མི་རི་ཀ་ལུ་ དབུལ་ཕོངས་ཆེ་ཤོས་ཨིན་པའི་ རྒྱལ་ཁབ་ཅིག་ཨིནམ་ལས་ མི་རློབས་མང་ཤོས་ཅིག་ལུ་ སྤུས་ཚད་ཅན་གྱི་ཤེས་ཡོན་དང་ གསོ་བའི་ཞབས་ཏོག་ དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ མ་ཐོབ་པར་ཡོདཔ་ཨིན། ཝི་ཀིཔི་ཌི་ཡ། [༡] ཟེར་བཀོད་ནུག།
མི་རློབས་མགྱོགས་དྲགས་སྦེ་ཡར་སེང་འགྱོ་མི་འདི་གིས་ ཁྲོམ་ཚོགས་རྒྱ་སྐྱེད་འགྱོ་དོ་ཡོདཔ་མ་ཚད་ གཞི་རྟེན་མཐུན་རྐྱེན་དང་ མི་མང་ཞབས་ཏོག་ཚུ་ཡང་ཐོབ་མ་ཚུགས་པར་ དཀའ་ངལ་བྱུང་དོ་ཡོདཔ་ཨིན། དེ་ལས་ ཁྲོམ་སྡེ་ནང་ བྱ་ངན་གྱི་གནས་ཚད་མཐོ་དྲགས་སྦེ་མཐོང་དོ་ཡོདཔ་དང་ དེ་ཡང་ སྡེ་ཚན་དང་འབྲེལ་བའི་གནོདཔ་བཀལ་མི་དང་ སྒྲིག་འཛུགས་འབད་མི་ བྱ་ངན་ཚུ་བརྩིས་ཏེ་ མི་མང་གི་ཉེན་སྲུང་དང་ དཔལ་འབྱོར་གྱི་ལཱ་ཚུ་ལུ་ཐོ་ཕོགཔ་ཨིན་པས། དེ་མ་ཚད་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ཚ་གྱང་ཡང་ བཙོག་རླུང་དང་ཕྱགས་སྙིགས་འཛིན་སྐྱོང་ལངམ་སྦེ་མེད་མི་ དེ་ལས་ ས་ཡོམ་དང་ཆུ་རུད་བཟུམ་གྱི་རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ ཉེན་ཁ་ཡོདཔ་ལས་ འཕྲོ་མཐུད་དེ་ར་ ཉེན་ཁ་འབྱུང་དོ་ཡོདཔ་ཨིན་པས། གཞན་ཡང་ ས་གནས་འདི་ནང་ འོང་འབབ་དང་ཤེས་རིག་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ འདྲ་མཉམ་སྦེ་མེད་མི་འདི་གིས་མི་སྡེ་ནང་ལུ་ ཚ་གྱང་འབྱུང་བཅུག་དོ་ཡོདཔ་མ་ཚད་ ག་ར་གིས་ གོང་འཕེལ་གཏང་ནི་ལུ་ཡང་ཐོ་ཕོགཔ་ཨིན་མས།
གུ་ཝ་ཊི་མ་ལ་ཁྲོམ་འདི་ རྒྱལ་ཁབ་ཀྱི་བཟོད་བསྲན་དང་ ལམ་སྲོལ་ཕྱུགཔོ་ཡོད་པའི་ བདེན་ཁུངས་ཅིག་སྦེ་ཡོད་མི་འདི་གི་བྱུང་རབས་ཀྱི་ཁག་ཆེ་ཧེང་དང་ མི་རློབས་མ་འདྲཝ་ དེ་ལས་ དཔལ་འབྱོར་གྱི་སྟོབས་ཤུགས་ཚུ་གིས་ དབུས་ཨ་མི་རི་ཀ་གི་ལོ་རྒྱུས་ནང་ལུ་ གཙོ་བོ་ཅིག་སྦེ་བཟོཝ་ཨིན། གདོང་ལེན་སྦོམ་སྦེ་ར་བྱུང་པའི་སྐབས་ ཁྲོམ་སྡེ་གོང་འཕེལ་དང་ ལམ་སྲོལ་ཉམས་སྲུང་ དེ་ལས་ དཔལ་འབྱོར་བསྐྱར་ཞིབ་ཀྱི་ལཱ་ཚུ་འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོདཔ་ལས་ ཁྲོམ་སྡེ་ནང་སྡོད་མི་ཚུ་གི་ ཡར་རྒྱས་དང་ མ་འོངས་ཡར་རྒྱས་ཀྱི་ཁས་བླངས་ཚུ་ གསལ་སྟོན་འབདཝ་ཨིན་པས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
- 1 2 3 4 Wikipedia. (2025). Guatemala City. Published by: Creative Commons. Retrieved From: https://en.wikipedia.org/wiki/Guatemala_City
- ↑ Dell’orto, G. (2024). Hours to make and seconds to destroy, Holy Week flower carpets are a labor of love in Guatemala. Published by: The Associate Press. Retrieved from: https://apnews.com/article/holy-week-jesus-guatemala- catholic-processsions-0dcf9bb84d3b4aae4388f7c9507c686f