གུ་ཝན་ཊ་ན་མོ་གི་སྐོར། Guantanamo

༉ ཀིའུ་བ་རྒྱལ་ཁབ་ཀྱི་ཤར་ལྷོའི་ཕྱོགས་ལུ་ཆགས་ཡོད་པའི་ གུ་ཝན་ཊ་ན་མོ་འདི་ གུ་ཝན་ཊ་ན་མོ་མངའ་སྡེའི་ཁྲོམ་ཚོགས་དང་ རྒྱལ་ས་ལྟེ་བ་གཉིས་ཆ་ར་ཨིན། སྤྱི་ལོ་ ༡༧༩༧ ལུ་གཞི་བཙུགས་འབད་མི་ ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་གལ་ཅན་ཅིག་ལུ་གྱུར་ཡོདཔ་དང་ དེ་ཡང་ གཞན་དང་མ་འདྲ་བའི་ སྙན་ཆའི་སྲོལ་རྒྱུན་དང་ ཐབས་བྱུས་ཁག་ཆེ་བའི་ཡོངས་གྲགས་ཡོད་མི་ཅིག་ཨིན།

གུ་ཝན་ཊ་ན་མོ་མངའ་སྡེ་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༦༡༦༤.༤༧ དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ ཀིའུ་བ་གི་ཤར་ཕྱོགས་མངའ་སྡེ་ཅིག་ཨིན། ས་ཆ་འདི་ མ་འདྲཝ་སྦེ་ཡོདཔ་ལས་ ནི་པ་ས་གུ་ཝ་བཱ་ར་ཀཱོ་གངས་རི་ཚུ་གིས་ ས་ཆའི་གནས་སྟངས་འདི་ དབང་ཤུགས་ཆེཝ་སྦེ་ཡོདཔ་ལས་ མངའ་སྡེ་འདི་ གནམ་གཤིས་ས་ཁོངས་མ་འདྲཝ་སྦེ་ དབྱེ་བ་ཕྱེས་ཏེ་ཡོདཔ་ཨིན། བྱང་ཕྱོགས་མཚོ་འགྲམ་འདི་ རྒྱལ་ཁབ་ཀྱི་ཆར་ལྡན་ནགས་ཚལ་ཡོད་པའི་ས་ཁོངས་རླན་གཤེར་ཆེ་ཤོས་ཅིག་ཨིན། ལྷོ་ཕྱོགས་ལུང་ཕྱོགས་འདི་ སྐམ་ས་དང་ ཀེག་ཊིསི་ལེ་ཤ་ཡོདཔ་པའི་ས་ཁོངས་ཅིག་ཨིན་པས། མངའ་སྡེ་འདིའི་ལྷོ་ཕྱོགས་ལུ་ ཀེ་རི་བི་ཡན་མཚོ་གི་ ཝིན་ཝར་ཌི་ལམ་དང་ བྱང་ཕྱོགས་ལུ་ ཨ་ལི་ཇཱན་ཌོ་ཌི་ཧུམ་བོལཌ་རྒྱལ་ཡོངས་གླིང་ག་ཚུ་ཡང་ཚུདཔ་ཨིན། [༡] ཟེར་བཀོད་ནུག། སྤྱི་ལོ་ ༢༠༢༢ ལུ་ གུ་ཝན་ཊ་ན་མོ་གི་ཁྲོམ་སྡེ་ནང་ མི་རློབས་ ༢༢༢,༧༨༡ དང་ ཁྲོམ་ཚོགས་ཀྱི་མི་རློབས་ ༢༡༤,༠༣༦ ཡོདཔ་ཨིན། མངའ་སྡེ་འདི་གི་མི་རློབས་ཡོངས་བསྡོམས་འདི་ སྤྱི་ལོ་ ༢༠༢༡ ལུ་ ཧ་ལམ་ ༥༣༣,༨༣༩ དེ་ཅིག་ཡོདཔ་དང་ ས་གནས་དེ་ནང་ ལམ་སྲོལ་མ་འདྲཝ་གི་ཤན་ཞུགས་ཏེ་ཡོདཔ་ལས་ ཆ་ཤས་ཅིག་ ཧེ་ཊི་དང་ ཇ་མའི་ཀ་གི་ནང་སྐྱོད་འབད་མི་ཚུ་ལུ་བརྟེན་ ཡོངས་གྲགས་ཡོདཔ་ཨིན་པས།
གུ་ཝན་ཊ་ན་མོ་འདི་ སྤྱི་ལོ་ ༡༧༩༧ ལུ་ ཧེ་མ་ ཊའི་ནོ་མི་ཚུ་སྡོད་སའི་ས་ཁོངས་ནང་ གཞི་བཙུགས་འབད་ནུག། མིང་གུ་ཝན་ཊ་ན་མོ་འདི་ ཊའི་ནོ་སྐད་ཡིག་ནང་ ཆུ་བོ་གཉིས་ཀྱི་བར་ན་ཡོད་པའི་ས་ཆ་ཟེར་བའི་དོན་དག་ཨིནམ་སྦེ་ཡིད་ཆེས་སྐྱེད་དོ་ཡོདཔ་ཨིན་པས། ལུང་ཕྱོགས་འདི་ནང་ལུ་ གཞན་དང་མ་འདྲ་བའི་རྒྱལ་རབས་ཕྱུགཔོ་ཡོདཔ་དང་ དེ་ཡང་ སྤྱི་ལོ་ ༡༨༩༨ ལུ་ ཡུ་ཨེསི་གིས་ གུ་ཝན་ཊ་ན་མོ་གི་མཚོ་ཁུག་འདི་ བཙན་བཟུང་འབད་བའི་སྐབས་ལུ་ ཨེསི་པེ་ནིཤི་-ཨ་མ་རི་ཀན་དམག་འཁྲུག་གི་སྐབས་ལུ་ ཁག་ཆེ་བའི་འགན་ཁུར་འབག་ཡོད་པའི་ལོ་རྒྱུས་ཡོདཔ་ཨིན་མས། དེ་ལས་ སྤྱི་ལོ་ ༡༩༠༣ ལུ་ ཀིའུ་བ་གིས་མཚོ་ཁ་འདི་ ཡུ་ཨེས་གིས་ གླ་ཁར་ལེན་ཡོདཔ་དང་ ད་ལྟོ་ཡང་ ཡུ་ཨེས་ཀྱི་མཚོ་དམག་གི་གཞི་ཆགས་དང་ བཀག་བཞག་སའི་ས་ཁོངས་ཅིག་སྦེ་ལུས་ཡོདཔ་ཨིན།
གུ་ཝན་ཊ་ན་མོ་འདི་ ཁྲོམ་སྡེ་གཞུང་གི་གཞི་བཀོད་འོག་ལུ་ ལཱ་འབད་དོ་ཡོདཔ་དང་ ཨི་ཌ་ལི་ཡ་ན་ཌི་ཡ་ཟི་ ཀ་ས་མ་ཡོར་གྱིས་ སྲིད་འཛིན་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། མངའ་སྡེ་འདི་ བཱ་ར་ཀོ་ཡ་ ཀིའི་མ་ནེ་ར་ ཨེལ་སཱལ་ཝ་ཌོར་ ཨི་མི་ཡས་ མའི་སི་ མན་ནུའལ་ ཊེམ་སི་ ནི་སི་ཊོ་པེ་རེ་ཛི་ སན་ཨེན་ཊོ་ནིའོ་ཌེལ་སུར་ དེ་ལས་ ཡ་ཊེ་རཱས་ཚུ་བརྩིས་ཏེ་ ཁྲོམ་སྡེ་ལེ་ཤ་ཅིག་ལུ་དབྱེ་སྟེ་ཡོདཔ་ཨིན། གུ་ཝན་ཊ་ན་མོ་ལུ་ ཨེས་པེ་ནིཤི་སྐད་ཡིག་འདི་ གཞུང་འབྲེལ་སྐད་ཡིག་ཨིན། ཁྲོམ་འདི་ སྙན་ཆའི་སྲོལ་རྒྱུན་ཕྱུགཔོ་ཡོད་མི་དང་ དམིགས་བསལ་གྱིས་ ཅཱང་གུ་ཡི་རིགས་འདི་ བུ་ཀུ་བ་ནོ་གི་སྔོན་བརྡ་ཅིག་ཨིནམ་ལས་ ཡོངས་གྲགས་ཡོདཔ་ཨིན། ཅཱང་གུའི་འདི་ དུས་རབས་ ༡༩ པའི་ནང་ གེ་ཟ་གི་ལཱ་འབད་མི་ཚུ་གི་ནང་འཁོད་ལུ་བྱུང་ཡོདཔ་དང་ འདི་ཡང་ པྲིརསི་དང་གུ་ཡོ་ དེ་ལས་ མ་ར་ཀཱས་དང་ བོང་གོ་ དེ་ལས་ མ་རིམ་བུ་ལ་བཟུམ་གྱི་ ལག་ཆས་ཚུ་ལག་ལེན་འཐབ་མི་ལུ་བརྟེན་ཏེ་ཨིན་མས། ལོ་བསྟར་ཅཱང་གུའི་དུས་སྟོན་ནང་ ས་གནས་དང་རྒྱལ་ཡོངས་ཀྱི་སྒྱུ་རྩལ་མཁས་མཆོག་ཚུ་གིས་ འཁྲབ་སྟོན་འབད་མི་ སྙན་ཆའི་ལམ་སྲོལ་འདི་ བརྩི་སྲུང་འབདཝ་ཨིན།
གཞུང་འབྲེལ་དུ་ ཅཱང་གུའི་དུས་སྟོན་ཟེར་སླབ་མི་འདི་ ཇི་ཡན་ལུ་ཀ་ཊ་ར་མོན་ཊ་ན་ [༢] གི་ གུ་ཝན་ཊ་ན་མོ་ལུ་ ལམ་སྲོལ་གྱི་ལས་རིམ་གལ་ཅན་ཅིག་ཨིན། ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྟེ་ ཅཱང་གུའི་སྙན་ཆའི་རིགས་འདི་ བརྩི་སྲུང་འབད་ནི་གི་དོན་ལུ་ སྙན་ཆ་བཏང་མི་དང་ སྤྲོ་བ་ཡོད་མི་ཚུ་ གཅིག་ཁར་འཛོམས་དོ་ཡོདཔ་ཨིན། དུས་སྟོན་འདི་ནང་ལུ་ འཁྲབ་སྟོན་དང་འགྲན་བསྡུར་ དེ་ལས་ མི་སྡེའི་སེམས་ཤུགས་དང་ ལམ་སྲོལ་ཉམས་སྲུང་འབད་ནི་ཚུ་ཚུདཔ་ཨིན་ཟེར་བཤདཔ་ཨིན། གུ་ཝན་ཊ་ན་མོ་གི་ ཨོ་ལིམ་པིཀ་གསེར་གྱི་རྟགས་མ་ཐོབ་མི་ ཌེ་རོན་རོབ་ལིས་དང་ བེསི་བཱོལ་རྩེད་འགྲན་པ་ ལུའུ་སི་རོ་བཱརཊ་ཆུང་བ་ཚུ་བརྩིས་ཏེ་ མིང་གཏམ་ཅན་གྱི་རྩེད་འགྲན་པ་ལེ་ཤ་ཅིག་ཐོན་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་གིས་ རྩེད་རིགས་མ་འདྲཝ་ཚུ་ལུ་རྒྱབ་སྐྱོར་འབདཝ་ཨིནམ་དང་ དེ་ནང་ བེསི་བཱོལ་དང་ ལུས་རྩེད་ དེ་ལས་ མཛོག་ཁྱད་རྩེདམོ་ཀྱི་མཐུན་རྐྱེན་ཚུ་ཡོདཔ་ལས་ ཀིའུ་བ་གི་རྩེད་རིགས་ལམ་སྲོལ་སྒྲིང་སྒྲི་ཡོད་མི་འདི་གསལ་སྟོན་འབདཝ་ཨིན། [༡] ཟེར་བཀོད་ནུག།
གུ་ཝན་ཊ་ན་མོ་གི་ཟ་འཐུང་འདི་གིས་ ཨེསི་པེ་ནིཤི་དང་ཨཕ་རི་ཀ་ དེ་ལས་ ཀེ་རི་བི་ཡན་གི་བཟའ་འཐུང་གི་ལམ་སྲོལ་ཚུ་ མཉམ་སྡེབ་འབད་དེ་ ལམ་སྲོལ་མ་འདྲཝ་ཚུ་གི་ཤན་ཞུགས་ཚུ་ གསལ་སྟོན་འབདཝ་ཨིན། ས་གནས་ཀྱི་བཟའ་འཐུང་ཚུ་ནང་ འཕྲལ་འཕྲལ་ར་ ལུང་ཕྱོགས་མ་འདྲཝ་སྦེ་ཡོད་མི་ ཚོད་བསྲེ་དང་ཆུམ་ སྲནམ་ཅུམ་དང་ཕག་ཤ་བཟུམ་གྱི་ རྒྱ་རྫས་ཚུ་བཙུགསཔ་ཨིན། མངའ་སྡེ་འདི་ མཚོ་དང་ཉེ་འདབས་ལུ་ཡོདཔ་ལས་ མཚོ་ཟས་སྣ་ཚོགས་ཀྱི་མཆོད་པ་ཕུལ་ནི་ལུ་ཡང་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས།
གུ་ཝན་ཊ་ན་མོ་མངའ་སྡེ་གི་དཔལ་འབྱོར་གཙོ་བོ་ར་ སོ་ནམ་དང་བཟོ་གྲྭ་འཕྲུལ་ཁང་ལུ་གཞི་བཞག་སྟེ་ཡོད་རུང་ ས་ཆའི་གནས་སྟངས་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚད་འཛིན་འབད་དེ་ཡོད་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། མངའ་སྡེ་འདི་གི་དཔལ་འབྱོར་དེ་ སོ་ནམ་ལུ་བརྟེན་དོ་ཡོདཔ་དང་ ཐོན་སྐྱེད་གཙོ་བོ་ཚུ་ཡང་ གེ་ཟ་དང་ ཀོ་ཕི་ ཀོ་ཀོ་ དེ་ལས་ བེ་ཏ་ཚུ་ཨིན་པས། ཨིན་རུང་ གངས་རིའི་ས་ཁོངས་འདི་གིས་ སོ་ནམ་གྱི་ལཱ་སྦོམ་སྦེ་ གོང་འཕེལ་བཏང་མ་ཚུགསཔ་ལས་ ས་ཆ་མང་ཤོས་ཅིག་ར་ གེ་ཟ་དང་ཏམ་ཁུ་བཟུམ་གྱི་ལོ་ཐོག་ཚུ་ འཛུགས་སྐྱོང་འབད་ནི་ལུ་ འོས་འབབ་མེདཔ་ཨིན་པས། ག་ཝན་ཊ་ན་མོ་ལུ་ བཟོ་གྲྭའི་ལས་སྣ་ཚུ་ ཉུང་སུ་ཅིག་ལས་བརྒལ་མེདཔ་དང་ དེ་ནང་ བརྡ་བརྟགས་དང་ ཆུ་འཐེན་འཕྲུལ་ཆས་ རྐང་འཁོར་སོ་ནམ་གྱི་ལག་ཆས་ ཁང་ཆས་དང་ ཤ་དང་འོ་མ་ དེ་ལས་ འཐུང་ཆུ་བཟོ་སྐྲུན་འབད་ནི་ཚུ་ཚུདཔ་ཨིན་པས། ལས་སྣ་འདི་ཚུ་འབད་རུང་ བཟོ་གྲྭ་ལས་སྡེ་འདི་ འཕྲུལ་རིག་རྙིངམ་དང་ ལྕོགས་གྲུབ་ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ ལཱ་ཚུ་འབད་ནི་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་མས། མངའ་སྡེ་འདི་གི་ཚོང་འབྲེལ་འདི་ ས་ཆའི་གནས་སྟངས་དང་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་མ་འགྱོ་མི་ལུ་བརྟེན་ ཐོ་ཕོག་དོ་ཡོདཔ་ཨིན། [༡] ཟེར་བཀོད་དེ་འདུག།
གུ་ཝན་ཊ་ན་མོ་ལུ་ ས་ཆའི་ཆགས་ཚུལ་དང་དཔལ་འབྱོར་གྱི་དཀའ་ངལ་ དེ་ལས་ ཀུ་ཝན་ཊ་ན་མོ་གི་མཚོ་ཁུག་ལུ་ ཡུ་ཨེས་ཀྱི་མཚོ་དམག་གཞི་འགྱམ་འདི་ཚུ་གིས་ མངའ་སྡེ་འདི་ནང་ དཀའ་ངལ་ཚུ་འཕྲོ་མཐུད་དེ་ར་བྱུང་སྟེ་ཡོདཔ་ལས་ མི་སེར་ཚུ་གི་ ཉིན་བསྟར་གྱི་མི་ཚེའི་གནས་སྟངས་མ་འདྲཝ་ཚུ་ལུ་ ཐོ་ཕོགཔ་ཨིན་མས། ཀིའུ་བ་གི་གུ་རམ་བཟོ་གྲྭ་མར་ཕབ་འགྱོ་མི་ལུ་བརྟེན་ གུ་ཝན་ཊ་ན་མོ་གི་དཔལ་འབྱོར་ལུ་ གནོད་རྐྱེན་སྦོམ་སྦེ་ར་བྱུང་ནུག། འདི་ཡང་ མརཀ་ཕེརེངཀ་ [༡] གིས་ སྤྱི་ལོ་ ༢༠༢༥ ལུ་ རྒྱལ་ཁབ་ནང་ གུ་རམ་གྱི་ཐོན་སྐྱེད་འདི་ དུས་རབས་ ༡༩ པ་ལས་ འགོ་དང་པ་ མེ་ཊིག་ཊོན་ ༢༠༠,༠༠༠ ལས་ མར་ཕབ་འགྱོ་ནི་ཨིན་མི་ཕོ་ཚོད་འབད་ཡོདཔ་ཨིན་མས། འདི་བཟུམ་གྱི་མར་ཕབ་འདི་ བཟོ་གྲྭ་འཕྲུལ་ཁང་ཚུ་ མེདཔ་ཐལ་མི་དང་ ས་སྣུམ་དང་མར་ཁུ་གྱི་ རྒྱུ་རྐྱེན་གཙོ་བོ་ཚུ་ མ་ལང་པའི་དཀའ་ངལ་ དེ་ལས་ འཛིན་སྐྱོང་ལེགས་ཤོམ་མེད་མི་ལུ་བརྟེན་ཏེ་ཨིན་མས་ཟེར་བཀོད་དེ་འདུག།
དེ་མ་ཚད་ ཀིའུ་བ་གི་ གཞི་རྟེན་མཐུན་རྐྱེན་དང་ ནུས་ཤུགས་ལས་སྡེ་རྙིངམོ་འགྱོ་མི་ལུ་བརྟེན་ གློག་མེ་འཕྲལ་འཕྲལ་སྦེ་ར བཀག་བཞག་སྟེ་ རྒྱལ་ཁབ་ནང་དཔལ་འབྱོར་གྱི་ དཀའ་ངལ་ཚུ་ཧེང་སྐལ་ར་ མང་སུ་སྦེ་ཐོན་དོ་ཡོདཔ་ཨིན་པས། ཨེ་རི་ཡལ་ཕར་ནན་ཌེས་དང་ མི་ལེགསི་ཌུ་རན་ [༢] གིས་ འདས་པའི་ལོ་ཚུ་ནང་ གློག་མེ་འཕྲུལ་ཁང་ཚུ་ནང་ འཕྲུལ་རིག་གི་འཐུས་ཤོར་བྱུང་མི་ལུ་བརྟེན་ མི་ས་ཡ་ལས་བཅད་དེ་ གློག་མེ་མེད་པར་ ལུས་ཡོདཔ་ལས་ ཉིན་བསྟར་གྱི་ལཱ་ཚུ་ལུ་ ཐོ་ཕོག་ཡོདཔ་མ་ཚད་ ཚ་དྲོད་ཀྱི་གནམ་གཤིས་ལུ་བརྟེན་ བཟའ་འཐུང་ཚུ་མེདཔ་འགྱོ་ནི་གི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། གློག་མེ་གི་དཀའ་ངལ་འདི་ ས་སྣུམ་མ་ལངས་པའི་དཀའ་ངལ་དང་ རྙིངམ་འགྱོ་མི་གཞི་རྟེན་མཐུན་རྐྱེན་ཚུ་ལུ་བརྟེན་ཏེ་ ཀོ་བིཌ་-༡༩དང་ ནང་འཁོད་དཔལ་འབྱོར་གྱི་ཐབས་ལམ་ དེ་ལས་ ཡུ་ཨེས་གི་བཀག་ཆ་དམ་དྲག་ཚུ་གིས་ གནོད་རྐྱེན་རྐྱབ་སྟེ་ཡོདཔ་ཨིན་ཟེར་བཀོད་དེ་འདུག། འདི་བཟུམ་གྱི་གདོང་ལེན་ཡོད་རུང་ གུ་ཝན་ཊ་ན་མོ་གི་མི་སེར་ཚུ་གིས་ ལམ་སྲོལ་གྱི་བརྡ་སྟོན་ཐོག་ལས་ བཟོད་བསྲན་འབད་ཚུགས་པའི་ ནུས་པ་སྟོན་ཡོདཔ་ཨིན། དེ་མ་ཚད་ གུ་ཝན་ཊ་ན་མོ་གི་མཚོ་ཁུག་ལུ་ ཡུ་ཨིས་ཀྱི་མཚོ་དམག་གཞི་ཆགས་ཡོད་མི་འདི་ དུས་ཡུན་རིངམོ་གི་རིང་ལུ་ རྩོད་བསྡུར་གྱི་གནོད་དོན་ཅིག་སྦེ་སྡོད་ནུག། གུ་ཝན་ཊ་ན་མོ་ བཀག་བཞག་སའི་ ས་ཁོངས་ནང་བཀག་བཞག་མི་ཚུ་ལུ་ བརྩི་མཐོང་སྐྱེས་མི་ལུ་བརྟེན་ སྐྱོན་བརྗོད་འབད་ཡོདཔ་དང་ དེ་ཡང་ མནར་གཅོད་དང་གནས་སྟངས་སྐྱོ་དྲགས་ཡོད་པའི་ སྙན་ཞུ་ཚུ་ཐོན་ཡོདཔ་ཨིན་པས།་
གུ་ཝན་ཊ་ན་མོ་འདི་ ཀིའུ་བ་རྒྱལ་ཁབ་ཀྱི་ལམ་སྲོལ་ཕྱུགཔོ་དང་ བྱུང་རབས་ཀྱི་གལ་གནད་ཅན་གྱི་བདེན་ཁུངས་ཅིག་ཨིན། དཔལ་འབྱོར་མར་ཕབ་འགྱོ་མི་དང་ གཞི་རྟེན་མཐུན་རྐྱེན་ཚུ་ཚད་འཛིན་འབད་མི་ དེ་ལས་ གུ་ཝན་ཊ་ན་མོ་མཚོ་ཁུག་ལུ་ཡོད་པའི་ ཡུ་ཨིས་མི་སེར་ཚུ་གིས་ དཀའ་ངལ་བྱུང་སྟེ་སྦེ་རུང་ ཅཱང་གུ་སྙན་ཆ་བཟུམ་གྱི་ གཞན་དང་མ་འདྲ་བའི་ལམ་སྲོལ་ཚུ་ ཉམས་སྲུང་དང་བརྩི་སྲུང་འབད་དོ་ཡོདཔ་ཨིན། དེ་འབདཝ་ལས་ མངའ་སྡེ་འདི་ནང་ དཀའ་ངལ་ཡོད་རུང་ ལམ་སྲོལ་གྱི་སྟོབས་ཤུགས་དང་བྱུང་རབས་ཀྱི་གལ་གནད་ དེ་ལས་ མི་སྡེ་གི་སེམས་ཤུགས་ཚུ་གི་རྟགས་མཚན་ཅིག་སྦེ་གནས་ཏེ་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
- 1 2 3 4 Wikipedia. (2025). Guantanamo. Published by: Creative Commons. Retrieved from: https://en.wikipedia.org/wiki/Guant%C3%A1namo
- 1 2 Tramontana, G. (2024). ‘If the world explodes, the only survivors will be cockroaches and Cubans!’: the Guantanamo musicians defying the island’s crisis. Published by: The Guardian. Retrieved from: https://www.theguardian.com/music/article/2024/jul/10/guantanamo-musicians- defying-their-islands-crisis-changui