Jump to content

གུ་རུ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན།

Wikipedia ལས།

ལོ་བསྟར་རང་ཟླ་ ༥ པའི་ཚེས་བཅུ༌ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ གུ་རུ་རིན་པོ་ཆེ་སྐུ་འཁྲུངས་པའི་དུས༌ཆེན༌སྦེ༌བརྩི༌སྲུང༌ཞུཝ༌ཨིན། གུ༌རུའི༌འཁྲུངས་སྐར༌འདི་ ཟླཝ་ ༤ པའི་ཚེས་ ༡༠ དང་ ཟླཝ་ ༦ པའི་ཚེས་ ༡༠ ཚུ་ནང་ཡང་བརྩི་སྲོལ་ཡོད་རུང་ ད་ལྟོ་གཞུང་འབྲེལ་ངལ་གསོའི་དུས་ཆེན་འདི་ འབྲུག་ལུགས་བསྟན་རྩིས་དང་ ཕུག་རྩིས་དགོངས་མཐུན་སྦེ་ རང་ཟླ་ ༥ པའི་ཚེས་ ༡༠ ལུ་ཆ་བཞག་དོ་ཡོདཔ་ཨིན།

དེ་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་ལུང་གིས་བསྔགས་པ་ལྟར་ གུ་རུ་རིན་པོ་ཆེ་འདི་ཉིད་ སྤྱིར་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་ཨིནམ་མ་ཚད་ ཁྱད་པར་དུའང་ ནུབ་ཕྱོགས་བདེ་ལྡན་གྱི་ཞིང་གི་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིཿས་མཚན་པ་ཞིག་ལས་ སྐུ་འཁྲུངས་འཁྲུངསཔ་ཨིན།

དེ་ཡང་གནས་ཕུན་སུམ་ཚོགས་པ་ དབུས་གྱུར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་ཁ་ཐུག་ སྲིན་པོའི་ཡུལ་དང་ཐག་ཉེ་བའི་དྷ་ན་ཀོ་ཤའི་མཚོའམ་སྲིན་དྷུའི་མཚོ་གླིང་དུ་ ཁ་མདོག་སྣ་ཚོགས་དང་ལྡན་པའི་པདྨའི་སྡོང་པོའི་སྦུབས་སུ། དུས་ཕུན་སུམ་ཚོགས་པ་ སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ལོ་ལྔ་གི་ཤུལ་ལས་ ཤིང་ཕོ་སྤྲེལ་ལོ་སྤྲེལ་གྱི་ཟླ་བའམ་ ཧོར་ཟླ་ ༥ པའི་ཚེས་བཅུའི་སྔ་དྲོ་ཉི་ཤར་གྱི་དུས་ལུ། ཕ་མེད་མ་མེད་རང་བྱུང་སྤྲུལ་པའི་སྐུ་ལུ་ ཁྱེའུ་ཆུང་ལོ་བརྒྱད་ལོན་པའི་ན་ཚོད་བཟུམ་ཅིག་ལུ་ སྐུ་འཁྲུངསཔ་དང་གཅིག་ཁར་ མཚན་དང་དཔེ་བྱད་ཆ་ཚང་སྐུ་ལུ་རྫོགས་ཏེ་ ཕྱག་གཡསཔ་ལུ་རྡོ་རྗེ་དང་གཡོནམ་ལུ་པདྨ་བསྣམས་སྦེ་ པད་སྡོང་གི་རྩེ་ལུ་བཞུགསཔ་ད། ནུབ་ཕྱོགས་ཀྱི་རྒྱལ་པོ་ཨིནྡྲ་བོ་དྷི་བར་པ་ལུ་ སྲས་མེད་ནི་འདི་གིས་ སྲས༌ཀྱི༌དོན༌ལུ༌ ཡར་མཆོད་མར་སྦྱིན་འཕྲོ༌མཐུད༌དེ༌གནང༌ནིའི༌དོན༌ལས༌ རྒྱ་མཚོའི་གླིང་ལུ་ཡིད་བཞིན་གྱི་ནོར་བུ་ལེན་པར་བྱོན་ཏེ་ ལོག་བྱོན་པའི་ལམ་ཁར་ ཐོག་མར་ཆོས་བློན་ཏྲིཀྵ་ན་འཛིན་གྱིས་སྤྲུལ༌པའི༌སྐུ༌འདི༌ མཇལ་ཏེ་རྒྱལ་པོ་ལུ་ཞུ་ནུག། རྒྱལ་པོ་གིས་པད་མའི་སྡོང་པོ་ལས་ཁྱེའུ་བླངས་ཏེ་ མཚན་ལུ་ཡང༌པདྨ་འབྱུང་གནས་ཟེར་ཞུ༌ཞིནམ༌ལས༌ དྲི་བ་ལྔ་དྲིས་ནུག།

ཁྱོད་ཀྱི་ཡབ་ག་ཨིནམ། ཡུམ་ག་ཨིནམ། གཡུས་ག་ལས་སྨོ། གསོལ་ཚོགས་ག་ཅི་བཞེསཔ། ཕྱག་ལཱ་ག་ཅི་སྨོ་ཟེར་དྲིསཝ་ད། ཁྱེའུ་གིས། ང་ཡི་ཕ་ནི་རིག་པའི་ཡེ་ཤེས་ཡིན། །མ་ནི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་ཡིན། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན། །རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས། །ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན། འདི་ན་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་། །ཟེར་གསུངསམ་ལས་ ཡ་མཚན་གྱི་གནས་ལུ་གཟིགས་ཏེ་ ཕོ་བྲང་ནང་གདན་དྲངས་ཞིན་ན་ སྲས་ཀྱི་ཚབ་འབད་དེ་རྒྱལ་སྲིད་ཕུལ། མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཟེར་གསོལ་ནུག།

དུས་ཆེན་འདི་ ང་བཅས་རའི་ནཱ་ལུ་བརྩི་དགོ་མི་འདི་ གུ་རུ་རིན་པོ་ཆེ་གིས་ དང་པ་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ དུས་རབས་ ༨ པའི་ནང་བྱོན་ཏེ་བདུད་བཏུལ། གསང་སྔགས་ཀྱི་ཆོས་འཁོར་བསྐོར། ས་གཞི་སྦས་གནས་ལུ་བྱིན་གྱིས་བརླབས། ཟབ་མོའི་གཏེར་ཁ་སྦས། ཚོགས་གསོག་གི་དད་རྟེན་ལུ་ ཕྱག་ཞབས་ཀྱི་སྐུ་རྗེས་མང་རབས་ཅིག་བཞག་གནང་བའི་ བཀྲིན་ཅན་གྱི་བདག་ཉིད་ཅན་ཅིག་ཨིནམ་མ་ཚད།

གཉིས་པ་ལུ་གུ་རུ་རིན་པོ་ཆེ་་འདི་ སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་མཁྱེན་བརྩེ་ནུས་པའི་ བདག་ཉིད་ཅན་ཨིན་པའི་ཁར་ ལྷག་པར་དུ་ ང་བཅས་ར་གངས་ཅན་ལྷོ་མོན་ལྗོངས་ཀྱི་ དུས་ངན་སྙིགས་མའི་འགྲོ་བའི་སྡུག་བསྔལ་ལས༌བསྐྱབ་ནིའི་ཞལ་བཞེས་མཛད་དེ་ཡོདཔ་ལས་བརྟེན་ གུ་རུ་རིན་པོ་ཆེ་ལུ་ དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་སྐྱེས་ཏེ་ ཚིག་བདུན་གསོལ་འདེབས་ཀྱིས་སྣ་དྲངས་པའི་ཐོག་ལས་ སྤྱིར་ཚེས་བཅུ་ནམ་ཤར་གྱི་དུས་དང་ ཁྱད་པར་དུ་སྤྲེལ་ཟླའི་ཚེས་བཅུ་ལུ་གསོལ་བ་དྲག་ཏུ་བཏབ་པ་ཅིན་ ཚེ་འདི་ཕྱི་གཉིས་ཆ་ར་ལུ་ བྱིན་རླབས་དང་དངོས་གྲུབ་ འབད་མེད་ལྷུན་འགྲུབ་ཏུ་འབྱུང་ནི་ཨིནམ་ལས་ དེ་གི་དོན་ལུ་སྤྲེལ་ཟླའི་ཚེས་བཅུ་འདི་ གཞུང་འབྲེལ་ངལ་གསོ་སྦེ་ཆ་བཞག་གནངམ་ཨིན་ནོ།།