གུཝང་ཇོ། (རྒྱ་ནག།

༉ གུཝང་ཇོ་འདི་ རྒྱ་ནག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཀྱི་མངའ་སྡེ་གུཝང་དོང་གི་ལྟེ་བ་ཅིག་ཨིནམ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ས་གནས་འདི་ གཙང་ཆུ་པརལ་གི་མཐའ་མར་ཆགས་ཏེ་ཡོདཔ་དང་ ཧོང་ཀོང་གི་ནུབ་བྱང་ལས་ ཀི་ལོ་མི་ཊར་ ༡༢༠ དང་ མ་ཀ་ཝོ་གི་བྱང་ཁ་ཐུག་ལས་ཀི་ལོ་མི་ཊར་ ༡༤༥ གི་ས་ཁར་ཡོདཔ་ཨིན། མངའ་སྡེ་དེ་ལུ་ ལོ་ངོ་ ༢༢༠༠ གི་བྱུང་རབས་ཡོདཔ་དང་ སིལཊ་འཁོར་ལམ་གྱི་ལམ་འཇུག་འདི་ཡང་ དེ་ཁར་ཨིན་པས། ཁྲོམ་འདི་སྤྱི་ལོ་མ་ཐོན་པའ་སྔོན་གྱི་ལོ་ ༢༡༤ ལུ་གཞི་བཙུགས་འབད་འབདཝ་ཨིན་པས། ཁྲོམ་འདི་འཛམ་གླིང་གཞན་ལུ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཀྱི་རྒྱལ་སྒོ་བཟུམ་ཅིག་ཨིན།[༡]
གུཝང་ཇོ་ལུ་ སེར་ཁ་སྤྱི་ཟླ་ ༡༠ པ་དང་སོ་ཁ་སྤྱི་ཟླ་ ༤ པ་ལུ་འགོ་འདྲེན་འཐབ་བཞིན་ཡོད་པའི་ ཀེན་ཊོན་དུས་སྟོན་ཟེར་ ཕྱིར་བཙོང་དང་ནང་འདྲེན་གྱི་ཚོང་འབྲེལ་གྱི་དུས་སྟོན་འདི་ ཡོངས་གྲགས་ཅུང་སྦེ་འགོ་འདྲེན་འཐབ་བཞིན་ཡོདཔ་ཨིན། དུས་སྟོན་འདི་ རྒྱ་ནག་གི་ཚོང་འབྲེལ་གྱི་དུས་སྟོན་སྦོམ་ཤོས་དང་རྙིང་ཤོས་ཅིག་ཨིན་པས། ས་གནས་གྱི་མིང་ལུ་ཧེ་མ་ པཱན་ཡུ་ཟེར་བོ་སྟེ་སྡོད་ཡོདཔ་ཨིན་པས། གུཝང་ཇོ་ཟེར་མི་འདི་ རྒྱ་ཆེ་དྲགས་དང་ཡང་ཅིན་གོང་མཐོ་དྲགས་ཟེར་བའི་དོན་ཨིན་པས། གུཝང་ཇོ་ལུ་ ཐད་ཀར་གྱི་དབང་ཚད་ཁྱབ་ཁོངས་ཡོད་པའི་རྫོང་ཁག་བཅུ་གཅིག་ཡོདཔ་ཨིན།[༡]
ས་གནས་དེ་ཁར་རང་བཞིན་གྱི་ཐོན་ཁུངས་ས་གཏེར་དང་རྡོ་གཏེར་ཚུ་ཡོདཔ་ཨིན། གཏེར་རྫས་མ་འདྲཝ་ ༤༧ ཡོདཔ་དང་ ལྕགས་རིགས་ཀྱི་རྒྱུ་ཆ་ ༨༢༠ ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱ་ཆེཝ་དང་ཀྲིག་ཀྲི་ཅིག་འབད་མི་ ས་སྣུམ་གྱི་མཛད་ ༡༨ ཡོདཔ་ཨིན་པས། དེ་བཟུམ་སྦེ་ མཚོ་དང་གཙང་ཆུ་གནས་ལུགས་ཚུ་ཡང་ཡོདཔ་དང་ སའི་རྒྱ་ཁྱོན་གྱི་བརྒྱ་ཆ་ ༡༠ དེ་ཅིག་ཆུ་ཨིན་པས། གཙང་ཆུ་དང་རོང་ཆུ་གིས་སའི་ཆགས་ཚུལ་འཇའ་ཆི་ཆི་དང་བཟོ་བཀོད་ཅན་བཟོ་བའི་ཁར་ ཁྲོམ་དེའི་སྐྱེ་ལྡན་གནས་སྟངས་རིམ་ལུགས་འདི་ སྒྲིང་སྒྲི་བཟོཝ་ཨིན་པས། དེ་ལས་ ཚོད་བསྲེ་དང་ ཤིང་འབྲས་ མེ་ཏོག་གི་རིགས་ཚུ་ཡང་སྐྱེ་དོ་ཡོདཔ་ཨིན། [༡]
གུཝང་ཇོ་ལུ་ ཤར་ཨེ་ཤི་ཡ་གི་རླུང་ཆར་གྱིས་རྒྱུ་རྐྱེན་འབད་དེ་ ཚ་དྲོད་རན་པའི་ཁར་ རློན་གཤེར་ལྡན་པའི་གནམ་གཤིས་གནས་སྟངས་ཡོདཔ་ཨིན། གནམ་བྱཱ་ལུ་ དྲོད་ཚ་བའི་ཁར་ དྲོད་ཤུགས་ མཐོ་དྲགས་སྦེ་འཐོན་དོ་ཡོདཔ་ཨིན། གན༉མ་དགུན་ལུ་ བསིལ་ཏོང་ཏོ་ཡོད་པའི་ཁར་ སྐམ་ཀྲག་ཀྲ་འཚམས་སྡོདཔ་ཨིན། ཆརཔ་རྐྱབ་པའི་དུས་ཚོད་ཡང་རིང་སུ་ཅིག་ཡོད་མི་དེ་ཡང་ སྤྱི་ཟླ་ བཞི་པ་ལས་ དགུ་པ་ཚུན་ཨིནམ་དང་ གནམ་སེར་ཁ་འདི་སྤྱི་ཟླ་ ༡༠ པ་ལས་ ༡༢ པ་ཚུན་ཨིནམ་མས། སེར་ཁ་ གནམ་གཤིས་བསིལ་དྲོད་ལྡན་པའི་ཁར་ རླུང་འཕུ་དོ་ཡོདཔ་དང་ འགྲོ་འགྲུལ་གྱི་དོན་ལུ་དུས་ཚོད་ལེགས་ཤོམ་ཅིག་ཨིན། ས་ཁོངས་དེ་ནང་ དུས་བཞི་དང་བསྟུན་ཏེ་ ཚ་བ་དང་གྲངས་བ་ཡོད་དེ་འབད་རུང་ ཁཝ་རྐྱབ་ནི་མེདཔ་ཨིན་པས། [༡]
གུཝང་ཇོ་འདི་པརལ་གཙང་ཆུ་ཁ་གྱེས་སའི་ བཟོ་སྐྲུན་གྱི་ལྟེ་བ་ཅིག་ཨིན། བཟོ་སྦྱོར་དང་ཚོང་འབྲེལ་གྱི་ས་གོ་ལྟེ་བ་ཅིག་ཨིནམ་དང་ ཚོང་འབྲེལ་འཐབ་སའི་ས་ཁོངས་ཅིག་འབད་དེ་ ལོ་ངོ་བརྒྱ་ལྷག་ཡོདཔ་ཨིན། སྤྱིར་བཏང་ཟླ་ཐོ་ཀྱི་ལོ་རྩིས་ཐངས་ཀྱི་ནང་ལས་ དུས་རབས་ ༣ པའི་ནང་ལས་ར་ གུཝང་ཇོ་གིས་ཕྱི་རྒྱལ་ཁབ་ཚུ་གི་དོན་ལུ་རྒྱལ་སྒོ་སྦེ་འབད་ཡོདཔ་ཨིནམ་དང་ རྒྱ་ནག་རྒྱལ་ཁབ་ཀྱི་གྲུ་ཆགས་ས་ལས་ ཡུ་རོབ་རྒྱལ་ཁབ་ཀྱི་མི་ཚུ་གིས་ ལོག་ཅི་ར་ལྟ་སྐོར་དང་ཚོང་འབྲེལ་འཐབ་པར་འོང་མིའི་ གྲུ་ཆགས་ས་དང་པ་ཅིག་ཨིན། [༡]
བརྒྱུད་འབྲེལ་གྱི་དོན་ལུ་ མཁའ་འགྲུལ་དང་ རེལ་རི་ གྲུ་ ས་ཐོག་གི་སྐྱོལ་འདྲེན་མཐུན་རྐྱེན་ཚུ་ཡོདཔ་ཨིན། ལམ་ལུགས་སྲོལ་གྱི་ཐད་ལས་ ཀེན་ཊོ་ནིསི་གི་ཁ་སྐད་དང་ ཟ་འཐུང་གི་ཟས་ རོལ་གར་མ་འདྲཝ་ཚུ་ཡོདཔ་ཨིན་པས། དེ་ལས་ དེ་ནང་གི་མི་ཚུ་གི་ཆོས་ལུགས་ཡང་ ནང་པ་འཛིན་མི་དང་ཊ་ཝི་ཟམ་དང་ ཁ་ཆེའི་ཆོས་ལུགས་ ཡེ་ཤུའི་ཆོས་ལུགས་འཛིན་དོ་ཡོདཔ་དང་ ལྷ་ཁང་དང་གསོལཝ་བཏབ་སའི་གཞི་བཀོད་སྦོམ་ཚུ་ཡང་མཐོང་སར་ཡོདཔ་ཨིན། ཁྲོམ་དེ་ནང་ ལུས་རྩལ་ཀྱི་དོན་ལུ་ རྩེདམོ་རྩེ་སའི་ རྩེད་ར་ཡང་ཡོདཔ་ཨིན། སྒྲིང་ཁྱིམ་དང་ཀ་རིང་རིངམོ་ སྐྱེད་ཚལ་སྡུམ་ར་དང་གླིང་ག་ ཕོ་བྲང་ འགྲེམས་སྟོན་ཁང་ ཆུའི་གླིང་ག་ ཚོང་འབྲེལ་གྱི་ས་ཁོངས་མ་འདྲཝ་མ་འདྲཝ་ཚུ་ཚུ་ཡོདཔ་ཨིན།