Jump to content

གྲྀས། Greece

Wikipedia ལས།
གྲྀས་ཀྱི་རྒྱལ་དར།

སའི་རྒྱ་ཚད་དང་ཆགས་རབས།

གཞུང་འབྲེལ་དུ་ ཧེ་ལི་ནིག་རི་པཱབ་ལིཀ་ཟེར་སླབ་མི་ གྲྀས་འདི་ ཡུ་རོབ་ཀྱི་ཤར་ལྷོ་ཁ་ཐུག་ལུ་དང་ བཱལ་ཀཱན་པེ་ནིན་སུ་ལ་གི་ལྷོ་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ ཨཱལ་བེ་ནི་ཡ་དང་ བྱང་མ་སེ་ཌོ་ནི་ཡ་ དེ་ལས་ བཱལ་གེ་རི་ཡ་དང་ ཊར་ཀི་ཚུ་དང་གཅིག་ཁར་ ས་མཚམས་མཐུད་དེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སའི་རྒྱ་ཚད་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡༣༡,༩༦༠ དེ་ཅིག་ཡོདཔ་ཨིན། གྲྀས་འདི་ བདག་སྐྱོང་གི་ལུང་ཕྱོགས་༡༣ ལུ་དབྱེ་སྟེ་ཡོདཔ་དང་ ལུང་ཕྱོགས་འདི་ཚུ་ཡང་ ཡན་ལག་སྡེ་ཕྲན་༧༤ ལུ་དབྱེ་སྟེ་ཡོདཔ་ཨིན། ས་ཆའི་ཆགས་ཚུལ་གྱི་ཐད་ཁར་ གྲྀས་འདི་ གངས་ཅན་གྱི་ས་ཁོངས་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་དབུས་ཕྱོགས་བརྒྱུད་དེ་ པིན་ཌུས་ཟེར་བའི་སྒང་རྒྱུད་འདི་ཆགས་ཏེ་ཡོདཔ་ཨིན། གྲྀས་ཀྱི་གནམ་གཤིས་འདི་ མེ་ཌི་ཊི་རཱ་ནི་ཡཱན་གྱི་གནམ་གཤིས་འདི་ཨིནམ་ལས་ བྱཱར་ལུ་ཚ་དྲོད་ཆེ་བའི་ཁར་ སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་དང་ དགུན་ལུ་ཚ་དྲོད་རན་ཏོག་ཏོ་དང་རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

གྲྀས་ཀྱི་ས་ཁྲ།

སྤྱི་ལོ་༢༠༢༤ ལུ་ གྲྀས་ལུ་མི་རློབས་ས་ཡ་༡༠.༤ དེ་ཅིག་ཡོད་པའི་ཚོད་རྩིས་བཏོན་ཏེ་ཡོདཔ་ཨིན། མི་རློབས་བརྒྱ་ཆ་༩༨ དེ་ཅིག་ གི་རིག་གི་མི་རིགས་ཨིནམ་ལས་ མི་རློབས་མང་ཤོས་རང་ གི་རིག་གི་མི་རིགས་ཨིན། གྲངས་ཉུང་གི་མི་རིགས་གཞན་ ཨཱལ་བེ་ནི་ཡཱན་དང་ཊརགསི་ དེ་ལས་ མ་སེ་ཌོ་ནི་ཡཱན་དང་ཨཱར་མེ་ནི་ཡཱན་ དེ་ལས་ བཱལ་གེ་རི་ཡཱན་དང་ཇིའུས་ ལ་སོགས་པ་ཚུ་ཡང་ཡོདཔ་ཨིན། གྲྀས་ཀྱི་ གཞུང་འབྲེལ་གྱི་ཁ་སྐད་འདི་ མི་རློབས་མང་ཤོས་ཅིག་གིས་སླབ་མི་ གིརིག་གི་ཁ་སྐད་འདི་ཨིན།[]

གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།

གྲྀས་འདི་ བཙག་འཐུ་ཅན་གྱི་དམངས་གཙོའི་མི་སེར་རྒྱལ་ཁབ་ཅིག་ཨིན། གྲྀས་ཀྱི་སྲིད་འཛིན་འདི་ རྒྱལ་ཁམས་ཀྱི་དབུ་ཁྲིད་ཨིནམ་དང་ བློན་ཆེན་འདི་ གཞུང་གི་དབུ་ཁྲིད་ཨིན། ཁྲིམས་བཟོའི་དབང་ཚད་འདི་ འཐུས་མི་༣༠༠ ཡོད་པའི་ གྲྀས་ཀྱི་སྤྱི་ཚོགས་ལུ་ཡོདཔ་ཨིན། དྲང་ཁྲིམས་ལྷན་སྡེ་འདི་ འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་སྡེ་གཉིས་ལས་ རང་དབང་ཅན་ཅིག་ཨིན། གྲྀས་ཀྱི་སྲིད་དོན་ལམ་ལུགས་འདི་ སྲིད་ཚོགས་སྣ་མང་གི་ལམ་ལུགས་ཨིནམ་དང་ ནིའུ་ཌེ་མོ་ཀེརེ་སཱི་དང་སི་རི་ཛ་ཟེར་མི་ སྲིད་དོན་ཚོགས་པ་གཉིས་པོ་ སྲིད་ཚོགས་གཙོ་བོ་དང་སྦོམ་ཤོས་གཉིས་ཨིན།[][][]

ཆོས་དང་ལམ་སྲོལ།

གྲྀས་འདི་ལམ་སྲོལ་གྱིས་ཕྱུག་པོའི་རྒྱལ་ཁབ་ཨིནམ་ལས་ ལམ་སྲོལ་འདྲ་མིན་སྣ་ཚོགས་སྦེ་ཡོདཔ་མ་ཚད་ ལམ་སྲོལ་འདི་ཚུ་ ལོ་ངོ་སྟོང་ཕྲག་ལས་བཅད་དེ་སོང་ཡོདཔ་ཙང་ཙ་ར་ཨིན། གྲྀས་ལུ་ ཆོས་ལུགས་ཁྱབ་ཆེ་ཤོས་འདི་ ཨིས་ཊཱན་ཨོར་ཐོ་ཌོགསི་ཀིརིསཤ་ཊེ་ནི་ཏི་ཟེར་བའི་ ཡེ་ཤུ་པའི་ཆོས་ལུགས་འདི་ཨིནམ་ལས་ མི་རློབས་མང་ཤོས་ཅིག་གིས་ ཆོས་ལུགས་འདི་འབད་དོ་ཡོདཔ་ཨིན། གྲྀས་ཀྱི་ལམ་སྲོལ་གྱིས་སྒྱུ་རྩལ་དང་ ནང་དོན་རིག་པ་ རྩོམ་རིག་ དེ་ལས་ ཚན་རིག་ཚུ་ལུ་ ཕན་གྲོགས་དང་རྒྱབ་སྐྱོར་སྦོམ་སྦེ་འབད་ཡོད་པའི་མིང་གཏམ་ཡོདཔ་ཨིན། དུས་སྟོན་དང་ ཆོས་ཕྱོགས་ཀྱི་མཛད་སྒོ་ དེ་ལས་ རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ཚུ་ གྲྀས་ཀྱི་ལམ་སྲོལ་ནང་ལུ་ གལ་གནད་ཆེཝ་སྦེ་བརྩིཝ་ཨིན།[]

དཔལ་འབྱོར་དང་ཚོང་འབྲེལ།

གྲྀས་ཀྱི་དཔལ་འབྱོར་འདི་ མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་ཨིནམ་དང་ ལྟ་བཤལ་དང་གྲུ་གཏང་ནི་ དེ་ལས་ སོ་ནམ་ལས་སྡེ་ཚུ་ ཁོང་གི་དཔལ་འབྱོར་ལས་སྡེ་གཙོ་བོ་ཨིན། རྒྱལ་ཁབ་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་འཐུས་མི་ཅིག་ཨིནམ་ལས་ ཡུ་རོ་འདི་ ཁོང་གི་དངུལ་གཙོ་བོ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན། འདས་པའི་ལོ་ཚུ་ནང་ གྲྀས་ཀྱི་དཔལ་འབྱོར་འདི་གོང་འཕེལ་འགྱོ་སྟེ་ཡོདཔ་དང་ སྤྱི་ལོ་༢༠༢༥ ལུ་ ཁོང་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་ཌོ་ལཱར་ཐེར་འབུམ་༢༦༥.༡༧༡ དེ་ཅིག་ཨིནམ་དང་ སྤྱི་ལོ་༢༠༢༥ གི་སྤྱི་ཟླ་དང་པའི་ནང་ ལཱ་གཡོག་མེད་པའི་གནས་ཚད་དེ་ བརྒྱ་ཆ་༨.༧ ལུ་ལྷོད་ཡོདཔ་ཨིན། གྲྀས་ཀྱི་ཕྱིར་ཚོང་འབད་སའི་རྒྱལ་ཁབ་གཙོ་བོ་ཚུ་ཡང་ ཨི་ཊ་ལི་དང་ཇཱར་མ་ནི་ དེ་ལས་ སཱའི་པྲས་ཚུ་ཨིནམ་དང་ ཁོང་གི་ནང་འདྲེན་མང་ཤོས་ར་ ཇཱར་མ་ནི་དང་རྒྱ་ནག་ དེ་ལས་ ཨི་ཊ་ལི་རྒྱལ་ཁབ་ཚུ་ལས་འབད་དོ་ཡོདཔ་ཨིན། [] []

རྒྱལ་ས་ལྟེ་བ་ ཨེ་ཐེནས།

གྲྀས་ཀྱི་རྒྱལ་ས་ལྟེ་བ་ ཨེ་ཐེནསི་འདི་ བྱུང་རབས་དང་ དེང་སང་གི་མི་ཚེའི་གནས་སྟངས་གཉིས་ སྒྲིག་ཏོག་ཏོ་སྦེ་ མཉམ་དུ་གནས་སའི་ ས་ཁོངས་ཅིག་ཨིན། ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་སྦེ་ཡོད་པའི་ ཨེ་ཐེནསི་འདི་ ནུབ་ཕྱོགས་ཡར་ཐོན་གནས་སྟངས་འགོ་བཙུགས་ས་ཨིན་པའི་ཁར་ དམངས་གཙོའི་རིང་ལུགས་ཀྱི་ འབྱུང་གནས་ཅིག་སྦེ་ ཆ་བཞགཔ་ཨིན། ཁྲོམ་འདི་ནང་ ལོ་ངོ་༣༠༠༠ ལྷགཔ་ཅིག་གི་རིང་ལུ་ རྒྱུན་མ་ཆད་པ་རང་ མི་སྡོད་ཡོདཔ་དང་ རྒྱལ་ཁབ་འདི་གིས་ ནུབ་ཕྱོགས་འཛམ་གླིང་གི་ལམ་སྲོལ་དང་ བློ་རིག་གི་གཞི་འགྱམ་བཙུགས་ནི་ལུ་ རྒྱབ་སྐྱོར་སྦོམ་སྦེ་འབད་དེ་ཡོདཔ་ཨིན།

ཨེ་ཐེནསི་འདི་ ཨེ་ཊི་ཀ་ལུང་ཕྱོགས་ནང་ཡོད་པའི་ པེ་ནིན་སུ་ལ་ཟེར་ ཕྱོགས་གསུམ་ཆུ་གླིང་ལུ་ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་གངས་རི་གཙོ་བོ་བཞི་གིས་མཐའ་བསྐོར་ཏེ་ཡོདཔ་ཨིན། དེ་ཡང་ པེན་ཊེ་ལི་ཀཱསི་གངས་རི་དང་ ཨའི་གཱ་ལིའོ་གངས་རི་ ཧའི་མེ་ཊུས་གངས་རི་ དེ་ལས་ པཱར་ནི་ཐ་གངས་རི་ཚུ་ཨིན། ཁྲོམ་འདི་ སའི་རྒྱ་ཚད་ ཨིས་ཀོ་ཡར་ཀི་ལོ་མི་ཊར་༣༨.༩༦ དེ་ཅིག་ཡོདཔ་ཨིན། གནམ་གཤིས་ཀྱི་ཐད་ཁར་ ནམ་བྱཱར་ལུ་ཚ་དྲོད་ཆེ་བའི་ཁར་ སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་དང་ དགུན་ལུ་ཚ་དྲོད་རན་ཏོག་ཏོ་དང་རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་ཨིན། དེ་ལས་ ཁྲོམ་འདི་ནང་ མི་རློབས་༣༡༥,༥༠༠༠ དེ་ཅིག་ཡོདཔ་ཨིན། []

ཨེ་ཐེནསི་འདི་ འཛམ་གླིང་ནང་ལུ་ ཁྲོམ་ཚོགས་རྙིང་ཤོས་ཅིག་ཨིནམ་དང་ འདི་གི་བྱུང་རབས་འདི་ ཡེ་ཤུའི་ལོ་ཚིགས་གོང་གི་དུས་ ༼བི་སི་/BC༽ ༡༤༠༠ དེ་ཅིག་ཁར་ལས་ འགོ་བཙུགས་དོ་ཡོདཔ་ཨིན། ཁྲོམ་འདི་གི་མིང་འདི་ སྔོན་མའི་གིརིག་གི་ཤེས་རབ་དང་དམག་འཁྲུག་གི་ལྷ་མོ་ ཨ་ཐི་ནཱ་གི་མིང་ལས་རྟ་དྲང་སྟེ་ བཏགས་ཡོདཔ་ཨིན། སྔོན་གྱི་དུས་ལུ་ ཨེ་ཐེནསི་འདི་ དབང་ཚད་ཅན་གྱི་ཁྲོམ་ཚོགས་མངའ་སྡེ་ཅིག་ཨིནམ་མ་ཚད་ སྒྱུ་རྩལ་དང་ལྷབ་སྦྱང་ དེ་ལས་ ནང་དོན་རིག་པའི་ལྟེ་བ་ཅིག་ཡང་ཨིན་པས། ཁྲོམ་ཚོགས་འདི་ སོ་ཀེརེ་ཊིསི་དང་ པེལེ་ཊོ་ དེ་ལས་ ཨེ་རིསི་ཀྲོ་ཊཱལ་ཚུ་བརྩིས་ཏེ་ ནང་དོན་རིག་པའི་མཁས་པ་ལེ་ཤ་ཅིག་གི་འབྱུང་གནས་ཅིག་ཨིན། ཁྲོམ་སྡེ་འདི་གིས་ དུས་རབས་༥ པའི་ནང་ ཨེ་ཐི་ནིའན་དམངས་གཙོའི་རིང་ལུགས་འདི་ གཞི་བཙུགས་འབད་ཡོདཔ་ལས་ འཛམ་གླིང་ནང་ དམངས་གཙོའི་རིང་ལུགས་གསར་བཟོ་འབད་ནི་ལུ་ ཕན་གྲོགས་སྦོམ་སྦེ་འབད་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ཡོད་པའི་ ཨེ་ཀོརོ་པོ་ལིས་ཟེར་བའི་ས་ཁོངས་འདི་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་རྒྱུན་ས་ཁོངས་ཅིག་ཨིནམ་དང་ ས་ཁོངས་འདི་ འཛམ་གླིང་ནང་གི་མི་མང་ཤོས་ཅིག་གིས་ལྟ་སྐོར་འབད་སའི་ རྒྱལ་རབས་ཅན་གྱི་ས་ཁོངས་ཅིག་ཨིན།[]

ཁྲོམ་ཚོགས་འདི་ གྲྀས་ཀྱི་དཔལ་འབྱོར་དང་དངུལ་འབྲེལ་ དེ་ལས་ བཟོ་གྲྭའི་ལྟེ་བ་ཅིག་ཡང་ཨིན། ཁྲོམ་སྡེའི་དཔལ་འབྱོར་གྱི་ལས་སྡེ་གཙོ་བོ་ཚུ་ཡང་ ལྟ་བཤལ་དང་གྲུ་གཏང་ནི་ དངུལ་འབྲེལ་དང་བཟོ་གྲྭ་ཚུ་ཨིན། ཨེ་ཐེནསི་ལུ་ཡོད་པའི་ པི་རེ་ཡུས་གྲུ་ཆགས་ས་འདི་ ཡུ་རོབ་ཀྱི་གྲུ་ཆགས་ས་སྦོམ་ཤོས་དང་ བྲེལ་ཟིང་ཆེ་ཤོས་ཅིག་ཨིནམ་ལས་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ ཕན་གྲོགས་སྦོམ་སྦེ་འབད་དོ་ཡོདཔ་ཨིན། ལྟ་བཤལ་ལས་སྡེ་གིས་ཡང་ ཁྲོམ་སྡེ་གི་དཔལ་འབྱོར་ལུ་ རྒྱབ་སྐྱོར་སྦོམ་སྦེ་འབད་དོ་ཡོདཔ་དང་ ཁྲོམ་འདི་གི་ རྒྱལ་རབས་ཀྱི་ས་ཁོངས་དང་ ལམ་སྲོལ་གྱི་མཐོང་སྣང་ཚུ་བལྟ་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ ལྟ་བཤལ་པ་ ས་ཡ་ལས་བཅད་དེ་ ཨེ་ཐེནསི་ལུ་འོང་དོ་ཡོདཔ་ཨིན། ལྷག་པར་དུ་ ཁྲོམ་འདི་ནང་ རྒྱལ་སྤྱིའི་ལས་སྡེ་དང་ དངུལ་འབྲེལ་ལས་སྡེ་ལེ་ཤ་ཅིག་ཡོདཔ་ལས་ ཁྲོམ་འདི་ ལུང་ཕྱོགས་འདི་ནང་ ཚོང་ལཱ་དང་ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ལུ་འགྱུར་ཡོདཔ་ཨིན།[]

དེ་ལས་ ཁྲོམ་འདི་ནང་ལུ་ རྒྱལ་རབས་དང་དེང་སང་གི་སྒྱུ་རྩལ་དང་ ལམ་སྲོལ་ཚུ་གསལ་སྟོན་འབད་སའི་ འགྲེམས་སྟོན་ཁང་དང་གློག་བརྙན་ཁང་ལེ་ཤ་ཅིག་ཡོདཔ་ཨིན། རྒྱལ་ཡོངས་གནའ་ཤུལ་འགྲེམས་སྟོན་ཁང་དང་ ཨེ་ཀོརོ་པོ་ལིས་འགྲེམས་སྟོན་ཁང་ དེ་ལས་ བེ་ན་ཀི་འགྲེམས་སྟོན་ཁང་ཚུ་ ཨེ་ཐེནསི་ལུ་ ལམ་སྲོལ་གྱི་གཙུག་སྡེ་ཡོངས་གྲགས་ཅན་ཅིག་ཨིན།

འདས་པའི་ལོ་ཚུ་ནང་ ཁྲོམ་འདི་ནང་ གཞི་རྟེན་མཐུན་རྐྱེན་དང་ སྐྱེལ་འདྲེན་ དེ་ལས་ མི་མང་ཞབས་ཏོག་ཚུ་ གོང་འཕེལ་སྦོམ་སྦེ་ར་སོང་སྟེ་ཡོདཔ་ཨིན། ཨེ་ཐེནསི་མེ་ཊོ་དང་ ཊཱམ་ དེ་ལས་ བཱསི་ཚུ་གིས་ མི་སེར་དང་ ལྟ་བཤལ་པ་ཚུ་ལུ་ སྐྱེལ་འདྲེན་གྱི་གདམ་ཁ་ཚུ་ འཇོན་ཐངས་ཅན་དང་ སྟབས་བདེ་ཏོག་ཏོ་སྦེ་བྱིན་དོ་ཡོདཔ་ཨིན། དེ་མ་ཚད་ ཨེ་ཐེནསི་འདི་ ཤེས་རིག་དང་ཞིབ་འཚོལ་གྱི་ལྟེ་བ་ཅིག་ཡང་ཨིན། དེ་ཡང་ རྒྱལ་ཡོངས་ཀ་པོ་ཌི་སི་ཊི་རི་ཡཱན་ཨེ་ཐེནསི་གི་གཙུག་ལག་སློབ་སྡེ་དང་ ཨེ་ཐེནསི་གི་རྒྱལ་ཡོངས་འཕྲུལ་རིག་གཙུག་ལག་སློབ་སྡེ་ཚུ་བརྩིས་ཏེ་ མིང་གཏམ་ཅན་གྱི་གཙུག་ལག་སློབ་སྡེ་དང་ གཙུག་སྡེ་ལེ་ཤ་ཅིག་ ཁྲོམ་སྡེ་འདི་ནང་གཞི་བཙུགས་འབད་དེ་ཡོདཔ་ཨིན། []

དེ་འབདཝ་ལས་ བཅུད་བསྡུ་བ་ཅིན་ རྒྱལ་རབས་དང་ལམ་སྲོལ་གྱི་སྲོལ་རྒྱུན་ དེ་ལས་ དེང་སང་གི་མཐུན་རྐྱེན་ཚུ་ཡོད་པའི་ ཨེ་ཐེནསི་གི་ཁྲོམ་ཚོགས་འདི་ སྔ་རབས་དང་དེང་སང་གི་ལམ་ལུགས་གཉིས་ དུས་མཉམ་ལུ་གནས་པའི་ ཁྱད་པར་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། []

རྒྱབ་རྟེན་དཔེ་ཐོ།

  1. https://en.wikipedia.org/wiki/Demographics_of_Greece
  2. https://en.wikipedia.org/wiki/Politics_of_Greece
  3. 1 2 https://civilizationchronicles.com/political-systems-of-greece/
  4. https://www.worldatlas.com/articles/what-type-of-government-does-greece-have.html
  5. https://www.britannica.com/topic/Greek-religion
  6. https://en.wikipedia.org/wiki/Economy_of_Greece
  7. 1 2 https://www.trade.gov/country-commercial-guides/greece-market-overview
  8. 1 2 https://www.britannica.com/place/Athens
  9. https://www.worldatlas.com/articles/what-is-the-capital-of-greece.
"https://dz.wikipedia.org/w/index.php?title=གྲྀས།_Greece&oldid=39500" ལས་ སླར་འདྲེན་འབད་ཡོདཔ།