གློག་མེ་ལས་འགུལ་གྱི་གདོང་ལེན་དང་གོ་སྐབས།

Wikipedia ལས།

ཆུ་ལུ་བརྟེན་པའི་གློག་མེ་འདི་ རང་བཞིན་གྱིས་བབས་པའི་གཙང་ཆུ་འདི་  ཆུ་བྱག་རྐྱབ་སྟེ་བསྒོར་ཞིནམ་ལས་ འཕྲུལ་ཆས་མ་འདྲཝ་ཚུ་ལག་ལེན་འཐབ་སྟེ་ གློག་མེ་བཟོ་མི་ཅིག་ཨིན། ཆུ་ལུ་བརྟེན་པའི་གློག་མེ་འདི་སླར་གསོ་འབད་བཏུབ་པའི་ཆུའི་ཐོན་ཁུངས་ཅིག་ཨིན། དེ་ནང་ ཁག་ཆེ་ཤོས་ར་ བབས་ཆུ་དང་ དུས་རྒྱུན་དུ་འགྱིར་བཏུབ་པའི་གློག་འཕྲུལ་འཁོར་རིམ་གཉིས་དགོཔ་ཨིན། (How do we get energy from water, n.d)། དེ་ཡང་ འགོ་དང་པ་ར་ ཡུ་ནའི་ཊེཌེ་ཨིསི་ཊེཌེ་ལུ་ སྤྱི་ལོ་ ༡༨༨༠ ཀྱི་ལོ་ལུ་ མི་ཅི་གེན་ལུ་གཞི་བཙུགས་འབད་ནུག། དེ་ལས་ ཁོང་གི་གློག་མེ་ཚོང་འབྲེལ་འདི་ འགོ་ཐོག་དང་པ་ར་ སྤྱི་ལོ་ ༡༨༨༢ ལུ་ཆུ་མོ་ཕོགསི་ཟེར་མི་གི་སྦོ་ལོགས་ཁར་ ཝིསི་ཀཱོན་སིན་ཟེར་མི་ནང་ལུ་བཙོང་ནི་འགོ་བཙུགས་ནུག། (U.S. Energy information administration, n.d)།  དེ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ ཆུར་བརྟེན་གློག་མེ་འདི་ སྤྱི་ལོ་ ༡༩༧༤ དེ་ཅིག་ཁར་ མེ་ག་ཝཱཌ་ ༣༦༦ འབད་མི་ ཆུ་ཁ་གློག་མེ་ལས་འགུལ་ཟེར་མི་ཅིག་ ནུབ་ཕྱོགས་ཀྱི་ཆུ་མོ་ཝང་ཆུ་ལུ་སྦེ་ ནང་གི་མཁོ་འདོད་བསྒྲུབ་ནིའི་དོན་ལུ་དང་ འཐེབ་འཐོན་མི་ཚུ་རྒྱ་གར་ལུ་ ཕྱིར་བཙོང་འཐབ་ནིའི་དོན་ལུ་གཞི་བཙུགས་འབད་ནུག། (Tshering & Tamang, n.d)།

དེ་ལས་ཚུར་ ད་ལྟོ་འབད་བ་ཅིན་ ཆུ་ཁ་གློག་མེ་ལས་འགུལ། ཏ་ལ་གློག་མེ་ལས་འགུལ། ཀུ་རི་ཆུ་གློག་མེ་ལས་འགུལ། བ་སོ་ཆུ་གློག་མེ་ལས་འགུལ། སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ། སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གཉིས་པ། མང་སྡེ་ཆུ་གློག་མེ་ལས་འགུལ། དར་དཀར་ཆུ་གློག་མེ་ལས་འགུལ་ཚུ་བརྩིས་ཏེ་ གློག་མེ་ལས་འགུལ་ ༨ དེ་ཅིག་འདུག། དེ་ཡང་ སྔོན་མ་ལས་ཡོད་པའི་གློག་མེ་ལས་འགུལ་ ༦ དང་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་གཉིས་པ་བརྩིས་ཏེ་ ༨ ཨིན་པས། གློག་མེ་ལས་འགུལ་འདི་ འབྲུག་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་སྲོག་ཤིང་བཟུམ་ཅིག་སྦེ་རྩིཝ་ཨིན་པས། དེ་ཡང་ ཆུར་བརྟེན་གློག་མེ་འདི་སླར་གསོ་འབད་བཏུབ་པའི་ཐོན་སྐྱེད་གཙང་ཏོག་ཏོ་ཅིག་ཨིནམ་དང་ རྒྱལ་ཁབ་ནང་འཁོད་ལག་ལེན་འཐབ་ནི་དང་ བཟོ་གྲྭ་ནང་ལས་ཕར་ལག་ལེན་འཐབ་ནིའི་དོན་ལུ་ ག་ར་ལུ་ལང་པའི་གློག་མེ་ཚུ་བྱིནམ་ཨིན་པས། ད་རུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ རང་གི་ར་བློ་གཏད་ཚུགསཔ་བཟོ་ནིའི་དོན་ལུ་ ཕྱི་རྒྱལ་ལུ་ཚོང་འབྲེལ་འཐབ་པའི་གློག་མེ་གི་བཟོ་གྲྭ་ཁང་བཟུམ་ཅིག་སྦེ་ཡང་རྩིཝ་ཨིན་པས། (Tshering & Tamang, n.d)།

དེ་གིས་ཡང་མ་ཚད་ གློག་མེ་ལས་འགུལ་ཚུ་ལུ་བརྟེན་ཏེ་ ན་གཞོན་བརྒྱ་ལས་བཅས་ཏེ་ ལཱ་གཡོག་གི་གོ་སྐབས་ཚུ་ཐོབ་ཡོདཔ་མ་ཚད་ གློག་མེ་ལས་འགུལ་ཆགས་སའི་མི་སྡེ་ནང་ གོང་འཕེལ་གྱི་འགྱུར་བ་ལུ་ཡང་ཕན་ཐོགས་ཏེ་འདུག། དེ་ལས་ གློག་མེ་ལས་འགུལ་ལུ་བརྟེན་ཏེ་ ཆུ་རུད་ཚུ་ལས་བཀག་ཐབས་འབད་ཡོདཔ་དང་ ཆུ་འདི་བསགས་བཞག་མི་ལུ་བརྟེན་ཏེ་ ཞིང་ཆུ་དཔག་ནིའི་དོན་ལུ་ཕན་ཐོགས་འབྱུངམ་ཨིན་པས། (Things need to know about Hydropower, n.d)། ཨིན་རུང་ གློག་མེ་ལས་འགུལ་འདི་བཟོ་བའི་སྐབས་ལུ་ ཆུ་བཀག་བཞག་ནི་འདི་གིས་ ཉ་ལ་སོགས་པའི་ཆུ་ནང་གི་སེམས་ཅན་ཚུ་ལུ་གནོད་པ་འབྱུངམ་ཨིན་པས། དེ་ལས་ སྔོ་ཤིང་གི་ཆགས་ཡུལ་ཚུ་ཚད་འཛིན་འབད་དོ་ཡོད་པའི་ཁར་ གོང་ཚད་ཡང་སྦོམ་གནས་དོ་ཡོདཔ་ཨིན་པས། (Hydroelectric energy pros and cons, n.d)།

འཛམ་གླིང་ནང་ལུ་ ཕན་ནུས་ཆེ་བའི་གློག་མེ་ལས་འགུལ་ཚུ་ འབྲུག་རྒྱལ་ཁབ་ནང་གཞི་བཙུགས་འབད་ནིའི་འོས་འབབ་ཡོད་དགོ་པའི་རྒྱུ་མཚན་དེ་ཡང་  འབྲུག་རྒྱལ་ཁབ་འདི་ཧི་མ་ལ་ཡ་གི་ལྷོ་ཕྱོགས་ལུ་ གྱེན་གཟར་དྲགས་འཚམས་ཅིག་ཁར་ཆགས་མི་ལུ་བརྟེན་ཏེ་ཨིན་མས། དེ་མ་ཚད་ རང་བཞིན་གནས་སྟངས་ཀྱིས་ཕྱུག་སྟེ་ཡོད་པའི་ཁར་ མཐོ་ཚད་དང་འཁྲིལ་ཏེ་ ས་ཆ་མ་འདྲཝ་མ་འདྲཝ་སྦེ་ སྔོ་ཤིང་མཛེས་ཏོག་ཏོ་ཚུ་གིས་སྤུབས་ཏེ་ཡོདཔ་ཨིན། དེ་མ་ཚད་ ཡུན་བརྟན་གྱི་གཙང་ཆུ་ཚུ་ཡང་མགྱོགས་དྲགས་སྦེ་བབས་ཏེ་ཡོདཔ་དང་ ས་གཤིས་དང་འབྲེལ་བའི་གནས་སྟངས་ཡང་ རན་ཏོག་ཏོ་སྦེ་ཡོདཔ་ལས་ འོས་འབབ་ཆེ་ཏོག་ཏོ་ཅིག་ཨིན་པས། དེ་གི་ནང་ལས་ཡང་ འབྲུག་རྒྱལ་ཁབ་འདི་ བྱང་ཕྱོགས་ལུ་རྒྱ་ནག་དང་ ལྷོ་ཕྱོགས་ལུ་འབད་བ་ཅིན་ རྒྱ་གར་གྱིས་བསྐོར་ཏེ་ཡོདཔ་ལས་ ས་ཆ་གིས་མཐའ་བསྐོར་བའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ བརྒྱ་ཆ་ ༧༢ དེ་ཅིག་ རང་བཞིན་གྱི་ཤིང་དང་སྔོ་ཤིང་ཚུ་གིས་གང་སྟེ་ཡོདཔ་ཨིན་པས། རྒྱུ་མཚན་དེ་ལུ་བརྟེན་ཏེ་ འབྲུག་རྒྱལ་ཁབ་འདི་ གློག་མེ་ལས་འགུལ་བཟོ་སྐྲུན་འབད་ནིའི་ནང་ལུ་འོས་འབབ་དང་ལྡན་ཏེ་འདུག། (Tshering and Tamang,d)།

གློག་མེ་ལས་འགུལ་གྱི་དོན་ལུ་འོས་འབབ་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ལུ་གློག་མེ་ལས་འགུལ་གཞི་བཙུགས་འབད་ནིའི་གྲོགས་རམ་འདི་ཡང་ ཁྱིམ་ཚང་རྒྱལ་ཁབ་རྒྱ་གར་གཞུང་གིས་གནང་སྟེ་འདུག། དེ་ཡང་ འབྲུག་རྒྱལ་ཁབ་ནང་ལུ་ གློག་མེ་ལས་འགུལ་མང་ཧེང་རྫོགསཔ་ཅིག་གི་དོན་ལུ་ འཕྲུལ་རིགས་ཀྱི་གྲོགས་རམ་དང་ དངུལ་འབྲེལ་གྱི་གྲོགས་རམ་ཚུ་ལངམ་སྦེ་གནང་སྟེ་ཡོདཔ་ཨིན་པས། (Tshering and Tamang, n.d)། རྒྱུ་མཚན་དེ་འབདཝ་ལས་ ད་ལྟོའི་བར་ན་ཡང་ འབྲུག་གི་གློག་མེ་ལས་འགུལ་གྱིས་ རྒྱ་འབྲུག་གཉིས་ཀྱི་རྒྱལ་ཁབ་ནང་ལུ་ ཕན་ཐོགས་རྒྱ་དྲགས་སྦེ་བྱུང་ཡོདཔ་དང་ རྒྱ་གཞུང་དང་འབྲུག་གཞུང་གི་བར་ན་མཐུན་ལམ་ཡང་ སྔར་བ་ལྷགཔ་སྦེ་ཡར་དྲག་སོང་སྟེ་ཡོདཔ་ཨིན། ད་ལས་ཕར་འབད་རུང་ རྒྱལ་ཁབ་འདི་གཞན་ལུ་རེ་མ་དགོ་པར་ རང་དབང་རང་བཙན་སྦེ་ཞི་བདེའི་ངང་ལུ་གནས་ཐབས་ལུ་ འབྲུག་གི་དཔལ་འབྱོར་གྱི་སྲོག་ཤིང་གློག་མེ་ལས་འགུལ་འདི་ མི་ཉམས་གོང་འཕེལ་གྱི་ལཱ་ལུ་བརྩོན་དགོཔ་འདི་གལ་ཆེ་བས།

རྒྱབ་རྟེན།

Hydropower facts and informatio, (n.d).Retrieved from                    https://www.nationalgeographic.com.

Hydroelectric Energy Pros and Cons,(n.d). Retrieved from                  https://.solarreviews.com.

Things need to know about hydropower,(n.d).Retrieved from                 https://www.nrcan.gc.ca.

Tshering, S. &Tamang, B.,(d). Key to sustainable, socioeconomic              development of Bhutan.

Us.Energy information administration,(n.d). Retrieved from                   https://www.eia.gov.