Jump to content

ཅོང་ཇིང་། རྒྱ་ནག། Chongquing, China

Wikipedia ལས།
ཅོང་ཇིང་ལུ་རྐྱབ་སྲོལ་ཡོད་པའི་འབྲུག་གི་འཆམ་གྱི་ཞལ་འབའ།

༉ ཅོང་ཇིང་འདི་རྒྱ་ནག་གི་ལྷོ་ནུབ་ཁ་ཐུག་གི་ཐད་ཀར་དུ་བདག་སྐྱོང་འཛིན་མིའི་ཁྲོམ་ཚོགས་ཅིག་ཨིན་པས། མངའ་སྡེ་དེ་ཡང་ ཐད་ཀར་འཛིན་སྐྱོང་འཐབ་ས་ཡོད་པའི་ཁྲོམ་ཚོགས་ལས་ ས་ཐོག་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། ཅོང་ཇིང་གི་ཁྲོམ་ནང་ ཁྱིམ་ནང་སྡོད་མི་གི་མི་རློབས་ ས་ཡ་ ༣༠ ལྷགཔ་ཅིག་ཡོདཔ་སྦེ་བཀོད་ཡོདཔ་ཨིན། སྤྱི་ལོ་ ༢༠༢༠ ལུ་ ཅོང་ཇིང་གི་མི་རློབས་ཤང་ཧེའི་ལས་མཐོཝ་སྦེ་ཐོན་ཡོདཔ་ཨིན། []དེ་ལས་ སྤྱི་ལོ་ ༢༠༢༣ ནང་ ཁྲོམ་གྱི་མི་རློབས་ ས་ཡ་ ༢༢.༨༧ ཡོདཔ་སྦེ་ཨིན་པས། ཁྲོམ་སྡེ་ལུ་ རྫོང་ཁག་ ༢༦ དང་ གཡུས་ཚན་ ༨ རང་དབང་ཅན་གྱི་གཡུས་ཚན་ ༤ ཡོདཔ་ཨིན། ས་ཁོངས་དེ་གི་སའི་རྒྱ་ཁྱོན་འདི་ཀི་ལོ་མི་ཊར་གྲུ་བཞི་ ༣༡༧༠༠ ཨིནམ་དང་ ནུབ་ལུ་སི་ཅུའན་ཡོདཔ་དང་ ཤར་ལུ་ཧུ་བེའི་ ཤར་ལྷོ་ལུ་ཧ་ནཱན་ ལྷོ་ལུ་གའི་ཇུ་ཝ་ བྱང་ལུ་ཤན་ཟི་དང་གཅིག་ཁར་ས་མཚམས་ཡོདཔ་ཨིན། []

གནམ་གཤིས་གྱི་ཐད་ཁར་ ས་ཁོངས་དེ་ནང་ ཚ་དྲོད་རན་པའི་ཁར་ ཆར་རླུང་དང་འཁྲིལ་ཏེ་ རློན་གཤེར་ལྡནམ་སྦེ་སྡོདཔ་ཨིན་པས། ས་ཁོངས་ཀྱི་ས་མཚམས་ས་ཁོངས་ནང་ཡང་ཚ་དྲོན་རན་པའི་གནམ་གཤིས་ཡོདཔ་ལས་བརྟན་ ལོ་ངོ་གཅིག་ར་ རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་དང་ ཟླཝ་རེ་ནང་ཡུདཔ་ཅིག་ བརྒྱ་ཆ་ ༧༥ ལས་ལྷག་རློན་གཤེར་ལྡནམ་སྦེ་སྡོད་དོ་ཡོདཔ་ཨིན་པས།  གནམ་བྱཱ་གི་དུས་ཚོད་འདི་རིང་བའི་ཁར་ ཚདཔ་གནམ་མེད་ས་མེད་ཚཝ་མ་ཚད་ རློན་གཤེར་ཡང་མཐོཝ་སྦེ་ཡོདཔ་ཨིན་པས། དྲོད་ཤུགས་ཀྱི་ཐད་ཁར་ མཐོཝ་སྤྱི་ཟླ་བདུན་པ་དང་བརྒྱད་པའི་ནང་འཐོན་དོ་ཨིནམ་དང་ དེ་ཡང་ཌིག་གི་སེལ་སིཡསི་ ༣༤ འཐོནམ་པས། གནམ་དགུན་གྱི་ནམ་དུས་འདི་ཐུང་བའི་ཁར་ ཨ་ཙི་བསིལ་ཀྲག་ཀྲ་དང་རློནམ་སྦེ་ས་སྨུག་གིས་སྤུར་ཏེ་སྡོད་དོ་ཡོདཔ་ཨིན། ལོ་གཅིག་ནང་ ས་སྨུག་ཉིནམ་ ༡༠༠ ལས་ལྷག་སྟེ་སྤུར་དོ་ཡོདཔ་དང་ ཁྲོམ་དེ་ལུ་ ས་སྨུག་གི་ཁྲོམ་ཚོགས་ཟེར་ཡང་ཤེསཔ་ཨིན་པས། སོ་ཁ་དང་སེར་ཁ་ལུ་ཡང་ ཉིནམ་ ༦༨ དེ་ཅིག་ས་སྨུག་གིས་གང་དོ་ཡོདཔ་ཨིན། []དེ་བཟུམ་སྦེ་ས་སྨུག་ཡོདཔ་མི་ལས་བརྟེན་ རྒྱ་ནག་དང་ཇ་པཱན་གཉིས་ཀྱི་བར་ སྤྱི་ལོ་ ༡༩༣༧ ལས་ ༡༩༤༥ ཚུན་ཚོད་དམག་རྐྱབ་པའི་སྐབས་ ཁྲོམ་ཚོགས་འདི་ཇ་པཱན་གྱི་དམག་མི་གིས་ལག་པར་ཚུད་ནི་ལས་ སྲུང་སྐྱོབ་འབད་ཡོདཔ་ཨིན། ལོ་བསྟར་གྱི་དྲོད་ཤུགས་འདི་སྤྱིར་སྙོམས་ལུ་ ཌི་རི་སེལ་སིཡསི་ ༡༨ ཨིན་པས། དེ་བཟུམ་སྦེ་ཉིམ་ཤར་བའི་དུས་ཡུན་འདི་ ལོ་གཅིག་ལུ་ ཆུ་ཚོད་ ༡༠༠༠ ལས་ ༡༢༠༠ ཚུན་གྱི་བར་འཐོན་དོ་ཡོདཔ་ཨིན། ལོ་བསྟར་ཆར་པའི་འབབ་ཚད་ཡང་ མི་ལི་མི་ཊར་ ༡༠༠༠ ལས་ ༡༤༠༠ ཚུན་རྐྱབ་དོ་ཡོདཔ་ཨིན།[]

ཅོང་ཇིང་མངའ་སྡེ་ནང་ སྣུམ་འཁོར་བཟོ་སྐྲུན་ཁང་ཡོདཔ་དང་རྒྱ་ནག་གི་སྣུམ་འཁོར་བཟོ་སྐྲུན་ཁང་ཚུ་ལས་ ཨང་གསུམ་པའི་ནང་ཨིན་པས། ལྕགས་དང་ངར་ལྕགས་བཏོན་མི་ཁྲོམ་ཨང་དགུ་པའི་གྲངས་སུ་ཚུདཔ་ཨིན་པས། དེ་ལས་ཧ་ཡང་དང་ཀ་ལ་བཏོན་མི་གསུམ་ཡོད་ས་ལས་ཅིག་དེ་ཁར་ཨིན་པས། དེ་བཟུམ་སྦེ་ ས་ནམ་གྱི་ལཱ་ལུ་ཡང་གཙོ་བོར་བཏོན་དོ་ཡོདཔ་དང་ ཆུམ་དང་ཤིང་འབྲས་ཡོད་ས་ལས་ དམིགས་བསལ་དུ་ཚལ་ལུ་ཚུ་འཐོན་དོ་ཡོདཔ་ཨིན། དེ་བཟུམ་སྦེ་རང་བཞིན་གྱི་ཐོན་སྐྱེད་ས་གཏེར་རྡོ་གཏེར་ཚུ་ཡང་འཐོན་དོ་ཡོདཔ་མ་ཚད་ གཏེར་ཁ་གི་བཟོ་གྲྭ་འཕྲུལ་ཁང་ཚུ་ཡང་ཡོདཔ་ཨིན། རྒྱལ་ཁབ་ཀྱིས་མ་རྩ་གཞི་བཙུགས་ནང་ཕན་གྲོགས་འབད་ཐབས་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ཡར་རྒྱས་གཏང་མི་ལས་བརྟེན་ མ་རྩ་གཞི་བཙུགས་འབད་མི་ཕྱི་རྒྱལ་ཁབ་ཀྱི་མི་ཚུ་ཡང་ཁྲོམ་ཚོགས་དེ་ནང་མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན།[]

ཅོང་ཇིང་ལུ་ སྤྱི་ལོ་ ༢༠༢༢ ནང་འཁོད་ལུ་ མཐོ་རིམ་ཤེས་ཡོན་གྱི་གཙུག་སྡེ་ (མཐོ་རིམ་སློབ་གྲྭ་མ་བརྩིས་བར)༧༠ ཡོདཔ་སྦེ་ཨིནམ་དང་ དེ་གིས་ཁྲོམ་ཚོགས་འདི་ རྒྱལ་ཁབ་ནང་ཤེས་ཡོན་གཙུག་སྡེ་ལེ་ཤ་ཡོད་པའི་གྲས་ལས་ཨང་བཞི་པའི་ནང་ཚུདཔ་ཨིན་པས། དེ་ལས་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ཡང་མང་རབས་ཅིག་ཡོདཔ་ཨིན། དེ་བཟུམ་སྦེ་ཞིབ་འཚལ་འབད་སའི་ཡུལ་དང་ལྟེ་བ་ཡང་ཡོདཔ་ཨིན་པས། འཛམ་གླིང་རྒྱལ་ཁབ་ལས་ ཚན་རིག་ལྡན་པའི་ཞིབ་འཚོལ་འབད་དེ་བཏོན་མི་ ཨང་ ༤༠ ནང་ཚུདཔ་ཨིན་པས། ཁྲོམ་དེ་ཁར་དཔལ་འབྱོར་གོང་འཕེལ་འགྱོཝ་ད་གཅིག་ཁར་ རང་བཞིན་གནས་སྟངས་ཡང་རང་འཇགས་སྦེ་ར་བཞག་ཡོདཔ་ཨིན། []

ཁྲོམ་ཚོགས་ནང་ཕར་ཚུར་འགྲུལ་སྐྱོད་དང་སྐྱེལ་འདྲེན་གྱི་དོན་ལུ་ ས་ཐོག་ལས་འབདན་ རེལ་ལི་དང་སྣུམ་འཁོར་ གནམ་ཁར་དཔྱངས་ཏེ་ཡོད་པའི་གློག་འཁོར་ཡོདཔ་དང་ གནམ་ཁ་ལས་ཕར་འཕུར་འགྲུལ་འབད་ནི་གི་དོན་ལུ་གནམ་གྲུ་ཡོདཔ་དང་ ཆུ་ཐོག་འགྲུལ་སྐྱོད་ཀྱི་དོན་ལུ་ གྲུ་དང་གྲུ་ཆེན་གྱི་མཐུན་རྐྱེན་དང་ཞབས་ཏོག་ཚུ་ཡོདཔ་ཨིན།

  1. 1 2 3 4 ཝི་ཀི་པི་ཌི་ཡ། (༢༠༢༥) ཆིང་ཀིན། https://en.wikipedia.org/wiki/Chongqing ནང་ལས་ཐོབ་ཡོདཔ་ཨིན།
  2. ཊ་ཝཱལ་ཅཱའེ་ན་གའེཌ། (ལོ་མེདཔ།) ཆོ་ཀིང་ལམ་འགྲུལ་ལམ་སྟོན། https://www.travelchinaguide.com/cityguides/chongqing.htm ནང་ལས་ཐོབ་ཡོདཔ་ཨིན།
  3. ཝི་ཀི་པི་ཌི་ཡ། (༢༠༢༥) ཆིང་ཀིན།  https://simple.wikipedia.org/wiki/Chongqing ནང་ལས་ཐོབ་ཡོདཔ་ཨིན།