ཆིང་དོཝ། རྒྱ་ནག། Qingdao, China

༉ ཆིང་དོཝ་འདི་རྒྱ་ནག་གི་མངའ་སྡེ་ཤང་ཌོང་གི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་ཚོགས་ཀྱི་མིང་གཞན་ལུ་ ཙིང་ཊ་བོ་ཟེར་ཡང་སླབ་སྲོལ་ཡོདཔ་དང་ ཁྲོམ་ཚོགས་འདི་ཤང་ཌང་གི་ཤར་ཁ་ཐུག་གི་ཆུའི་མཐའ་མར་ཆགས་ཡོདཔ་དང་ མངའ་སྡེ་ནང་ ཁག་ཆེ་བའི་གྲུ་ཆགས་ས་ཅིག་ཨིན་པས། ཁྲོམ་ཚོགས་དེ་ ཤང་ཌོང་གི་ཕྱོགས་གསུམ་ཆུ་གླིང་གི་ལྷོ་ཁ་ཐུག་གི་ཆུ་འགྲམ་ལུ་ ཇི་ཡ་ཇུ་མཚོ་ཁུག་འགོ་བཙུགས་སར་ཆགས་ཏེ་ཡོདཔ་ཨིན། མཚོ་ཁུག་འདི་གནམ་དགུན་གནམ་མེད་ས་མེད་ཤུགས་སྦེ་བསིལ་ལང་པའི་སྐབས་ འཁྱེག་ལུ་ཆགས་དོ་ཡོད་རུང་ གྲུ་སྦོམ་ཚུ་གི་དོན་ལུ་ས་གོ་འདི་ ལག་ལེན་འཐབ་སྟེ་ར་ལུས་དོ་ཡོདཔ་ཨིན། ཁྲོམ་ཚོགས་ཀྱི་སའི་རྒྱ་ཁྱོན་ཡང་གྲུ་བཞི་ཀི་ལོ་མི་ཊར་ ༡༡,༢༨༢ ཡོདཔ་ཨིན།[༡] ས་ཁོངས་འདི་ཧེ་མ་སྤྱི་ལོ་ ༡༨༩༨ ལས་ ༡༩༡༤ ཚུན་ཚོད་ ཇཱར་མ་ནི་རྒྱལ་ཁབ་ཀྱི་མངའ་འོག་ཁྱབ་ཁོངས་ཅིག་སྦེ་སྡོད་ཡོདཔ་ཨིན།[༢] ཁྲོམ་ཚོགས་འདི་རྒྱ་མི་ལ་ལུ་ཅིག་གིས་དོན་ལུ་ ཧིང་སང་ས་དང་ མཛེས་ཏོག་ཏོ་ཡོད་པའི་ཁྲོམ་ཚོགས་ཅིག་སྦེ་ཆ་བཞགཔ་ཨིན་པས། ཆིང་དོཝ་ཟེར་བའི་དོན་དག་དེ་ཡང་ མཚོ་གླིང་ཧོནམོ་ཡང་ཅིན་ལྕང་ཁ་ཟེར་བའི་དོན་ཨིན་པས། ཁྲོམ་འདི་ སྤྱི་ལོ་ ༢༠༡༢ ལུ་ རྒྱ་ནག་རྒྱལ་ཁབ་ནང་སྡོད་དགོ་མནོ་སི་སི་གི་ཁྲོམ་ཚོགས་ཀྱི་གྲས་ལས་ཅིག་ཨིནམ་སྦེ་ངོས་འཛིན་བྱུང་ཡོདཔ་ཨིན། ཁྲོམ་དེ་གི་མངའ་འོག་ལུ་ རྫོང་ཁག་བདུན་དང་ཚོ་ཁག་གི་གནས་ཚད་གྱི་ཁྲོམ་ཚོགས་གསུམ་ཡོདཔ་ཨིན། [༣]ཁྲོམ་འདི་ལྟ་བཤལ་པ་ཚུ་གིས་ འགྲོ་འགྲུལ་འབད་སའི་ས་ཁོངས་ཅིག་ལུ་གྱུར་ཡོདཔ་མ་ཚད་ དཔལ་འབྱོར་གྱི་གཞུང་ཅིག་ཡང་ཨིནམ་ལས་ མ་རྩ་གཞི་བཙུགས་འབད་མིའི་ཚོང་སྡེ་ལེ་ཤ་ར་ཡོདཔ་ཨིན། ས་གནས་དེ་ཧེ་མ་ཉ་གཟུང་སའི་གཡུས་ཚན་ཆུང་ཀུ་ཅིག་སྦེ་སྡོད་ས་ལས་ རིམ་པ་བཞིན་དུ་ གོང་འཕེལ་ཐལ་ཏེ་ ད་རེས་ཁྲོམ་ཚོགས་སྦོམ་ཤོས་ཅིག་ལུ་གྱུར་ཡོདཔ་ཨིན། རྒྱལ་ཁབ་འདི་ཧེ་མ་ཇཱར་མ་ནི་གིས་དབངམ་ལས་ ཡུ་རོབ་ཀྱི་བཟོ་བཀོད་ཚུ་ཡང་མཐོང་སར་ཡོདཔ་ཨིན།[༡]
ཁྲོམ་དེ་ནང་ རྒྱལ་ཁབ་ཀྱི་ཆང་བཟོ་ཁང་ ཨང་གཉིས་པ་ ཙིང་ཊའོ་ཆང་བཟོ་ཁང་ཡོདཔ་ཨིན། [༢]ས་ཁོངས་ནང་འགྲོ་འགྲུལ་གྱི་དོན་ལུ་ གནམ་གྲུ་དང་གྲུ་ རེལ་ལི་དང་བཱསི་དང་སྣུམ་འཁོར་གྱི་ཞབས་ཏོག་ཚུ་འཐོབ་ཚུགས་ནི་ཨིན་པས། ཆིང་དོཝ་ལུ་ཇན་ཀི་བོ་གི་ཀཝ་སྦོམ་ཡོདཔ་ཨིན། ཀཝ་དེ་ཡོད་པའི་སྒྲིང་ཁྱིམ་ནང་ ཆུར་གནས་སྲོག་ཆགས་ཁང་དང་དངོས་པོ་མ་འདྲཝ་ཚུ་བཙོང་སའི་ཁང་མིག་ཚུ་ཡོདཔ་ཨིན། དེ་ལས་ ལྷངམ་རྐྱབ་མི་དང་རྒྱན་རྩེདཔ་ཚུ་ཡང་དེ་ཁར་འོང་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཁྲོམ་ཚོགས་ནང་ ཡེ་ཤུའི་ཀེ་ཐོ་ལིག་དང་པོརོ་ཊེསི་ཊེནཊ་གི་ལྷ་ཁང་ཡང་ཡོདཔ་ཨིན། དེ་བཟུམ་སྦེ་ནང་པ་ཊ་ཝི་ཟམ་གི་ལྷ་ཁང་ཡང་ཡོདཔ་ཨིན། ཁྲོམ་ཚོགས་ནང་ རང་བཞིན་གནས་སྟངས་དགའ་བའི་ཁར་ གངས་རི་དང་མཚོ་ཚུ་ཡོདཔ་མ་ཚད་ གླིང་ག་དང་སྐྱེད་ཚལ་སྡུམ་ར་ཚུ་མཛེས་ཏོག་ཏོ་སྦེ་ཡོདཔ་ཨིན། མཚོ་ལེ་ཤ་ཡོདཔ་ལས་ མཚོ་འགྲམ་དགའ་ཏོག་ཏོ་ཚུ་ནང་རྩེདམོ་རྩེ་བར་དང་ཉིམ་གསོ་བར་འགྱོ་ནིའི་གོ་སྐབས་ཡང་འདུག། དེ་ལས་གནད་དོན་མ་འདྲཝ་ཐོག་གི་འགྲེམས་སྟོན་ཁང་ མ་འདྲཝ་ཚུ་ཡང་མིག་གིས་ལྟདམོ་ཅིག་སྦེ་ཡོདཔ་ཨིན། དེ་བཞིན་དུ་ ཁྲོམ་ཚོགས་ནང་ གྲུ་རྩེདམོ་རྩེ་ས་དང་གཏང་ས་ཚུ་ཡོདཔ་མ་ཚད་ ཐོག་རིངམོ་ལས་ཁྲོམ་བལྟ་སའི་གཞི་བཀོད་ཡོད་མི་དེ་གི་ནང་འཁོད་ལུ་ཟ་འཐུང་ཚུ་འཐོབ་སར་ཡོདཔ་ཨིན། ཁྲོམ་ཁར་རང་སོའི་མཁོ་འདོད་ལྟར་དུ་ ཟ་འཐུང་ལས་འགོ་བཙུགས་ དོརམ་ཁེན་ཇ་ ལྷམ་ཨོམ་སོ་ ཐབ་ཆས་ ཁྱིམ་ཆས་ ནང་ཆོས་ གློག་ཆས་ ཉེ་བར་མཁོ་བའི་ཉིན་བསྟར་ལག་ལེན་འཐབ་པའི་དངོས་པོ་ཚུ་ཡང་འཐོབ་ཚུགས་ནི་ཨིན་པས། རང་སོའི་འདོད་པ་འཇོམས་ནིའི་དོན་ལུ་ ཟ་ཁང་དང་སྤྲོ་ཁང་ཚུ་ཡང་ལག་ལེན་འཐབ་ནིའི་དོན་ལུ་ཡོདཔ་ཨིན།
ཆིང་དོཝ་འདི་ མཚོ་མཐའི་ཁྲོམ་ཅིག་འབདཝ་ལས་ མཚོ་ནང་གི་འབུཔ་སེམས་ཅན་ཚུ་ཡང་བཞེས་སྒོ་སྦེ་འཐོབ་དོ་ཡོདཔ་ཨིན། དེ་ལས་ཆུའི་གཤམ་ལུ་སོང་སྟེ་སྲོག་ཆགས་ཚུ་མཐོང་ས་ཡང་ཡོདཔ་ཨིན། སྤྱི་ལོ་ ༢༠༠༨ ལུ་བཟོ་སྐྲུན་འབད་བའི་ ཆིང་དོཝ་ཨོ་ལིམ་པིག་གི་གྲུ་གཏང་ས་ཡང་དེ་ཁར་ཡོདཔ་ཨིན། [༤]ལྟ་བཤལ་པ་ཚུ་སྡོད་ནིའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ ཟ་ཁང་དང་སྐྱིད་གནས་ཁང་ཚུ་ཡང་ལེ་ཤ་ར་ཡོདཔ་ཨིན། ས་ཁོངས་ནང་ ལམ་སྲོལ་གྱི་གཞི་བཀོད་ཡོད་པའི་ཁར་ དེང་སང་གི་བཟོ་བཀོད་ཡོང་མཐོང་ཚུགས་ནི་ཨིན་པས། ཆིང་དོཝ་ལུ་རླུང་ཆར་གིས་དབང་བའི་ གནམ་གཤིས་ཚད་དང་ལྡནམ་སྦེ་ཡོདཔ་དང་ དུས་བཞི་གསལ་རི་རི་སྦེ་ཡོདཔ་ཨིན། ས་གནས་ཚུ་ནང་ རེ་ཚེ་དྲོད་དང་རློན་གཤེར་ལྡན་པའི་ཁར་ རེ་ཅིག་སྐབས་ བསིལ་དྲོད་ལྡན་ཏེ་སྐམ་ཀྲག་ཀྲ་སྦེ་ཡང་སྡོདཔ་ཨིན་པས། [༤]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- 1 2 ཊ་ཝཱ་གའེཌ་ཅཱའེ་ན། (ལོ་མེད།) ཀིང་དཝ་འགྲོ་འགྲུལ་ལམ་སྟོན། https://www.travelchinaguide.com/cityguides/shandong/qingdao/ ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༣) ཆིང་དོཝ། https://simple.wikipedia.org/wiki/Qingdao ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༥) https://en.wikipedia.org/wiki/Qingdao ཆིང་དོཝ། ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ད་གའེ། (ལོ་མེད) ཆིང་དོཝ་ལུ་འབད་དགོ་པའི་དྲག་ཤོས་ ༢༥། https://thegoguy.com/best-things-to-do-in-qingdao-china/ ནང་ལས་ཐོབ་ཡོདཔ་ཨིན།