ཆེང་ཌུ། རྒྱ་ནག། Chendu, China

༉ ཆེང་ཌུ་འདི་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ཨང་ལྔ་པ་ཨིན་པས། ཁྲོམ་ཚོགས་འདི་ རྒྱ་ནག་གི་ལྷོ་ནུབ་སི་ཅུཝན་མངའ་སྡེ་གི་ལྟེ་བ་ཨིནམ་དང་ ས་བཅུད་ཆེ་བའི་ཆེང་ཌུ་ཐང་གུར་ཆགས་ཡོདཔ་ཨིན། ཁྲོམ་སྡེ་འདི་མངའ་སྡེའི་ཡན་ལག་ཁྲོམ་གྱི་གྲངས་སུ་ཚུདཔ་ཨིན། [༡]འཛམ་གླིང་ནང་ སོ་ནམ་ཞིང་ལཱ་འབད་མི་གི་མི་རློབས་སྟུག་དྲགས་ཡོད་པའི་གྲས་ལས་ཅིག་ཨིན་པས། [༢]ཁྲོམ་ཚོགས་དེ་ནང་ སའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༡༢.༣ ཡོདཔ་མ་ཚད་ མི་རློབས་ ས་ཡ་ ༡༡ ལས་ལྷག་སྟེ་ཡོདཔ་སྦེ་བཀོད་ཡོདཔ་ཨིན། [༣]ཝི་ཀི་པི་ཌི་ཡ་ (༢༠༢༥) དང་འཁྲིལཝ་ད་ སྤྱི་ལོ་ ༢༠༢༠ གི་མི་རྩིས་ནང་ ཁྲོམ་ཚོགས་ནང་ མི་རློབས་ ༢༠,༩༣༧,༧༥༧ ཡོདཔ་སྦེ་ཐོན་ནུག། དེ་ལས་བརྟེན་ཁྲོམ་འདི་ རྒྱ་ནག་གི་ཁྲོམ་ཚོགས་ལས་ མི་རློབས་ལེ་ཤ་ཡོད་པའི་ཁྲོམ་ཨང་བཞི་པའི་ནང་ཚུདཔ་ཨིན་པས། [༤]ཁྲོམ་ཚོགས་འདི་དངལ་ཕུའི་ཁྲོམ་ཚོགས་འབདཝ་ལས་ ལོ་ངོ་ ༣༡༠༠ གི་བྱུང་རབས་ཡོདཔ་དང་ ས་གནས་ཀྱི་མིང་འདི་ད་ལྟོ་ཡོང་མ་སོར་བར་ ལོ་ངོ་ ༢༠༠༠ དེ་ཅིག་སོང་ཡོདཔ་ཨིན།[༥]
ཁྲོམ་འདི་བརྒྱུད་འབྲེལ་ཁག་ཆེཝ་འཐབ་སའི་ལྟེ་བ་ཅིག་སྦེ་སྡོད་ཡོདཔ་དང་ བཟོ་གྲྭ་འཕྲུལ་ཁང་གི་ལྟེ་བ་ཅིག་ཡང་ཨིན་པས། དེ་བཟུམ་སྦེ་ ལམ་སྲོལ་སྦོམ་ཤོས་ཀྱི་ལྟེ་བ་ལུ་འགྱུར་བཞིན་ཡོདཔ་དང་ ཁྲོམ་ཚོགས་ནང་ སི་ཅུཝན་གཙུག་ལག་སློབ་སྡེ་བརྩིས་ཏེ་ གཞན་མི་གཙུག་ལག་སློབ་སྡེ་ལེ་ཤ་ཡོདཔ་ཨིན་པས། སྨན་དང་ཚན་རིག་ ས་ཁོམས་རིག་པ་ དཔལ་འབྱོར་རིག་པའི་གཙུག་སྡེ་ཚུ་ཡོད་པའི་ཁར་ སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ་ འགྲེམས་སྟོང་ཁང་ འཕྲུལ་རིག་གི་སློབ་སྦྱོང་ལྟེ་བ་ཚུ་ཡོདཔ་ཨིན།[༢]
ཁྲོམ་འདི་ཆེང་ཌུ་ཨ་ཅོ་གདོང་དཀར་སྦོམ་བསྲེ་སྦྱོར་གི་གཞི་རྟེན་ཞིབ་འཚལ་འབད་ས་ཅིག་ཨིན་དགོ་མི་དེ་ཡང་ ཁྲོམ་ཚོགས་དེ་ནང་གི་ནགས་ཚལ་ནང་ ཨ་ཅོ་གདོང་དཀར་སྦོམ་ཡོདཔ་དང་ སེམས་ཅན་འདི་འཛམ་གླིང་གི་ལྟ་བཤལཔ་དང་ཞིབ་འཚོལ་པ་ཚུ་གིས་ ལྟ་སྐོར་འབད་བར་འོང་སའི་གནད་དོན་ཅིག་ལུ་གྱུར་ཡོདཔ་ཨིན་པས། ཁྲོམ་ནང་ལས་ བཞེས་སྒོ་ཚུ་མ་འདྲཝ་དང་ བྲོཝ་ཞིམ་ཚུ་འཐོབ་མི་ལས་བརྟེན་ཏེ་ འཛམ་གླིང་སྤྱི་ཚོགས་ཤེས་ཡོན་དང་ཚནརིག་ལམ་སྲོལ་ཚོགས་སྡེ་གིས་ ཁྲོམ་དེ་ལུ་ ཟས་སྤྱོད་རིག་པའི་ཁྲོམ་ཟེར་ཆ་བཞག་ཡོདཔ་ཨིན། ཆེང་ཌུ་ལུ་རྡིག་ཤོས་ཅིག་འདི་ ཟ་ཁང་ནང་ལས་ བཞེས་སྒོ་རང་གི་སྦེ་བཙོ་སྟེ་ཟ་ནི་འདི་ཨིནམ་དང་ ཇ་རིགས་མ་འདྲཝ་འཐུང་ནི་ དེ་ལས་ བཞེས་སྒོ་ནང་ཐིང་ངེ་དང་ཁ་ཚའི་རྫས་བླུག་ནི་ཚུ་ལས་བརྟེན་ ཡོངས་གྲགས་ཡོདཔ་ཨིན།[༡] ས་གནས་དེ་ཁ་ར་ རང་བཞིན་ཐོན་སྐྱེད་ཚུ་གིས་ཕྱུག་སྟེ་ཡོདཔ་དང་ ས་གཏེར་དང་ས་བཅུད་ཚུ་ལྡནམ་ལས་ ས་ཞིང་ཚུ་ཡང་སོ་ནམ་ཞིང་ལཱ་གི་དོན་ལུ་བཅུད་དང་ལྡནམ་སྦེ་ཡོདཔ་ཨིན། དེ་ལས་ཁྲོམ་ཁར་ ལྟདམོ་དང་ལས་རིམ་སྣ་ཚོགས་ཚུ་དངོས་མཐོང་སྦེ་ཕུལ་དོ་ཡོདཔ་ལས་ ལྟ་བཤལཔ་དང་ནང་འཁོད་ཀྱི་མི་སེར་གྱི་དོན་ལུ་ སྤྲོ་སང་གི་གཞི་ཅིག་ཨིན་པས། སངས་རྒྱས་ཀྱི་སྐུ་འདྲ་སྦོམ་རྡོ་གིས་སྦེ་བྱག་གུར་བརྐོ་སྟེ་བཟོ་ཡོད་མིའདི་ མཇལ་ནི་ཡོད་པའི་ཁར་ ནང་པ་དང་ཊེ་ཝི་ཟམ་གྱི་ལམ་སྲོལ་ཚུ་མཐོང་ཚུགས་ནི་ཨིན་པས། དེ་བཟུམ་སྦེ་ དང་ཕུའི་ཁྲོམ་རྙིངམ་ནང་ ཧེ་མའི་མཐོང་སྣང་སྤྲོ་བ་ལེན་ཚུགས་ནི་ཨིནམ་མ་ཚད་ དེང་སང་གི་འགྲོ་ལུགས་དང་བསྟུན་པའི་ཁྲོམ་གྱི་གཞི་བཀོད་རིངམོ་དང་སྦོམ་ སྤྲོ་སྣང་ཆེཝ་ ཧ་ལས་སི་སི་ཚུ་ཡང་ཡོདཔ་ཨིན་པས། དེ་ལས་ཚོང་ཉོ་བཙོང་གི་དོན་ལུ་ཁྲོམ་ཆེ་ཆུང་ཚུ་ཡོདཔ་ཨིན། དེ་ལས་ ཁྲོམ་ཚོགས་ནང་གཅིག་གི་གཅིག་གི་བར་འབྲེལ་བ་འཐབ་ནིའི་དོན་ལུ་བརྒྱུད་འབྲེལ་འཐབ་ནིའི་དོན་ལུ་ རེལ་ལི་དང་སྣུམ་འཁོར་ གནམ་གྲུ་ མེ་ཊོ་རེལ་ལི་གི་ཞབས་ཏོག་ཚུ་ཡོདཔ་ཨིན།
རྒྱབ་ཁུངས་དཔེ་དེབ།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༣) ཆེང་ཌུ། https://simple.wikipedia.org/wiki/Chengdu ནང་ལས་ཐོབ་ཡོདཔ་ཨིན།
- 1 2 བིརི་ཊ་ནི་ཀ། (༢༠༢༥) ཆེང་ཌུ། https://www.britannica.com/place/Chengdu ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཅཱའེ་ན་ཊ་ཝཱལ་གའེཌ། (༢༠༢༥) ཆེང་ཌུ་ལམ་འགྲུལ་གྱི་ལམ་སྟོན། https://www.travelchinaguide.com/cityguides/chengdu.htm ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༣) ཆེང་ཌུ། https://en.wikipedia.org/wiki/Chengdu ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༣) ཆེང་ཌུ་མ་འགྱོ་བའི་གོང་ལུ་ཤེས་དགོཔ་བདེན་གཏམ་ ༡༠། https://www.chinahighlights.com/chengdu/chengdu-facts.htm ནང་ལས་ཐོབ་ཡོདཔ་ཨིན།