ཆོས་རྒྱལ་ཁྲི་སྲོང་ལྡེའི་བཙན། King Thrisong Detsen
༉ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འདི་བོད་ཀྱི་རྒྱལ་ཁབ་ནང་ལུ་ནང་པའི་ཆོས་གཞི་བཙུགས་མཛད་མི་ ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་ཆོས་ཀྱི་རྒྱལ་པོ་གཉིས་པ་སྦེ་ཆ་འཇོག་འབདཝ་ཨིན། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་འདི་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་དངོས་སྦེ་ཆ་བཞགཔ་ཨིན་མས། ཆོས་རྒྱལ་མཆོག་སྤྱི་ལོ་ ༧༤༢ གནམ་ལོ་ཆུ་ཕོ་རྟ་ལོ་ལུ་ ཡབ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་དང་ ཡུམ་སྣ་ནམ་བཟའ་མང་མོ་གཉིས་ཀྱི་སྲས་ལུ་སྐུ་འཁྲུངས་ནུག། ཆོས་རྒྱལ་ཆེན་པོ་སྐུ་འཁྲུངས་ཏེ་དགུང་ལོ་བཅུ་གསུམ་བཞེསཔ་ད་ལུ་ ཡབ་ཁྲི་ལྡེ་གཙུག་བརྟན་ཨག་ཚོམ་འདི་དགོངས་པ་རྫོགས་ཏེ་ རྒྱལ་པོའི་ཁྲི་ཐོག་ཁར་བྱོན་ཞིན་ན་ བོད། རྒྱ་ནག་དང་བལ་ཡུལ་ལས་གསང་ཡུམ་རེ་བཞེས་ཏེ་ བོད་ཀྱི་ཆབ་སྲིད་བསྐྱངས་དགོཔ་ཐོན་ནུག། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ ༢༠ བཞེསཔ་ད་ སྔོན་མའི་བག་ཆགས་བཟང་པོ་ཐུགས་ཁར་འཁྲུངས་ཏེ་ རྒྱལ་ཁབ་ནང་ལུ་དམ་པའི་ཆོས་ཀྱི་གཞི་འདི་ ཁོ་རའི་མེས་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ མི་རབས་གཉིས་ཀྱི་ཧེ་མར་ལྷ་ཁང་ ༡༠༨ བཞེངས་ཏེ་ ནང་པའི་བསྟན་པ་རིན་པོ་ཆེ་གི་རྨང་གཞི་བཙུགས་ཡོདཔ་གཟིགས་ཏེ་ ནང་པའི་བསྟན་པ་གཞི་མ་བཙུགས་ནིའི་དོན་ལུ་ བློན་པོ་ཚུའི་རེ་འདོད་དང་མ་འཁྲིལ་བར་ ནཱ་ལེནྜ་གི་ཡོངས་གྲགས་ཅན་གྱི་འདུལ་འཛིན་མཁས་པ་ཆེན་པོ་ མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུ་བར་བོད་ཀྱི་ཛྙ་ཀུ་མ་ར་འདི་བཏང་ནུག། མཁན་པོ་ཤཱན་ཏ་རཥི་ཏ་དེ་བསྒང་དགུང་ལོ་བགྲེས་རུང་ བོད་ཀྱི་ཆོས་རྒྱལ་ཆེན་པོའི་ཐུགས་འདོད་སྒྲུབ་ནི་ལུ་རྒྱབ་སྐྱོར་མཛད་ནི་དོན་ལུ་ བོད་ལུ་བྱོན་ཏེ་བོད་ཀྱི་ས་གཞི་ཚུ་བྱིན་གྱིས་བརླབས་ཏེ་དམ་པའི་ཆོས་དར་ཁྱབ་མཛད་ནིའི་དོན་ལུ་ བསམ་ཡས་ཀྱི་གཙུག་ལག་ཆེན་པོ་བྱིན་བརླབས་ཏེ་དམ་ཆོས་སྤེལ་ནི་འགོ་བཙུགས་གནང་ནུག།
ཤུལ་ལས་མཁན་ཆེན་ཞི་བ་འཚོ་འདི་ སྐུ་ན་བགྲེས་པའི་ཁར་ ཐུགས་བྱང་ཆུབ་སེམས་པའི་རང་བཞིན་ཨིན་པའི་སྟབས་ཀྱིས་ བོད་བསམ་ཡས་ཀྱི་འདྲེ་གདུག་པ་ཅན་ཚུ་བཏུལ་མ་ཚུགསཔ་ཞལ་བཞེས་མཛད་དེ་ རྒྱ་གར་ཨོ་ཌི་ཡ་ན་ལུ་ས་གསུམ་ནང་འགྲན་པའི་དོ་ཟླ་དང་བྲལ་བའི་སྔགས་འཆང་གི་བདག་པོ་ པདྨ་བསམ་བྷ་ཝ་དང་ཚེ་སྔོན་གྱི་སྨོན་ལམ་ཡོདཔ་ལས་ འཕྲལ་ར་གདན་འདྲེན་ཞུ་དགོ་པའི་ལུང་བསྟན་གནང་ནུག། དེ་གི་སྐབས་ལུ་བོད་ལུ་བོན་ཆོས་འདི་དར་ཏེ་ཡོདཔ་ལས་ དེ་ཚུ་གིས་རྒྱབ་འགལ་འབད་དེ་བཀག་རྐྱབ་རུང་ཡང་ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གསན་མ་བཏུབ་པར་མི་ལྔ་ ཨོ་རྒྱན་གུ་རུ་འཚོལ་ཏེ་གདན་འདྲེན་ཞུ་བར་བཏང་ནུག། དཀའཝ་ལེ་ཤ་སྤྱད་ཏེ་མཐའ་མཇུག་ལུ་བོད་ཀྱི་རྒྱལ་ཁབ་ནང་ལུ་ཕེབས་པའི་སྐབས་ ཆོས་རྒྱལ་ཆེན་པོ་དང་འགོ་དང་པ་མཇལ་ཕྲད་མཛད་པའི་ལེགས་ཤོམ་མ་སོང་པས། དེ་ཡང་ཆོས་རྒྱལ་གྱི་ཐུགས་ཁར་ཁོ་བོད་ཀྱི་ཆོས་རྒྱལ་ཆེན་པོ་ཨིནམ་ལས་ གུ་རུ་གིས་ཁོ་ལུ་ཕྱག་འཚལ་དགོ་པའི་ཐུགས་འདོད་དང་འཁྲིལ་ཏེ་ སྔགས་འཆང་གི་བདག་པོ་པདྨ་བསམ་བྷ་ཝ་གིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བའི་རྣམ་པ་མཛད་པའི་སྐབས་ སློབ་དཔོན་གྱིས་རྒྱལ་པོ་འདི་ང་རྒྱལ་ཞི་བཅུག་ནི་དོན་ལུ་ སློབ་དཔོན་གྱི་ཕྱག་ལས་མེ་འབར་ཏེ་རྒྱལ་པོའི་ན་བཟའ་འཚིག་པའི་རྫུ་འཕྲུལ་མཛད་དེ་ ཆོས་རྒྱལ་གྱི་ང་རྒྱལ་ཞི་བར་མཛད་དེ་མཐར་པདྨ་བསམ་བྷ་ཝ་ལུ་ཕྱག་འཚལ་དགོཔ་ཐོན་ནུག།
དེ་ལས་ཚུར་བོད་ཀྱི་ཆོས་རྒྱལ་ཆེན་པོའི་རྒྱུ། མཐུ་སྟོབས་དང་ཤན་ཤུགས་དང་ རྒྱ་གར་གྱི་མཐུ་སྟོབས་ཀྱི་བདག་པོ་སློབ་དཔོན་པདྨ་བསམ་བྷ་ཝའི་མཁྱེན་རྒྱ་དང་རིག་རྩལ་ལུ་བརྟེན་ཏེ་མཁན་ཆེན་ཞི་བ་འཚོ་དང་གཅིག་ཁར་ བོད་ཀྱི་རྒྱལ་ཁབ་འདི་ནང་པའི་ཆོས་ལྡན་གྱི་རྒྱལ་ཁབ་གཅིག་ལུ་གཞི་བསྒྱུར་མཛད་ནི་གི་ཕྱག་ལཱ་འགོ་བཙུགས་གནང་ནུག། དེ་ལས་བོད་བསམ་ཡས་ལུ་བར་ཆད་རྐྱབ་པའི་འདྲེ་བདུད་གདུག་པ་ཅན་ མཁན་པོ་ཞི་བ་འཚོ་གིས་བཏུལ་མ་ཚུགས་མི་ཚུ་ག་ར་བཏུལ་ཏེ་གུ་རུ་གིས་མཐུ་དང་ནུས་པའི་འོག་ལུ་བཙུགས་ཏེ་ བསམ་ཡས་ལྷ་ཁང་ཡང་ཉི་མ་མི་གིས་བཞེངས་མི་བ་ལྷག་སྟེ་ཕྱི་རུ་ལྷ་འདྲེ་ཚུ་གིས་བཞེངས་ཏེ་ མགྱོགས་སུ་ཅིག་སྦེ་སྒྲུབ་ཚུགས་ནུག། དེ་གི་ཤུལ་ལས་བསམ་ཡས་མི་འགྱུར་གླིང་གི་གཙུག་ལག་ཁང་ཆེན་མོ་འདི་ རབ་གནས་རྒྱས་ཤིང་རྒྱསཔ་སྦེ་གནང་ཚར་བའི་ཤུལ་ལུ་ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཱཻ་རོ་ཙ་ན་གི་གཙོས་པའི་བོད་ཀྱི་ལོ་ཙཱ་བ་དང་ རྒྱ་གར་གྱི་པཎ་ཌི་ཏ་དང་ལོ་ཙཱ་བ་ཚུ་ གཙུག་ལག་ཁང་ཆེན་མོ་འདི་ནང་གདན་འདྲེན་ཞུ་སྟེ་ རྒྱ་གར་གྱི་རྒྱལ་ཁབ་ནང་བཞུགས་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་ རྗེ་འཇུག་མཁས་པ་ཚུ་གི་བསྟན་བཅོས་ཡོད་དགུ་ཅོག་བོད་སྐད་ནང་ལུ་བསྒྱུར་ནི་འགོ་བཙུགས་གནང་ཞིནམ་ལས་ཚུར་ སངས་རྒྱས་ཀྱི་བསྟན་པ་འདི་བོད་ཀྱི་རྒྱལ་ཁབ་གི་མ་ཚད་པར་འཛམ་གླིང་ནང་ལུ་སྤེལ་གནང་སྟེ་ བོད་ལུ་སངས་རྒྱས་ཀྱི་བསྟན་པ་སྤེལ་མི་གཙོ་བོ་མཁན་སློབ་ཆོས་གསུམ་ཟེར་ཡོངས་གྲགས་སོང་ནུག། དེ་ལས་གུ་རུ་པདྨ་བསམ་བྷ་ཝ་དང་མཁན་ཆེན་ཞི་བ་འཚོ་རྒྱ་གར་ལུ་ལོག་ཕེབས་པའི་ཤུལ་ལས་ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ལོ་ཆེན་བཱཻ་རོ་ཙཱ་ན་དང་གུ་རུ་གི་སློབ་མ་ནམ་མཁའི་སྙིང་པོ་ལས་ ཆོས་དང་གདམས་ངག་ཚུ་ཞུ་སྟེ་སྒོམ་སྒྲུབ་མཛད་མི་ལུ་བརྟེན་ཏེ་ སངས་རྒས་ཀྱི་གོ་འཕང་ཐོབ་སྟེ་སྐུ་གཟུགས་ཀྱི་ལྷའི་མཎ་ཌ་ལུ་བསྒྱུར་ཏེ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ལུ་ཐོགས་ཆགས་མེད་པར་བྱོན་པར་མཛད་ནུག། ཆོས་རྒྱལ་ཁྲི་སྲོང་ལྡིའུ་བཙན་འདི་གུ་རུ་པདྨ་བསམ་བྷ་ཝ་གིས་ཚེའི་དངོས་གྲུབ་ལུ་བརྟེན་ཏེ་སྐུ་ཚེ་ ༦༩ བཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་གཞི་བཙུགས་མཛད་དེ་དར་ཁྱབ་བཏང་གནང་ནུག། (མཁྱེན་བརྩེ་གཞི་ཚོགས། གནམ་ལོ་མེད། སྤྱི་ལོ་ ༢༠༠༥)
ཆོས་རྒྱལ་ཁྲི་སྲོང་ལྡིའུ་བཙན་ལུ་སྲས་བཞི་འཁྲུངས་མི་ཡང་ མུ་ཁྲི་བཙན་པོ། མུ་ནེ་བཙན་པོ། མུ་ཏིག་བཙན་པོ་དང་བཙད་ནག་ལེགསི་ཚུ་ཨིན་མས། ཆོས་རྒྱལ་གྱི་སྲས་སྦོམ་ཤོས་མུ་ཁྲི་བཙན་པོ་འདི་སྐུ་ན་ཆུང་ལས་ར་གྱོངས་ཏེ་ སྤྱིར་བཏང་དུས་བསྐལ་ ༧༩༧ ནང་ལུ་རྒྱལ་སྲས་གཉིས་པ་མུ་ནེ་བཙན་པོ་འདི་ཆོས་རྒྱལ་གྱི་ཕྱག་འགན་རྩིས་སྤྲོད་དེ་ ཆོས་རྒྱལ་མཆོག་གཟུངས་སྐར་ཕོ་བྲང་ནང་ལུ་བཞུགས་ནུག། ཨིན་རུང་ཆོས་རྒྱལ་ཁྲི་སྲོང་ལྡིའུ་བཙན་གཤགས་པའི་ཤུལ་ལས་ རྒྱལ་བརྒྱུད་འཛིན་མིའི་ཐད་ཁར་འཛིང་འཁྲུག་ཐོན་ཡོད་པའི་ལོ་རྒྱུས་འདུག། མུ་ནེ་བཙན་པོ་ལུ་རྒྱལ་བརྒྱུད་འཛིན་པའི་སྲས་མ་འཁྲུངས་ནི་དེ་གིས་རྒྱལ་ཁྲི་འདི་ནུ་གཅུང་བཙད་ནག་ལེགསི་ལུ་ སྤྱིར་བཏང་དུས་བསྐལ་ ༨༠༤ ལུ་སྤྲོད་ཡོདཔ་ཨིན་མས། དེ་ཡང་མུ་ཏིག་བཙན་པོ་ལུ་རྒྱལ་ཁྲི་མ་སྤྲོད་མི་དེ་ཡང་ ཁོ་གིས་བློན་པོ་གོངམ་ཅིག་བཀྲོངས་ནི་དེ་གིས་ཨིན་མས། དོ་རུང་ལོ་རྒྱུས་གཅིག་གིས་ མུ་ནེ་བཙན་པོ་འདི་ཁོ་གི་ཨམ་སྲུ་འཇའ་རིསམོ་ཡོད་ནི་དེ་གིས་ ཁོ་རའི་ཨའི་གིས་བཀྲོངས་པའི་ལོ་རྒྱུས་ཡང་བཤད་དེ་འདུག། (ཝི་ཀི་པི་ཌི་ཡ)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡. མཁྱེན་བརྩེ་གཞི་ཚོགས། ཆོས་རྒྱལ་སྐྱབས་འཛིན་ ༦ པ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། གནམ་ལོ་མེད། སྤྱི་ལོ་ ༢༠༠༥། ཡོངས་འབྲེལ་ཁ་བྱང་། https://khyentsefoundation.org/part-vi-king-trisong-deutsen/
༢. ཝི་ཀི་པི་ཌི་ཡ།