Jump to content

ཆོས་སྡེ་ལྷན་ཚོགས། Chhoedhey Lhentshog

Wikipedia ལས།

ངོ་སྤྲོད།

[ཞུན་དག]

ཆོས་སྡེ་ལྷན་ཚོགས་འདི་སྤྱི་ལོ་ ༡༩༨༠ ལོ་གྲངས་ལུ་གཞི་བཙུགས་འབད་ནུག། ཧེ་མ་ལྷན་ཚོགས་འདི་ སྤྱི་ལོ་ ༡༩༨༥ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༣༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ང་བཅས་རའི་རྒྱལ་ཁབ་ཀྱི་རིག་གཞུང་དང་ལམ་སྲོལ་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་དང་དར་ཁྱབ་གཏང་ནིའི་འཁན་དབང་དང་གཅིག་ཁར་ ལམ་སྲོལ་གྱི་དམིགསབསལ་གྱི་ལྷན་ཚོགས་ཅིག་སྦེ་གཞི་བཙུགས་འབད་དགོ་པའི་བཀའ་ཤོག་གནང་སྟེ་འགོ་བཙུགས་ཡོདཔ་ཨིན་མས། མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བའི་གཞི་འགྱམ་གཙོ་བོ་ཅིག་ ང་བཅས་རའི་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་འདི་མི་ཉམས་རྒྱུན་སྐྱོང་དང་དར་ཁྱབ་གཏང་དགོ་ཟེར་ཡོདཔ་ལས་ ང་བཅས་རའི་རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་ཚུ་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སོར་ཆུད་ཀྱི་ཕྱགལ་ལཱ་ཚུ་ལྷན་ཚོགས་འདི་གིས་གཙོ་བོར་བཏོན་གནང་ཡོདཔ་ཨིན་མས། ལྷན་ཚོགས་འདི་ཧེང་སྐལ་ར་གོང་འཕེལ་གཏང་ཐབས་ལུ་ སྤྱི་ལོ་ ༡༩༩༥ ལུ་སྲོལ་འཛིན་ལྷན་ཚོགས་ཟེར་འཐུས་མི་ ༡༥ འབད་མི་བློན་པོ་ལྷན་ཚོགས་འདི་ལོག་གཞི་བཙུགས་འབད་ནུག། བཀོད་ཁྱབ་ཀྱི་དབང་ཚད་འདི་ཧྲམ་བཏང་སྟེ་ སྲོལ་འཛིན་ལྷན་ཚོགས་ལུ་གནང་སྟེ་ལམ་སྲོལ་གྱི་དམིགས་བསལ་ལྷན་ཚོགས་འདི་ ལོག་འཐུས་མི་ ༡༥ འབད་མི་ལོ་ངོ་གསུམ་གྱི་རིང་ལུ་ལྷན་ཚོགས་ཐེངས་ ༣ པ་འདི་སྤྱི་ལོ་ ༡༩༩༨ སྤྱི་ཟླ་ ༦ པ་ལུ་ལོག་གཞི་བཙུགས་འབད་ནུག། དེ་བསྒང་སྣང་སྲིད་བློན་པོ་ཕྲིན་ལས་རྒྱ་མཚོ་འདི་སྲོལ་འཛིན་ལྷན་ཚོགས་འདི་གི་གཙོ་འཛིན་མཛད་ཡོདཔ་ཨིན་མས།

གཞི་བསྒྱུར།

[ཞུན་དག]

དེ་ལས་གཞུང་གི་ལས་སྡེ་ཚུ་གཞི་བསྒྱུར་འབད་བའི་སྐབས་ལུ་ སྲོལ་འཛིན་ལྷན་ཚོགས་འདི་ལོག་མིང་སོར་ཏེ་ལམ་སྲོལ་རྒྱལ་ཡོངས་ལྷན་ཚོགས་ཟེར་བཏགས་ནུག། དེ་ལས་དེ་གི་ཤུལ་ལས་ཡང་སྤྱི་ལོ་ ༢༠༠༣ ལུ་སྣང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་འོག་ལུ་ ལམ་སྲོལ་ལས་ཁུངས་ཅིག་སྦེ་བཟོ་གནང་སྟེ་ ལས་ཁུངས་དེ་གི་གཤམ་ལུ་འཁོད་དེ་ཡོད་མི་དམིགས་ལཱ་ཚུ་ལུ་གཙོ་བོར་བཏོན་ཡོདཔ་ཨིན་མས།

འགན་ཁུར།

[ཞུན་དག]

༡༽ དངོས་མཐོང་དང་དངོས་མེད་ལམ་སྲོལ་དང་འབྲེལ་བའི་སྲོལ་རྒྱུན་ཚུ་ག་ར་ཉམས་སྲུང་འབད་དེ་གོང་འཕེལ་དང་དར་ཁྱབ་གཏང་ནི།

༢༽ ལམ་སྲོལ་གྱི་གལ་ཅན་གྱི་བརྡ་རྟགས་གོང་འཕེལ་དང་འཕྲོ་མཐུད་ཚུ་རྒྱབ་སྐྱོར་འབད་ནི།

༣༽ ལམ་སྲོལ་དང་འབྲེལ་བའི་ཐོན་ཁུངས་སྣ་ཚོགས་འཛིན་སྐྱོང་འབད་དེ་ དེ་ཚ་གི་ཡུན་བརྟན་གོང་འཕེལ་ངེས་གཏན་བཟོ་ནི།

༤༽ ལམ་སྲོལ་དང་འབྲེལ་བའི་སྲོལ་རྒྱུན་ཚུ་ག་ར་ང་བཅས་རའི་རྒྱལ་ཡོངས་གོང་འཕེལ་གྱི་ལས་སྣ་ཚུ་དང་གཅིག་སྒྲིལ་བཟོ་ནི།

༥༽ ལམ་སྲོལ་གྱི་ཞིབ་འཚོལ་ཚུ་གོང་འཕེལ་གཏང་ནི་ལུ་རྒྱབ་སྐྱོར་འབད་ནི།

འབྲུག་གི་ཚོགས་ཐེངས་ ༨༧ པའི་ནང་ཆ་འཇོག་གྲུབ་མི་ཆོས་སྡེའི་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་འཁྲིལཝ་ད་ཆོས་སྡེ་ལྷན་ཚོགས་ཀྱི་བྱ་སྒོ་དང་ཕྱག་འགན་འགྲུབ་ནིའི་དོན་ལུ་ ཡིག་ཚང་ཅིག་ གཞི་བཙུགས་འབད་དགོ་ཟེར་འཁོད་དེ་ཡོདཔ་བཞིན་དུ་ ཆོས་སྡེ་ལྷན་ཚོགས་ཀྱིས་ཞི་གཡོག་བཅའ་ཁྲིམས་དང་སྒྲིག་གཞི་ལྟར་དུ་ ཞི་གཡོགཔ་བཙུགས་ཏེ་ཡོད་པའི་བདག་སྐྱོང་འདུས་ཚོགས་ཅིག་གིས་ རྒྱབ་སྐྱོར་འབད་དགོ་ཟེར་འཁོད་དེ་ཡོདཔ་ཨིན་པས།

ཨིན་རུང་ཡང་ལྷན་ཚོགས་ཀྱི་ཡིག་ཚང་འདི་སྤྱི་ལོ་ ༢༠༠༩ ལུ་རྐྱངམ་གཅགི་འགོ་འཛིན་གཅིག་དང་ལས་རོགསཔ་གཅིག་སྦེ་འགོ་ཐོག་གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༡༨ ལས་ཚུར་ཡིག་ཚང་ནང་ལུ་ལས་རིམ་འགོ་དཔོན་གཙོ་འཛིན་དང་ལས་རིམ་འགོ་དཔོན་ དེ་ལས་བདག་སྐྱོང་ལས་རོགསཔ་ཚུ་འབད་དེ་ཡིག་ཚང་དེ་ཡང་རྒྱལ་ཡོངས་དཔེ་མཛོད་ཁང་ནང་ལུ་གཞི་བཙུགས་འབད་ཡོདཔ་ཨིན་པས།

མཇུག་སྡུད།

[ཞུན་དག]

ཆོས་སྡེའི་བཅའ་ཁྲིམས་དང་འཁྲིལཝ་ད་ ཆོས་སྡེ་ལྷན་ཚོགས་ཀྱི་ཁྲི་འཛིན་འདི་འབྲུག་མི་རྗེ་བློན་ཆེན་གྱིས་བསྐོ་བཞག་གནང་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་གཅིག་དང་ གོ་གནས་ལུ་བརྟེན་པའི་ཆོས་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྦེ་ དགེ་འདུན་གྲྭ་ཚང་གི་གཙུག་ལག་སློབ་དཔོན་དང་ དེ་ལས་རྒྱལ་ཡོངས་ཚོགས་སྡེ་གིས་གདམ་ཁ་གྲུབ་པའི་ཁྱད་ལྡན་གྱི་མི་ངོ་ལྔའི་གྲས་ལས་འཐུས་མི་གཅིག། རྙིང་མའི་ཆོས་སྡེའི་བླམ་ཚུ་གིས་གདམ་ཁ་གྲུབ་པའི་ཁྱད་ལྡན་གྱི་སྤྲུལ་སྐུ་ཡང་ན་མཁན་པོ་དང་ཡང་ན་བླམ་གཅིག་དང་ ཨ་ནེམོ་ཆོས་སྡེ་ཚུ་གིས་གདམ་ཁ་གྲུབ་པའི་ཁྱད་ལྡན་གྱི་ཨ་ནེམོ་གཅིག། ཧིན་དུ་དྷརྨིག་ས་མུདྷའི་པཎཌི་གིས་གདམ་ཁ་གྲུབ་པའི་ཁྱད་ལྡན་གྱི་པཎཌིཌ་གཅིག་དང་ དེ་ལས་དངུལ་རྩིས་བློན་པོ་གིས་གདམ་ཁ་གྲུབ་པའི་དངུལ་རྩིས་ལྷན་ཁག་ལས་ རྒན་རིམ་མཐོ་ཤོས་ཀྱི་འགོ་འཛིན་པ་གཅིག་དང་ དེ་ལས་གོ་གནས་ལུ་བརྟེན་པའི་འཐུས་མི་དྲུང་ཆེན་སྦེ་ནང་སྲིད་ལྷན་ཁག་གི་ ནང་སྲིད་མདོ་ཆེན་ཚུ་ཚུདཔ་ཨིན་པས། ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེའི་ཁྲི་འཛིན་ཚུ་གི་ཞལ་འཛོམས་འདི་རྒྱལ་ས་ལྟེ་བ་ལུ་སྦེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས། ཆོས་སྡེ་ལྷན་ཚོགས་ནང་ལུ་ད་ལྟོ་ཚུན་ཚོད་ཀྱི་བར་ན་ འབྲུག་གི་ཆོས་སྡེ་ཁག་ ༡༣༩ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས། (ཚེ་རིང་རྣམ་རྒྱལ། ཆོས་སྡེ་ལྷན་ཚོགས་ལུ་རང་དབང་གི་ཡིག་ཚང་དགོ་པའི་ཞུ་བ། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཀུན་གསལ། ཐིམ་ཕུག)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡. སྣང་སྲིད་ལྷན་ཁག། ལས་ཁུངས་ཀྱི་བྱུང་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༡༧-༢༠༢༢། འབྲུག་གཞུང་། ཡོངས་འབྲེལ། https://www.moha.gov.bt/?page_id=179

༢. ཚེ་རིང་རྣམ་རྒྱལ། ཆོས་སྡེ་ལྷན་ཚོགས་ལུ་རང་དབང་གི་ཡིག་ཚང་དགོ་པའི་ཞུ་བ། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཀུན་གསལ། ཐིམ་ཕུག།