Jump to content

ཆོས་སྲིད་གཉིས་ལྡན་གྱི་གཞུང་། The Dual Governance

Wikipedia ལས།

ངོ་སྤྲོད།

[ཞུན་དག]

དེ་ཡང་དུས་རབས་ ༧ པའི་སྔ་གོང་ལུ་ང་བཅས་རའི་རྒྱལ་ཁབ་འདི་ནང་ནང་པའི་ཆོས་ཀྱི་བསྟན་པ་འདི་མ་དར་བར་ རྒྱལ་ཁབ་ཀྱི་མིང་ཡང་ཡོངས་གྲགས་ལུ་ལྷོ་མཱོན་ལྗོངས་ཟེར་དར་ཁྱབ་སོང་སྡོད་ནུག། ཨིན་རུང་ཡང་དུས་རབས་ ༨ པའི་ནང་ལུ་གུ་རུ་པདྨ་བསམ་བྷ་ཝ་འདི་འབྲུག་རྒྱལ་ཁབ་ནང་ལུ་བྱོན་ཞིནམ་ལས་ དམ་པའི་ཆོས་ཀྱི་བསྟན་པ་གཞི་བཙུགས་མཛད་པའི་ཤུལ་ལས་རྒྱལ་ཁབ་དེ་ནང་མི་སྡེ། སྲིད་དོན། དཔལ་འབྱོར་དང་ལམ་སྲོལ་གྱི་འཕེལ་འགྱུར་ཚུ་ལུ་ཕན་རླབས་སྦོམ་བྱུང་ཡོདཔ་ཨིན། དེ་ཡང་དུས་རབས་ ༡༧ པའི་ནང་ལུ་ནང་པའི་མཁས་པའི་འགོ་ཁྲིདཔ་དང་དཔའ་མཛངས་ཅན་གྱི་གང་ཟག་གྱངས་ཁ་མེདཔ་བྱོན་ཏེ་ ལུང་པ་རེ་ལུ་རྒྱལཔོ་རེ་ཡོད་མི་སྲོལ་འདི་ཧྲམ་བཏང་སྟེ་རྒྱལ་ཁབ་གཅིག་སྒྲིལ་མཛད་དེ་ ཆོས་སྲིད་གཉིས་ལྡན་གྱི་ལྟབ་གཞི་བཙུགས་མཛད་གནང་ནུག། དེ་ཡང་སྲིད་ཀྱི་འཛིན་སྐྱོང་གི་དབུ་ཁྲིད་འདི་རྒྱལཔོ་གིས་མཛད་དགོཔ་དང་ ཆོས་ཕྱོགས་དང་འབྲེལ་བའི་དབུ་ཁྲིད་འདི་རྗེ་མཁན་གྱིས་མཛད་དགོ་པའི་ལམ་ལུགས་བཟང་པོ་འདི་འགོ་ཐོག་གཞི་བཙུགས་མཛད་གནང་ཡོདཔ་ཨིན། དུས་རབས་ ༡༧ པ་མཇུག་བསྡུ་ཁམས་ལུ་རྒྱལ་ཁབ་འདི་གི་ལམ་སྲོལ་གྱི་ངོ་རྟགས་གཞན་དང་མ་འདྲཝ་ཅིག་བྱུང་སྟེ་ རྒྱལ་ཁབ་ནང་ལུ་ཧེ་མ་བྱུང་མ་མྱོང་བའི་སྲིད་དོན་གྱི་ཞི་བདེ་བྱུང་ཡོདཔ་ཨིན།

བྱུང་རབས།

[ཞུན་དག]

དུས་རབས་ ༡༨ པའི་བར་ཁམས་ཅིག་ཁར་ཆོས་སྲིད་གཉིས་ལྡན་གྱི་གཞུང་སྐཡོང་ལམ་ལུགས་འདི་མར་ཉམས་ནི་འགོ་བཙུགས་ཡི། ས་གནས་ཀྱི་སྡེ་དཔོན་དང་རྒྱལ་ཁབ་སྐྱོང་མི་ཚུ་གིས་བར་ན་འཁྲུགས་རྩོད་དེ་གིས་ རྒྱལ་ཁབ་ཀྱི་གཅིག་མཐུན་འདི་ལུ་ཐོ་ཕོག་ནུག། དུས་རབས་ ༡༩ པའི་ཕྱེད་ཁམས་དེ་ཅིག་ཁར་སྲིད་དོན་ནང་ལུ་ ཕྱི་ཁའི་གནོད་ཉེན་འདི་གིས་རྒྱལ་ཡོངས་ཀྱི་འགོ་ཁྲིདཔ་སྒྲིང་སྒྲི་ཅིག་དགོཔ་འདི་ཧེང་སྐལ་ར་དགོཔ་ཐོན་ནུག། དེ་གིས་སྦེ་རྒྱལ་ཁབ་ནང་ལུ་ཞི་བདེ་དང་རྩ་བརྟན་འདི་ སྤྱི་ལོ་ ༡༩༠༧ ལུ་འབྲུག་མི་ཡོངས་ཀྱི་མགྲིན་གཅིག་ཐོག་ལས་ རྒྱལ་ཁབ་ཀྱི་མི་དབང་རིམ་བྱོན་སྦེ་ཁྲི་མངའ་གསོལ་འབད་བའི་ཤུལ་ལས་རྐྱངམ་གཅིག་ ལོག་ཁ་གསོ་འབད་ཚུགས་ནུག། རྒྱལ་བརྒྱུད་ཀྱི་རིང་ལུགས་གཞི་བཙུགས་མཛད་མི་དེ་གིས་རྒྱལ་ཁབ་ནང་ལུ་ ཞི་བདེ་དང་ཡུན་བརྟན་གསརཔ་ཡོད་པའི་དུས་ཚོད་ཅིག་བཟོ་ཡོདཔ་དང་ དམིགས་བསལ་གྱིས་རྒྱལ་ཁབ་འདི་དབང་འཛིན་ལྟེ་བའི་ཐོག་ལས་གཅིག་སྒྲིལ་ཅན་བཟོ་ཡོདཔ་མ་ཚད་ རྒྱལ་ཁབ་འདི་ཕྱིའི་རྒྱལ་ཁབ་དང་རིམ་གྱིས་མཐུན་འབྲེལ་འབད་ནི་གི་བྱ་རིམ་དང་དེང་སང་གི་རྒྱལ་ཁབ་ཀྱི་གཞི་རྟེན་གཞི་བཙུགས་འབད་དེ་ཡོདཔ་ཨིན།

དེ་ལས་འགོ་བཟུང་ང་བཅས་རའི་མི་དབང་རིམ་བྱོན་ཚུ་གིས་རྒྱལ་ཁབ་ནང་ལུ་བསམ་རྗོད་ལས་འདས་པའི་ཞི་བདེ་འདི་གཞི་བཙུགས་མཛད་དེ་ ཐབས་ཤེས་སྣ་ཚོགས་ཀྱིས་སྒོ་ལས་རྒྱལ་ཁབ་ཀྱི་རང་དབང་དང་ཞི་བདེ་འདི་རྩ་བརྟན་བཟོ་ཡོདཔ་ཨིན། ཁོང་ཆ་ཁྱབ་ཀྱིས་རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་གྱི་ཡར་འཕེལ་སྔར་ལས་ལྷག་སྟེ་བཏང་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་སྔར་སྲོལ་ལམ་ལུགས་ཡང་ཡར་དྲག་བཏང་ཡོདཔ་གིས་མ་ཚད་པར་ གཞུང་སྐྱོང་གི་དོན་ལུ་གལ་ཆེ་བའི་གཙུག་སྡེ་ཚུ་གཞི་བཙུགས་འབད་དེ་དར་ཁྱབ་ཅན་དང་གལ་གནད་ཆེ་བའི་སྲིད་དོན་གྱི་དོན་ལུ་གྲ་སྒྲིག་མ་བཏུབ་བུཏབ་སྦེ་རྐྱབ་ཡོདཔ་ཨིན་མས། དེ་ལས་སྤྱི་ལོ་ ༢༠༠༨ ལུ་རྒྱལ་བརྒྱུད་ཀྱི་གཞུང་དབུ་བཞུགས་མཛད་དེ་མི་ལོ་ ༡༠༠ ཀྲིག་ཀྲི་འཁོར་བའི་ལོ་དང་འབྲེལ་ཏེ་ ང་བཅས་ར་འབྲུག་རྒྱལ་ཁབ་ཡང་འཛམ་གླིང་སྤྱིར་བཏང་གི་འགྲོ་ལུགས་ལྟར་དུ་ མི་དབང་ཡབ་སྲས་ཀྱིས་ཐུགས་དགོངས་རྒྱ་ཆེ་ལས་གནང་སྟེ་གཞུང་གདམ་འཐུ་འབད་ནིའི་འགན་ཁུར་འདི་འབྲུག་གི་མི་སེར་ཚུ་ལུ་གསང་བའི་ཚོགས་རྒཡན་བཙུགས་ཏེ་གདམ་ཁ་རྒྱབ་ནིའི་རང་དབང་གནང་སྟེ་ འབྲུག་རྒྱལ་ཁབ་ནང་ལུ་རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་དམངས་གཙོའི་གཞུང་དང་པ་འདི་ སྤྱི་ལོ་ ༢༠༠༨ ལུ་མི་ཧེར་ཚུ་གིས་གསང་བའི་ཚོགས་རྒྱན་བཙུགས་ཏེ་གདམ་ཁ་རྒྱབ་སྟེ་ དམངས་གཙོའི་ལམ་ལུགས་ལུ་བརྟེན་པའི་གཞུང་འགོ་དང་པ་གཞི་བཙུགས་འབད་ཡོདཔ་ཨིན། དེ་ལས་དམངས་གཙོའི་གཞུང་གཉིས་པ་འདི་སྤྱི་ལོ་ ༢༠༡༣ ལུ་གཞི་བཙུགས་འབད་དེ་ དམངས་གཙོའི་གཞུང་གི་ལམ་ལུགས་འདི་ཧེང་སྐལ་ར་རྩ་བརྟན་བཟོ་ཡོདཔ་ཨིན། དེ་ལས་མི་དབང་འབྲུག་རྒྱལ་སྔ་པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཁྲི་མངའ་གསོལ་ཡང་ སྤྱི་ལོ་ ༢༠༠༨ ལུ་མཛད་པའི་ཤུལ་ལས་ འབྲུག་གི་རྒྱལ་ཡོངས་ངོ་རྟགས་དང་རང་དབང་སྲུང་སྐྱོབ་རྩ་བརྟན་བཟོ་ནིའི་དོན་ལུ་ཕྱག་ལཱ་ཚུ་ ཐེབས་ར་མཛད་དེ་ཡོདཔ་ཨིན། འབྲུག་རྒྱལཔོ་གིས་རྒྱལ་ཁབ་ཀྱི་གཅིག་མཐུན་དང་གཅིག་འབྲེལ། ཞི་བདེ་དང་བདེ་སྐྱིད་ཀྱི་གོང་འཕེལ་གཏང་ཐབས་ཀྱི་བཀའ་སློབ་དང་ལམ་སྟོན་གནང་སྟེ་ སེམས་ཤུགས་བྱིན་ཏེ་རྒྱལ་ཁབ་ཀྱི་རང་དབང་དང་ཉེན་སྲུང་འདི་ཧེང་སྐལ་ར་སྒྲིང་སྒྲི་དང་རྩ་བརྟན་བཟོ་གནང་ཡོདཔ་ཨིན། མི་དབང་འབྲུག་རྒྱལ་སྔ་པ་འདི་འབྲུག་རྒྱལ་ཁབ་ནང་ན་དང་ཕྱི་རྒྱལ་ལུ་ མི་སེར་གྱི་རྒྱལ་པོ་སྦེ་མཚན་སྙན་ཁྱབ་སྟེ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. རྒྱལ་གཞུང་འབྲུག་གི་སྐུ་ཚབ་ཡིག་ཚང་། རྒྱལ་རབས། ནིའུ་དྷི་ལི། གནམ་ལོ་མེད། སྤྱི་ལོ་ ༢༠༡༦། ཡོངས་འབྲེལ་ཁ་བྱང་། https://www.mfa.gov.bt/rbedelhi/bhutan-at-glance/history/#:~:text=In%20the%2017th%20Century,Raja%20as%20the%20administrative%20head.