Jump to content

ཇ་མཆོད།

Wikipedia ལས།

༄༅། །ཇ་མཆོད་ཀྱི་རིམ་པ་བཞུགས་སོ།།


༄༅། །འཇིག་རྟེན་ཀླུ་དབང་གཙུག་ན་ནོར་བུའི་མཆོག །བསམ་པའི་རེ་བ་ཐམས་ཅད་སྐོང་མཛད་པ། །མཚུངས་མེད་བླ་མ་མཆོག་གསུམ་ཡི་དམ་ལྷ།།དམ་ཅན་རྒྱ་མཚོའི་ཚོགས་རྣམས་འདིར་གཤེགས་ཤིག །ཕུན་ཚོགས་བསོད་ནམས་སྟོབས་ལས་གྲུབ་པའི་བཅུད། །རྒྱ་ཇ་དྲི་བཟང་མདོག་མཛེས་རོ་བརྒྱ་པ། །མོས་བློས་མཁའ་ཁྱབ་བདུད་རྩིའི་མཚོར་དམིགས་ནས། །མཆོད་དོ་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ། །རྩ་ཚོགས་དྷཱུ་ཏཱིར་དག་པའི་བདེ་སྐྱོང་མར། །ནཱ་དའི་སྔགས་རྒྱས་ཕུང་ཁམས་སྐྱེ་མཆེད་ཆོས། །དྭངས་མའི་ཁམས་བཞུ་ཟག་མེད་བདུད་རྩིར་འབུལ། །མཆོག་གི་གོ་འཕང་ཐོབ་པའི་དགེ་ལེགས་སྩོལ། །སྒྱུ་འཕྲུལ་སྣང་བས་མཛེས་པའི་སྟོང་ཉིད་ལ། །མི་འགྱུར་སྙིང་རྗེའི་གང་བ་ཆགས་པའི་རོ། །ཟུང་འཇུག་ཡེ་ཤེས་བདུད་རྩིའི་ལོངས་སྤྱོད་ཀྱིས། །མཆོད་བྱ་མཆོད་བྱེད་མཉམ་པ་ཉིད་དུ་མཆོད།། ༈ ཇ་མཆོད་པ་བཀའ་བརྒྱུད་བླ་མ་མཆོད། །བཀའ་བརྒྱུད་རྣམ་ཐར་འཁྱོངས་བར་བྱིན་གྱིས་རློབས། །ཇ་མཆོད་པ་སྒྲུབ་བརྒྱུད་བླ་མ་མཆོད། །སྒྲུབ་བརྒྱུད་བསྟན་པ་ཟིན་པར་བྱིན་གྱིས་རློབས། །ཇ་མཆོད་པ་དོན་བརྒྱུད་བླ་མ་མཆོད། །དོན་བརྒྱུད་སེམས་ལ་ཐོབ་པར་བྱིན་གྱིས་རློབས། །ཇ་མཆོད་པ་རྩ་བའི་བླ་མ་མཆོད། །ཐུགས་ཡིད་གཅིག་ཏུ་འདྲེ་བར་བྱིན་གྱིས་རློབས། །ཇ་མཆོད་པ་ཡི་དམ་ལྷ་ཚོགས་མཆོད། ། མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཇ་མཆོད་པ་གནས་གསུམ་མཁའ་འགྲོ་མཆོད། །འཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས། །ཇ་མཆོད་པ་ཆོས་སྐྱོང་བསྲུང་མ་མཆོད། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཇ་མཆོད་པ་རྡོ་རྗེ་སྤུན་ཚོ་མཆོད། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །ཇ་མཆོད་པ་ཕྱག་རྒྱ་ཆེན་པོ་མཆོད། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས།།

༈ རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོདང་། །མར་པ་མི་ལ་སྒམ་པོ་ཐ་ཙ་པ། །སྣ་ཕུག་པ་དང་དཔལ་ལྡན་འབྲུག་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་མནོན་མཛད། ཨུ་རྒྱན་རིན་པོ་ཆེ་ལ་མཆོད་པ་འབུལ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞལ་དུ་མཆོད་པ་འབུལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མའི༴ །ཆོས་སྐུ་གཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཡི་དམ་ལྷ་ཚོགས་རྣམས་ལ༴ །ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །ཁྱད་པར་ཨུ་རྒྱན་དབེན་གནས་སུ། །དམ་ཚིག་ཅན་རྣམས་བསྲུང་མཛད་པའི། །མཁའ་འགྲོ་མ་རྣམས་ལ༴ །སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་མཛད་པའི་གང་ཟག་ལ། །བུ་བཞིན་བསྲུང་ཞིང་སྐྱོང་བ་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད་པ་འབུལ། །གདན་ས་སྲུང་མའམ་ཡུལ་འདིའི་གཞི་བདག་གཉན་པོ་འཁོར་བཅས་ལ། །རྒྱ་ཇ་མཉེས་པའི་མཆོད་པ་འདི་འབུལ་ལོ། །བདག་ཅག་དཔོན་སློབ་བསམ་དོན་འགྲུབ་པ་དང་། །སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་འཛོད།། །།

"https://dz.wikipedia.org/w/index.php?title=ཇ་མཆོད།&oldid=30007" ལས་ སླར་འདྲེན་འབད་ཡོདཔ།