ཇཱར་མ་ནི
| ཇཱར་མ་ནི Deutschland | ||
|
| ||
སའི་རྒྱ་ཚད་དང་ཆགས་རབས།
ཇཱར་མ་ནི་འདི་ དབུས་ཡུ་རོབ་ལུ་ཆགས་ཏེ་ཡོདཔ་ད་ བྱང་ཕྱོགས་ལུ་ ཌེན་མཱཀ་དང་ ཤར་ཕྱོགས་ལུ་ པོ་ལེནཌ་དང་ཅེཀ་རི་པབ་ལིཀ་ ལྷོ་ཕྱོགས་ལུ་ ཨཱོས་ཊི་ཡ་དང་སུ་ཝིཊ་ཛར་ལེནཌ་ དེ་ལས་ ནུབ་ཕྱོགས་ལུ་ ཕྲནས་དང་ ལག་སམ་བྷཀ་ བྷེལ་ཇམ་ དེ་ལས་ ནེ་དྷར་ལེནཌས་ཚུ་གིས་ ས་མཚམས་བསྐོར་ཏེ་ཡོདཔ་ཨིན། ཇཱར་མ་ནི་འདི་ སའི་རྒྱ་ཚད་ ཨིས་ཀོ་ཡར་ཀི་ལོ་མི་ཊར་༣༥༧,༠༢༢ དེ་ཅིག་ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ཁབ་སྦོམ་ཤོས་བདུན་པ་ཨིན། ཇཱར་མ་ནི་འདི་ མངའ་སྡེ་༡༦ ལུ་དབྱེ་སྟེ་ཡོདཔ་དང་ མངའ་སྡེ་རེ་རེ་ལུ་ རང་སོའི་རྩ་ཁྲིམས་དང་གཞུང་རེ་ཡོདཔ་ཨིན།
ས་ཆའི་ཆགས་ལུགས་ཀྱི་ཐད་ལུ་ ཇཱར་མ་ནི་ལུ་ ས་ཆའི་གནས་སྟངས་སྣ་ཚོགས་སྦེ་ཡོདཔ་ཨིན། དེ་ཡང་ བྱང་ཕྱོགས་ལུ་ ཐང་དང་ ཇཱར་མ་ནི་གི་བྱང་ཐང་ཚུ་ཡོདཔ་ཨིན། དེ་ལས་ ལྷོ་ཕྱོགས་ལུ་ གངས་ལྗོངས་ཨིནམ་ལས་ ཨཱལཔསི་གི་གངས་རི་ཚུ་ཡོདཔ་ཨིན། དབུས་ཕྱོགས་ལུ་ ཧཱར་ཟི་གི་གངས་རི་ལ་སོགས་པའི་ གངས་རི་ཆུང་ཀུ་ཚུ་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ གྲུ་ལམ་གཙོ་བོ་རང་ རའེ་ནི་དང་ ཨེལ་བི་ དེ་ལས་ ཌུ་ནེབ་ཚུ་ཨིན།
ཇཱར་མ་ནི་གི་གནམ་གཤིས་འདི་ ཚ་དྲོད་ཅན་ཅིག་ཨིནམ་ལས་ ལོ་གཅིག་གི་རིང་ལུ་ ཆར་ཆུ་རན་ཏོག་ཏོ་དང་ཤུགས་ཀྱི་བར་ན་རྐྱབ་དོ་ཡོདཔ་ཨིན། ནམ་དགུན་ལུ་ ལྷོ་ཕྱོགས་ལུ་ ཁཝ་རྐྱབ་དོ་ཡོདཔ་ལས་ བསིལ་དྲགས་འོང་དོ་ཡོདཔ་དང་ སྤྱིར་བཏང་གི་གནམ་གཤིས་འདི་ ལུང་ཕྱོགས་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ བྱང་ཕྱོགས་ལུ་ ནོརཐ་སཱི་ཟེར་མི་མཚོ་དང་ བཱལ་ཊིག་མཚོ་གིས་ ཤན་ཞུགས་འབདཝ་ཨིན། དེ་ལས་ ལྷོ་ཕྱོགས་ཀྱི་གནམ་གཤིས་འདི་ མང་ཤོས་ཅིག་ ཀཱན་ཊི་ནེན་ཊལ་ཟེར་གླིང་ཆེན་གྱི་གནམ་གཤིས་ཨིནམ་ལས་ བྱཱར་ལུ་གནམ་མེད་ས་མེད་ཚདཔ་ཚ་དོ་ཡོདཔ་དང་ དགུན་ལུ་གནམ་མེད་ས་མེད་གྱང་དོ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
ཇཱར་མ་ནི་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་རྒྱལ་ཁབ་ཚུ་གི་གྲལ་ལས་ མི་རློབས་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ མི་རློབས་ས་ཡ་༨༤.༧ ལྷགཔ་ཅིག་ཡོདཔ་ཨིན། མི་རིགས་ཡང་སྣ་མང་སྦེ་ཡོདཔ་དང་ མང་ཤོས་ཅིག་ར་ ཇཱར་མཱན་གྱི་མི་རིགས་ཨིན། ཨིན་རུང་ ཊཱར་ཀིཤ་དང་ པོ་ལིཤི་ ཨི་ཊ་ལི་ཡཱན་ ལ་སོགས་པའི་ རྒྱལ་ཁབ་གཞན་ལས་ གནས་སྤོ་སྟེ་འོང་མི་ མི་རིགས་གཞན་ཡང་ཡོདཔ་ཨིན། ཇཱར་མ་ནི་གི་མི་བཞི་དཔྱ་གསུམ་ལྷགཔ་ཅིག་ ཁྲོམ་ཚོགས་དང་ཁྲོམ་ཆེན་ཚུ་ནང་སྡོད་དོ་ཡོདཔ་ཨིན། བྷར་ལིན་ ཧམ་བཱརག་ མུ་ནིག་དང་ ཕེརེང་ཕོརཊ་བཟུམ་གྱི་ཁྲོམ་ཚོགས་སྦོམ་ཚུ་ རྒྱལ་ཁབ་འདིའི་ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
ཇཱར་མ་ནི་འདི་ བཙག་འཐུ་ཅན་གྱི་ སྤྱི་གཞུང་མི་སེར་གྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁམས་ཀྱི་དབུ་ཁྲིད་འདི་ སྲིད་འཛིན་ཨིན། བུན་ཌེསི་ཊག་ཟེར་བའི་ ཇཱར་མ་ནིའི་སྤྱི་ཚོགས་ནང་ སྲིད་དོན་ཚོགས་པ་སྦོམ་ཤོས་ཀྱི་གཙོ་འཛིན་འདི་གིས་ གཞུང་གི་དབུ་ཁྲིད་ཀྱི་འགན་ཁུར་འབག་དོ་ཡོདཔ་དང་ གོ་ས་འདི་གི་མིང་གནས་འདི་ ཅཱན་སི་ལཱར་ཟེར་སླབ་དོ་ཡོདཔ་ཨིན། དེ་ལས་ རྒྱལ་ཁམས་ཀྱི་འཛིན་སྐྱོང་གི་དབང་ཚད་ཚུ་ཡང་ ཅཱན་སི་ལཱར་འདི་ལུ་ཡོདཔ་ཨིན། དེ་གུ་ སྤྱི་གཞུང་ལུ་ལམ་སྟོན་འབད་ནི་དང་ རྒྱལ་ཡོངས་སྲིད་བྱུས་བཟོ་ནི་གི་འགན་ཁུར་ཡང་ ཅཱན་སི་ལཱར་ལུ་ཕོགཔ་ཨིན། སྲིད་དོན་ལམ་ལུགས་ཀྱི་ཐད་ཁར་ སྲིད་ཚོགས་སྣ་མང་སྦེ་ཡོད་པའི་ལམ་ལུགས་འདི་ཨིནམ་དང་ བུན་ཌེ་སི་ཊག་འདི་ མི་སེར་ཚུ་གིས་བཙག་འཐུ་གྲུབ་པའི་ འཐུས་མི་ཚུ་གིས་གྲུབ་དོ་ཡོདཔ་ཨིན། ཇཱར་མ་ནི་གི་ཚོགས་ཁང་གཉིས་པ་ བུན་ཌེ་སི་རཊ་གི་འཐུས་མི་ཚུ་གིས་ མངའ་སྡེ་ཚུ་གི་ངོ་ཚབ་སྦེ་ཕྱག་ཞུ་དོ་ཡོདཔ་དང་ ཁོང་གིས་ སྤྱི་གཞུང་གི་ཁྲིམས་ཚུ་བཟོ་ནིའི་འགན་ཁུར་འབགཔ་ཨིན།
ཇཱར་མ་ནི་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པ་དང་ ནེ་ཊོ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཚུ་བརྩིས་ཏེ་ རྒྱལ་སྤྱིའི་འདུས་ཚོགས་ལེ་ཤ་ཅིག་གི་འཐུས་མི་ཨིན། ཡོངས་གྲགས་ལུ་ རྒྱལ་ཁབ་འདི་ནང་ དམངས་གཙོའི་རིང་ལུགས་ཀྱི་གཙུག་སྡེ་ཚུ་ བརྟན་ཏོག་ཏོ་དང་སྒྲིང་སྒྲིང་ཡོདཔ་སྦེ་ ཆ་བཞགཔ་ཨིན།
ཆོས་དང་ལམ་སྲོལ།
ཇཱར་མ་ནི་འདི་ ལམ་སྲོལ་དང་སྲོལ་རྒྱུན་གྱིས་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་སྤྱིའི་ནང་དོན་རིག་པ་དང་ སྙན་ཆ་ རྩོམ་རིག་དང་ སྒྱུ་རྩལ་ཚུ་ནང་ ཕན་འདེབས་སྦོམ་སྦེ་འབད་དོ་ཡོདཔ་ཨིན། འདི་ཡང་ ཇཱར་མ་ནི་འདི་ ལུཌ་ཝིག་ཝན་བི་ཐོ་ཝེན་དང་ ཇོ་ཧན་སེ་བཱསི་ཊི་ཡན་བཱཆ་ལ་སོགས་པའི་རྩོམ་པ་པོ་དང་ ནང་དོན་རིག་པའི་མཁས་མཆོག་ ཨིམ་མཱ་ནུའལ་ཀཱནཊ་དང་ ཕིརིཌ་རིཆ་ནིཊ་ཟི་བཟུམ་མའི་ ཡོངས་གྲགས་ཅན་གྱི་མི་ཚུ་ སྐྱེས་སའི་ས་གནས་ཅིག་ཨིན། ཇཱར་མ་ནི་གི་ལམ་སྲོལ་ནང་ལུ་ ཨོག་ཊོ་བར་ཕེསཊ་དང་ གཞན་ཡང་ ལུང་ཕྱོགས་ཁག་སོ་སོའི་ དུས་སྟོན་མ་འདྲཝ་ཚུ་ བརྩི་སྲུང་འབད་ནི་ཡོདཔ་ཨིན།
རྒྱལ་ཁབ་འདི་གིས་ སྔར་ལུགས་ཀྱི་སྒྲ་དབྱངས་དང་ ཟློས་གར་ དེ་ལས་ བརྙན་སྟོན་སྒྱུ་རྩལ་ཚུ་ལུ་དག་སྣང་སྦོམ་སྦེ་སྐྱེད་དོ་ཡོདཔ་དང་ བྷར་ལིན་དང་ ཌེས་ཌེན་བཟུམ་གྱི་ཁྲོམ་ཚོགས་ཚུ་ནང་ འགྲེམས་སྟོན་ཁང་ཡང་ལེ་ཤ་ཡོདཔ་ཨིན། རྩོམ་རིག་ཡང་ རྒྱལ་ཁབ་འདིའི་ལམ་སྲོལ་ནང་ལུ་ གལ་གནད་ཅན་ཅིག་ཨིནམ་དང་ རྩོམ་བྲིས་པ་ ཇོ་ཧན་ཝུལཕ་གཱང་ཝོན་གོ་ཐེ་དང་ ཐོ་མཱས་མཱན་ བཟུམ་ཚུ་ཡང་རྒྱལ་ཁབ་འདི་ལས་བྱུང་ཡོདཔ་ཨིན།
ཇཱར་མ་ནིའི་མི་རློབས་ གསུམ་དཔྱ་གཉིས་དེམ་ཅིག་ ཡེ་ཤུའི་ཆོས་ལུགས་འབད་མི་ཨིནམ་དང་ འདི་གི་གྲལ་ལས་ ལྷོ་དང་ནུབ་ཕྱོགས་ལུ་ རོ་མཱན་ཀེ་ཐོ་ལིག་གི་ཆོས་ལུགས་འབད་མི་ མང་ཤོས་ཡོདཔ་དང་ བྱང་དང་ཤར་ཕྱོགས་ལུ་ པྲོ་ཊེས་ཊན་གྱི་ཆོས་ལུགས་འབད་མི་ མང་ཤོས་ཡོདཔ་ཨིན། ད་རུང་ རྒྱལ་ཁབ་འདི་ནང་ ཆད་ལྟ་བའི་མི་རློབས་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན། ད་རུང་ ཁ་ཆེའི་ཆོས་ལུགས་འབད་མི་དག་པ་ཅིག་ཡོད་མི་འདི་ཡང་ མང་ཤོས་ཅིག་རང་ རྒྱལ་ཁབ་གཞན་ཁ་ལས་འོང་མི་ཚུ་ཨིན་མས།
དཔལ་འབྱོར་དང་ཚོང་འབྲེལ།
ཇཱར་མ་ནི་འདི་ ཡུ་རོབ་ཀྱི་དཔལ་འབྱོར་སྦོམ་ཤོས་ཅིག་ཨིནམ་དང་ འཛམ་གླིང་ནང་གི་དཔལ་འབྱོར་སྦོམ་ཤོས་བཞི་པ་ཨིན། རྒྱལ་ཁབ་འདི་ འཕྲུལ་ཆས་བཟོ་སྐྲུན་དང་ རྫས་སྦྱོར་ དེ་ལས་ གློག་རིག་ལ་སོགས་པའི་བཟོ་གྲྭ་ཚུ་ནང་ འཛམ་གླིང་ནང་ དྲག་ཤོས་ཅིག་ཨིན། ཝོལཀསི་ཝེ་གྷན་དང་ བི་ཨེམ་ཌབ་ལུ་ དེ་ལས་ སི་མེནསི་དང་ བཱ་ཡཱར་ ལ་སོགས་པའི་ལས་སྡེ་སྦོམ་ཚུ་གི་ཡིག་ཚང་ལྟེ་བ་ཚུ་ཡང་ ཇཱར་མ་ནི་ལུ་ཡོདཔ་ལས་ རྒྱལ་ཁབ་འདིའི་ ཕྱིར་ཚོང་ལུ་ ཕན་གྲོགས་འབད་དོ་ཡོདཔ་ཨིན། དེ་ལས་ ཇཱར་མ་ནིའི་རྒྱལ་ཁབ་འདི་ གཞི་རྟེན་མཁོ་ཆས་དང་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཚུ་ ལེགས་ཤོམ་དང་འཇོན་ཐངས་ཅན་སྦེ་ཡོད་པའི་ཁར་ རིག་རྩལ་ཅན་གྱི་མི་རློབས་ཡོད་པའི་རྒྱལ་ཁབ་ཅིག་སྦེ་ཆ་བཞགཔ་ཨིན། བཟོ་གྲྭའི་ལས་སྡེ་འདི་ དཔལ་འབྱོར་གྱི་ཀ་ཆེན་གཙོ་བོ་ཅིག་སྦེ་བརྩི་དོ་ཡོདཔ་ཨིན་རུང་ དངུལ་འབྲེལ་དང་འཕྲུལ་རིག་ དེ་ལས་ འཕྲོད་བསྟེན་ལ་སོགས་པའི་ཞབས་ཏོག་ལས་སྡེ་ཚུ་གིས་ཡང་ དཔལ་འབྱོར་གོང་འཕེལ་ནང་ ཕན་སྦོམ་སྦེ་ཐོགས་དོ་ཡོདཔ་ཨིན།
ཇཱར་མ་ནི་འདི་ འཛམ་གླིང་ནང་གི་རྒྱལ་ཁབ་ཚུ་གི་གྲལ་ལས་ ཕྱིར་ཚོང་སྦོམ་སྦེ་འབད་མི་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ གལ་གནད་ཅན་གྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་ཏོག་ཏོ་ཡོད་མི་འདི་ཡང་ རྒྱལ་ཁབ་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པ་དང་ ཡུ་རོ་ཛོན་གྱི་འཐུས་མི་གཅིག་འབདཝ་ལས་ གཙུག་སྡེ་འདི་གཉིས་ཀྱིས་རྒྱབ་སྐྱོར་འབདཝ་ལས་བརྟེན་ཏེ་ཨིན་པས།
རྒྱལ་ས་ལྟེ་བ་ བྷར་ལིན།
ཇཱར་མ་ནིའི་རྒྱལ་ས་ བྷར་ལིན་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ དེང་སང་གི་ལམ་ལུགས་གཉིས་ཆ་ར་ནང་ ཕྱུག་པོའི་ཁྲོམ་ཚོགས་ཅིག་ཨིན། ཇཱར་མ་ནི་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་འབདཝ་ལས་ བྷར་ལིན་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་བདག་སྐྱོང་གི་ལྟེ་བ་ཅིག་ཨིནམ་མ་ཚད་ འཛམ་གླིང་ནང་ལུ་ སྒྱུ་རྩལ་དང་ཚན་རིག་ དེ་ལས་ འཕྲུལ་རིག་ཚུ་གི་ལྟེ་བ་ཅིག་ཡང་ཨིན། བྷར་ལིན་འདི་ ཀོལཌི་ཝཱར་ཟེར་བའི་འཁོན་འཁྲུག་གི་སྐབས་ལུ་ ཕྱོགས་གཉིས་ལུ་ཁ་གྱེས་ཏེ་ཡོད་མི་ཁྲོམ་ཚོགས་ཅིག་ཨིན་རུང་ ད་རེས་ནངས་པ་ གཅིག་སྒྲིལ་གྱི་ཁྲོམ་ཆེན་གཅིག་ལུ་བསྒྱུར་ཡོདཔ་ཨིན།
བྷར་ལིན་འདི་ དུས་རབས་༡༣ པའི་ནང་ བྱུང་ཡོད་པའི་ཁྲོམ་ཅིག་ཨིནམ་དང་ ཁྲོམ་འདི་ རྒྱལ་རབས་ཀྱི་ བྱུང་རིམ་གཙོ་བོ་ཚུ་གི་ལྟེ་བ་ཅིག་ཡང་ཨིན། དུས་རབས་༢༠ པའི་ནང་ འཛམ་གླིང་དམག་ཆེན་ཐེངས་གཉིས་དང་ ཀོལཌ་ཝཱར་གྱི་འཁོན་འཁྲུག་གི་དུས་སྐབས་ཚུ་གི་ལྟེ་བ་ཡང་ བྷར་ལིན་ཨིནམ་སྦེ་ ཆ་བཞགཔ་ཨིན། སྤྱི་ལོ་༡༩༦༡ ལུ་རྐྱབ་ཡོད་མི་ ཡོངས་གྲགས་ཅན་གྱི་ བྷར་ལིན་གྱི་གྱང་འདི་གིས་ བྷར་ལིན་འདི་ ཤར་དང་ནུབ་ཀྱི་བྷར་ལིན་གཉིས་ལུ་ཁ་ཕྱེ་སྟེ་ བཏང་ཡོདཔ་ཨིན། ཨིན་རུང་ སྤྱི་ལོ་༡༩༨༩ ལུ་ བྷར་ལིན་གྱི་གྱང་འདི་བཤིག་པའི་ཤུལ་ ཇཱར་མ་ནིའི་རྒྱལ་ཁབ་འདི་ ལོག་སྟེ་གཅིག་སྒྱུར་འབད་ནིའི་འགོ་བཙུགས་ཡོདཔ་མ་ཚད་ བྷར་ལིན་གྱི་ཁྲོམ་སྡེ་འདི་གི་དོན་ལུ་ཡང་ དུས་སྐབས་གསརཔ་ཅིག་ འགོ་བཙུགས་ཡོདཔ་ཨིན།
ད་རེས་ནངས་པ་ བྷར་ལིན་འདི་ ཡུ་རོབ་ཀྱི་ཁྲོམ་ཚོགས་ཚུ་གི་གྲལ་ལས་ ལམ་སྲོལ་གྱིས་ཕྱུག་ཤོས་ཅིག་ཨིན། ཁྲོམ་འདི་ནང་ ཁྱད་འཕགས་ཅན་གྱི་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ཚུ་ ལེ་ཤ་ཅིག་རང་ཡོདཔ་ཨིན། ཡུ་ནེས་ཀོ་གི་འཛམ་གླིང་སྲོལ་རྒྱུན་ས་ཁོངས་ཅིག་ཨིན་མི་ དཱ་མིའུ་ཟི་ཡམ་ཨའེ་ལེནཌ་ ཟེར་མི་འདི་ བལྟ་བཤལ་པ་ཚུ་གི་དགའ་ཤོས་ཅིག་ཨིནམ་དང་ དེ་ནང་ སྔོན་ལུགས་ཀྱི་ཅ་ཆས་ཚུ་ཡོད་སའི་ པར་གཱ་མོན་འགྲེམས་སྟོན་ཁང་དང་ སྔར་སྲོལ་གྱི་སྒྱུ་རྩལ་ཚུ་དཔེ་སྟོན་འབད་སའི་ ཨཱལ་ཊིས་འགྲེམས་སྟོན་ཁང་ཚུ་ཡང་ ཡོདཔ་ཨིན། བྷར་ལིན་འདི་ རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་ ཟློས་གར་འཁྲབ་སྟོན་ དེ་ལས་ སྙན་ཆའི་ལས་རིམ་ཚུ་འགོ་འདྲེན་འཐབ་སའི་ ས་ཁོངས་ཡོངས་གྲགས་ཅན་ཅིག་ཡང་ཨིན། དེ་གུ་ ཁྲོམ་འདི་ གློག་རིག་སྙན་ཆའི་ས་གོ་གཙོ་བོ་ཅིག་ཡང་ཨིན།
དེ་ལས་ བྷར་ལིན་ལུ་ གླིང་ག་དང་མཚོ་ དེ་ལས་ ནགས་ཚལ་ཚུ་ ཁྱབ་ཆེ་དྲགས་སྦེ་ཡོདཔ་ལས་ ཁྲོམ་འདི་ སྔོ་ལྗང་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། དཔེར་ན་ ཊི་ཡར་གཱར་ཊེན་གླིང་ག་འདི་ ཁྲོམ་འདི་ནང་སྔོ་ལྗང་ཅན་གྱི་ས་གོ་སྦོམ་ཤོས་ཅིག་ཨིནམ་དང་ གླིང་ག་འདི་ ས་གནས་འདི་ནང་གི་མི་དང་ ལྟ་བཤལ་པ་གཉིས་ཆ་ར་ སྤྲོ་འཆམ་སའི་སྐྱིད་གནས་ཅིག་ཨིན། དེ་ལས་ ཁྲོམ་སྡེ་འདི་གིས་ ཡུན་བརྟན་ཅན་དང་ སྐྱེ་ལྡན་གནས་སྟངས་དང་མཐུན་པའི་མི་མང་སྐྱེལ་འདྲེན་ལམ་ལུགས་དང་ སྔོ་ལྗང་སྒྲིང་ཁྱིམ་གྱི་ལས་རིམ་ཚུ་ནང་ཡང་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- Federal Foreign Office, Germany's Geography. World Atlas, Germany's Geography and Climate.
- World Bank, Germany Population Data. German Federal Statistical Office, Demographics and Ethnicity.
- Bundeszentrale für politische Bildung (Federal Agency for Civic Education), Governance in Germany. German Federal Government, Political Structure.
- Deutsche Welle (DW), German Culture and Traditions. Pew Research, Religion in Germany.
- German Federal Ministry for Economic Affairs and Energy (BMWi), Economic Overview. World Bank, Germany Economy Profile.
- "Berlin: A History of a City." BBC History. Retrieved from https://www.bbc.co.uk/history.
- "Berlin." Lonely Planet. Retrieved from https://www.lonelyplanet.com/germany/berlin
- "Berlin - The Creative Capital." The German National Tourist Board. Retrieved from https://www.germany.travel/en/cities/berlin.html.