ཇི་ནཱན། རྒྱ་ནག། Jinan, China

༉ ཇི་ནཱན་འདི་ཤར་ཕྱོགས་རྒྱ་ནག་གི་ཁྲོམ་ཚོགས་ཅིག་ཨིནམ་དང་ རྒྱ་ནག་གི་མངའ་སྡེ་ ཤང་ཌོང་གི་ལྟེ་བ་ཅིག་ཨིན། ཁྲོམ་ཚོགས་འདི་གི་མངའ་འོག་ལུ་རྫོང་ཁག་དྲུག་དང་ཚོ་ཁག་གསུམ་ཡོདཔ་ཨིན། ཇི་ནཱན་འདི་ཧེ་མ་ བདག་སྐྱོང་གི་ལྟེ་བ་ཁག་ཆེཝ་ཅིག་ཨིནམ་དང་ ཆོས་ཕྱོགས་ཀྱི་ལྟེ་བ་ཅིག་སྦེ་ཡང་སྡོད་ཡོདཔ་ཨིན་པས། ཁྲོམ་ཚོགས་ཀྱི་ཉེ་འདབས་ཀྱི་ལྷོ་ཁ་ཐུག་ཡོད་པའི་ཏའེ་གངས་རི་འདི་ རྒྱ་ནག་གི་རི་རྩ་ཅན་ཨིན་པས། དུས་རབས་ ༤ པ་ལས་ ༧ པའི་ནང་ ནང་པའི་ལྷ་ཁང་མང་རབས་ཅིག་ཇི་ནཱན་གྱི་ལྷོ་ལུ་ཡོད་པའི་རི་གུར་ཆགས་ཡོདཔ་ཨིན།[༡] ཁྲོམ་ཚོགས་ཀྱི་མིང་ལུ་ ཀུ་ཝན་ཆེང་དང་ཀུའི་ཇུའོ་ ལུ་ཡོ་འི་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན་པས། འཛམ་གླིང་གི་གནས་ཚད་དང་འཁྲིལཝ་ད་ ཇི་ནཱན་འདི་ཁྲོམ་ཚོགས་སྦོམ་ཅིག་ཨིནམ་དང་ སྤྱི་ལོ་ ༢༠༢༠ ལུ་ཁྲོམ་ཚོགས་ཀྱི་མི་རློབས་ ས་ཡ་ ༩.༢ ཡོདཔ་སྦེ་བཀོད་ཡོདཔ་དང་ ཤང་ཌོང་གི་མངའ་སྡེའི་ཁྲོམ་ཚོགས་ཚུ་ནང་ མི་རློབས་ལེ་ཤ་ཡོད་ས་ལས་ཨང་གཉིས་པའི་ནང་ཚུདཔ་ཨིན་པས། སྤྱི་ལོ་ ༢༠༢༢ ལུ་ཁྲོམ་ཁར་སྡོད་མིའི་མི་རློབས་འདི་ས་ཡ་ ༢༠ ཡོདཔ་སྦེ་བཀོད་ནུག། ཁྲོམ་ཚོགས་འདི་མངའ་སྡེའི་ཡན་ལག་གྱི་བདག་སྐྱོང་གི་གནས་ཚད་ཁར་ སྤྱི་ལོ་ ༡༩༩༤ ལས་ར་སྡོད་ཡོདཔ་ཨིན། [༢]
ཁྲོམ་ཚོགས་འདི་སྲིད་དོན་དང་དཔལ་འབྱོར་ ཚན་རིག་ ཤེས་ཡོན་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན་པས། [༣]ཁྲོམ་ཚོགས་ནང་ཤེས་ཡོན་སྦྱང་སའི་གཙུག་སྡེ་དང་སློབ་གྲྭ་ལེ་ཤ་ཡོདཔ་མ་ཚད་ རྫས་སྦྱོར་དང་ འཕྲུལ་ཆས་དང་སྣུམ་འཁོར་ལ་སོགས་པའི་བཟོ་གྲྭ་འཕྲུལ་ཁང་ཡང་ཡོདཔ་ཨིན། ཤེས་ཡོན་གཙུག་སྡེ་གི་མ་དོ་བར་ ཞིབ་འཚོལ་གྱི་གཙུག་སྡེ་ཡང་ འཛམ་གླིང་ནང་མིང་གཏམ་ཡོད་མི་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་ནང་ལས་ཕར་ གནམ་དུས་བཞི་སོ་སོ་དང་གསལ་རི་རི་སྦེ་ཡོདཔ་མི་དེ་ཡང་ གནམ་སོ་ཁ་སྐམ་ཀྲག་ཀྲ་དང་ གནམ་བྱཱ་ལུ་ཚདཔ་ཚ་བའི་ཁར་རློན་གཤེར་ཅན་སྦེ་ཡོདཔ་ཨིན། དེ་ལས་ སེར་ཁ་སྐམ་ཀྲོག་ཀྲོ་དང་ གནམ་དགུན་གྱི་ཚེ་ལུ་ སྐམ་ཀྲག་ཀྲ་ བསིལ་ཏོང་ཏོ་སྦེ་སྡོད་དོ་ཨིན་པས། ཁྲོམ་ཚོགས་ནང་ འགྲེམས་སྟོན་ཁང་དང་ དཔེ་མཛོད་ཁང་ གླིང་ག་ ཁྲོམ་ པར་འགྲེམས་སྟོན་ཁང་དང་ ལྷ་ཁང་ཚུ་ཡོདཔ་ཨིན། ས་གནས་མ་འདྲཝ་ཚུ་དང་མངའ་སྡེ་གཞན་ནང་འགྲོ་འགྲུལ་འབད་ནིའི་དོན་ལུ་ ཇི་ནཱན་ལུ་གནམ་གྲུ་དང་གྲུ་ རེལ་ལི་ མེ་ཊོ་རེལ་ལི་ བཱསི་ སྣུམ་འཁོར་གྱི་ཞབས་ཏོག་ཚུ་སྤྱོད་སར་ཡོདཔ་ཨིན། དེ་ལས་ སྡོད་སའི་ཟ་ཁང་དང་མགྱོན་ཁྱིམ་ སྐྱིད་གནས་ཁང་ཚུ་ཡང་ཡོདཔ་ཨིན། [༤]ས་གནས་དེ་ཁར་ཡོངས་གྲགས་ཅན་གྱི་ཆུ་མིག་ ༧༢ ཡོདཔ་ལས་ ཆུ་མིག་གི་ཁྲོམ་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན། ཆུ་མིག་ཚུ་གསལ་ཏོག་ཏོ་ ཞིམ་ཏོང་ཏོ་ དང་དྭངས་འཕྲོས་འཕྲོས་ཡོདཔ་ཨིན། ཡོངས་གྲགས་ཅན་གྱི་ཡིད་འཕྲོག་པའི་ཆུ་མིག་ལེ་ཤ་ཡོད་ས་ལས་གཅིག་འདི་ བའུ་ཏུ་ཆུ་མིག་འདི་ཨིན་པས། དེ་ལས་མཚོ་ཡང་མིག་གིས་མཐོང་སར་ཡོདཔ་ཨིན། དེ་བཟུམ་སྦེ་ཇི་ནཱན་ལུ་ རང་བཞིན་གྱི་ཐོན་ཁུངས་ ས་གཏེར་དང་རྡོ་གཏེར་གྱི་རིགས་མ་འདྲཝ་ཚུ་ཡང་འཐོན་དོ་ཡོདཔ་ཨིན། དེ་དང་འདྲཝ་སྦེ་ནགས་ཚལ་དང་ནགས་ཚལ་གྱི་ཐོན་ཁུངས་དང་ ནང་ཚལ་ལས་བརྟེན་བཟོ་བའི་མཁོ་ཆས་ཚུ་ཡང་འཐོབ་ཨིན། རྒྱ་ནག་ལུ་ཆོས་ལུགས་ཀྱི་རང་དབང་ཡོདཔ་བཞིན་དུ་ ཆོས་ལུགས་མ་འདྲཝ་ནང་པ་ ཊ་ཝི་ཟམ་ ཡེ་ཤུའི་ཆོས་ལུགས་དང་ ཁ་ཆེའི་ཆོས་ལུགས་ཚུ་ཡོདཔ་དང་ ཆོས་ལུགས་སོ་སོའི་ གསོལཝ་བཏབ་ས་དང་འཛོམ་སའི་ས་ཁོངས་སོ་སོ་ཡོདཔ་ཨིན། རྩེདམོ་རྩེ་སའི་རྩེད་ཐང་དང་རྩེད་ར་སྦོམ་ཚུ་ཡང་ཡོདཔ་ཨིན། [༢]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- ↑ བིརི་ཊ་ནི་ཀ། (༢༠༢༥) ཇི་ནཱན། https://www.britannica.com/place/Jinan ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) ཇི་ནཱན། https://en.wikipedia.org/wiki/Jinan ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཇི་ནཱན། (༢༠༢༣) སྤྱིར་བཏང་ལོ་རྒྱུས། http://english.jinan.gov.cn/col/col29554/index.html ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་ཝོ་ཡཇ། (ལོ་མེད།) ཇི་ནཱན། https://en.wikivoyage.org/wiki/Jinan ནང་ལས་ཐོབ་ཡོདཔ་ཨིན།