ཇོ་ཧོར་བྷ་རུ། མ་ལེ་ཤི་ཡ། Johor bahru, Malaysia

ཇོ་ཧོར་བྷ་རུ་འདི་ མ་ལེ་ཤི་ཡ་གི་མངའ་སྡེ་ཇོ་ཧོར་ཟེར་མི་གི་ཁྲོམ་ཚོགས་ལྟེ་བ་ཅིག་ཨིན། དེ་བཟུམ་སྦེ་ཇོ་ཧོར་མངའ་སྡེ་གི་འོག་ལུ་ཡོད་པའི་རྫོང་ཁག་ཇོ་ཧོར་བྷ་རུ་ཟེར་མི་གི་ཁྲོམ་ལྟེ་བ་ཅིག་ཡང་ཨིན་པས། ཇོ་ཧོར་རྫོང་ཁག་འདི་ རྒྱལ་ཁབ་ནང་ལས་སྦོམ་ཤོས་ཨིང་གཉིས་པ་ཨིན་པས།[༡] ཇོ་ཧོར་བྷ་རུ་ཁྲོམ་ཚོགས་འདི་དངུལ་འབྲེལ་གྱི་ལྟེ་བ་ཅིག་ཡང་ཨིནམ་མ་ཚད་ ཚོང་འབྲེལ་འཐབ་སའི་ལྟེ་བ་ཅིག་ཨིན་པས། ཁྲོམ་ཚོགས་འདི་རྒྱལ་ཁབ་ཀྱི་ཁྲོམ་ཚོགས་ཚུ་ལས་ཨང་གཉིས་པ་ཨིནམ་དང་ གནམ་མེད་ས་མེད་མགྱོགས་དྲགས་སྦེ་ཡར་རྒྱས་འགྱོ་བའི་ཁྲོམ་ཅིག་སྦེ་རྩིལ་ཨིན་པས། ཁྲོམ་ཚོགས་དང་པ་འདི་ རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ ཀོོ་ལ་ལམ་པུར་འདི་ཨིན་པས། ཁྲོམ་ཚོགས་ཀྱི་མཐའ་འཁོར་ལུ་ མི་ཚུ་སྡོད་སའི་སྡོད་གནས་དང་ཁྲོམ་ཆུང་ཀུ་ཡོདཔ་དང་ བཟོ་གྲྭའི་ས་ཁོངས་ ཆུ་འགྲམ་ས་ཁོངས་ཚུ་ཡོདཔ་ཨིན་པས། ཇོ་ཧོར་བྷ་རུ་དང་ཨིསི་ཀཱན་དར་པུ་ཏ་རི་ པ་སིར་གུ་དང་ དེ་ལས་ཀུ་ཀུབ་ ཀུ་ལའེ་ པེ་ཀཱན་ན་ནསི་ སེ་ནའེ་ཁྲོམ་ཚུ་བསྡོམས་ཏེ་ ས་ཁོངས་སྦོམ་ཨིསི་ཀཱན་དར་མ་ལེ་ཤི་ཡ་ཟེར་མི་འདི་བཟོཝ་ཨིན་པས། སྐུ་འཁོར་གྱི་གཡུས་ཚན་ པ་སིར་པེ་ལང་གི་ཟེར་མི་འདི་ཡང་ ཇོ་ཧོར་བྷ་རུ་ལུ་ཆགས་ཏེ་ཡོདཔ་ཨིན་པས།[༢] སྐུ་འཁོར་གྱི་ཕོ་བྲང་ཨིསི་ཏ་ན་སྦེ་སར་ཟེར་མི་ཡང་ཇོ་ཧོར་བྷ་རུ་ལུ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ཇོ་ཧོར་གྱི་དབུ་ཁྲིདཔ་ཏེ་མེང་གོང་ཨི་བྲ་ཧིམ་ཟེར་མི་གིས་གཞི་བཙུགས་འབད་འབདཝ་ཨིནམ་དང་ སྔོན་མ་ས་གནས་ཀྱི་མིང་ལུ་ ཏ་ཇུང་པུ་ཊིརི་ཟེར་སླབ་དོ་ཡོདཔ་དང་ ཤུལ་ལས་ ༡༨༦༦ ལུ་ ཇོ་ཧོར་བྷ་རུ་ཟེར་སོར་ནུག། བྷ་རུ་ཟེར་མི་འདི་གསརཔ་ཟེར་བའི་དོན་ཨིནམ་དང་ ཇོ་ཧོར་བྷ་རུ་ཟེར་བའི་གོ་དོན་འདི་ཡང་ ས་གནས་ཇོ་ཧོར་གསརཔ་ཟེར་བའི་གོ་དོན་ཨིན་པས།
སྤྱི་ལོ་ ༢༠༢༠ ལུ་ཁྲོམ་དེ་ནང་ སྡོད་མི་རློབས་ ༨,༦༠,༠༠༠ ཡོདཔ་སྦེ་བཀོད་དེ་འདུག། ཨིན་རུང་ཝི་ཀི་པི་ཌི་ཡང་ (༢༠༢༥) དང་འཁྲིལཝ་ད་ སའི་རྒྱ་ཁྱོན་ ༣༩༡.༢༥ ཀི་ལོ་མི་ཊར་གྲུ་བཞི་ཡོད་པའི་ ཇོ་ཧོར་བྷ་རུ་འདི་ནང་ མི་རློབས་ ༨༥༨༡༡༨ ཡོདཔ་སྦེ་བཀོད་དེ་ཡོདཔ་ཨིན། དེ་ཡང་མི་རློབས་ཀྱི་ཐད་ཁར་ རྒྱལ་ཁབ་ཀྱི་ཁྲོམ་ལྟེ་བ་སྦོམ་ཤོས་ཨིནམ་སྦེ་རྩི་དོ་ཡོདཔ་ཨིན། ཁྲོམ་འདི་རྒྱལ་ཁབ་ཀྱི་ཁྲོམ་གཞན་དང་ཕྱདཔ་ད་ ས་ཁོངས་གནམ་མེད་ས་མེད་སྦོམ་ཡོདཔ་ལས་ གཞན་མི་ཁྲོམ་བཟུམ་སྦེ་ མི་རློབས་ཀྱིས་ལྟེམ་ལྟེ་སྦེ་གང་སྟེ་མེད་པར་ ཡུདཔ་ཅིག་ཡངས་འཕྲོས་འཕྲོས་དང་སྲབ་དྲགས་འཚམས་སྦེ་ཡོདཔ་ཨིན་པས། འཛམ་གླིང་གི་གློག་འཕྲུལ་དྲག་ཤོས་གི་བཟོ་སྐྲུན་པ་ཚུ་གི་ འཕྲུལ་ཁང་ཅིག་འདི་ ཁྲོམ་ཚོགས་དེ་ཁར་ཡོདཔ་ཨིན་པས། [༣]
ཁྲོམ་ཚོགས་འདི་སིང་ག་པུར་གི་རྩ་བར་འབད་ནི་འདི་གིས་ སིང་ག་པུར་གྱི་ལྟ་བཤལཔ་ཚུ་གིས་འཕྲལ་ར་ར་བཤལ་ཏེ་འོང་དོ་ཡོདཔ་ཨིན། སིང་ག་པུར་དང་གཅིག་ཁར་ཟམ་གཉིས་ཀྱིས་སོ་སོ་ཕྱེས་ཏེ་ཡོདཔ་ཨིན། དེ་མ་ཚད་འཛམ་གླིང་རྒྱལ་ཁབ་གཞན་གྱི་ལྟ་བཤལཔ་ཚུ་ཡང་འོང་སའི་ས་གནས་ཅིག་ཨིན། ཚོང་ཁང་སྦོམ་དང་སྣ་ཚོགས་ཚོང་ཁང་ ཟ་ཁང་ འཕྲལ་སྤྱོད་ཟ་ཁང་ ས་གནས་ཀྱི་བཞེས་སྒོ་ ཨེ་ཤི་ཡ་དང་ཕྱི་གླིངཔ་ཚུ་གི་བཞེས་སྒོ་ཚུ་འཐོབ་སའི་ཁྲོམ་ཚོགས་འབདཝ་ལས་ ལྟ་བཤལཔ་འོང་པའི་ཁར་ རེས་གཟའ་ཉིམ་དང་ཟླཝ་ དེ་ལས་གཞུང་གི་ངལ་གསོ་ཚུ་ནང་ ས་མཚམས་སྒོ་ར་ཁར་མི་གྱལ་བཙར་མ་ཚར་བར་སྡོད་དོ་ཡོདཔ་ཨིན་པས། དེ་བཟུམ་སྦེ་མཉེ་འཕུར་དང་ཧུམ་འཕུར་འབད་ས་དང་ སྐྱིད་གནས་ཁང་ ཟ་སྤྱོད་ཁང་ ཀ་རཝ་ཀེ་ ཕྱི་རུའི་ཚོང་ཁྲོམ་ སྤྲོ་སྟོན་གྱི་ལས་རིམ་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ རྩེདམོ་རྩེ་ས་ཡང་ཡོདཔ་མ་ཚད་ འགྲོམས་སྟོན་ཁང་ཡང་ཡོདཔ་ཨིན། སིང་ག་པུར་ལུ་ལཱ་འབད་མི་མ་ལེ་ཤི་ཡ་གི་མི་ཁུངས་ཚུ་གིས་ སྡོད་ས་ཡང་ས་གནས་དེ་ཁར་འཚོལ་ཏེ་སྡོད་མི་དེ་ཡང་ མ་ལེ་ཤི་ཡ་ལུ་ཕར་དང་ཕྱདཔ་ད་ འཚོ་བའི་གནས་ཚད་འདི་དམའ་སུ་དང་ཉུངམ་སྦེ་ཡོདཔ་ལས་བརྟེན་ཏེ་ཨིན། དེ་འབདཝ་ལས་ས་མཚམས་བདའ་རྒྱུན་འགྲུལ་འཐབ་འཐབ་ས་ར་སྡོད་དོ་ཡོདཔ་ཨིན། ཇོ་ཧོར་བྷ་རུ་ལུ་ མ་ལེ་ཤི་ཡ་གི་མི་ངོ་མ་དང་ རྒྱ་མི་ རྒྱ་གར་གི་ལམ་སྲོལ་ཚུ་ཡོདཔ་དང་ མི་རིགས་དང་ཆོས་ལུགས་མ་འདྲཝ་ལ་ཤ་ཡོད་རུང་ ཞི་བདེ་དང་བརྩི་མཐོང་དང་ལྡནམ་སྦེ་སྡོདཔ་ཨིན་པས། ས་གནས་དེ་ཁར་ཡེ་ཤུ་པའི་ལྷ་ཁང་ ཁ་ཆེའི་ལྷ་ཁང་ དེ་ལས་ཧིན་དྷུ་གི་ལྷ་ཁང་ཚུ་ཡང་མཐོང་ཚུགས་ནི་ཨིན། [༡]
མ་ལེ་ཤི་ཡ་གི་ས་ཁོངས་གཞན་ཚུ་བཟུམ་སྦེ་ ཇོ་ཧོར་བྷ་རུ་ལུ་ཡང་ འཛམ་གླིང་ལྷོ་བྱང་གི་སྦུག་མཚམས་ཀྱི་གནམ་གཤིས་གནས་སྟངས་ལྟར་དུ་ ལོ་གཅིག་ར་ཚ་དྲོད་གཅིག་མཚུངས་སྦེ་སྡོདཔ་ཨིན་པས། རྫོང་ཁག་འདི་ཆརཔ་ཡང་རྐྱབ་དོ་ཡོད་པའི་ཁར་ རློན་ཆག་ཆ་སྦེ་སྡོདཔ་ཨིན་པས། མ་གཞི་ལོ་གཅིག་ར་གནམ་གཤིས་འདི་འདྲ་སུ་ཅིག་དང་གཅིག་སྦེ་སྡོད་རུང་ གནམ་དུས་དང་ལྷོའི་རླུང་མ་དང་བསྟུན་འགྱུར་བ་དུམ་གྲ་རེ་འོངམ་ཨིན་པས། ཉིན་མ་ཆརཔ་རྐྱབ་དོ་ཡོདཔ་ལས་ ཉི་གདུགས་ཚུ་འབག་དགོཔ་གལ་ཆེཝ་ཨིན་པས། རང་བཞིན་གནས་སྟངས་དང་མཐུན་པའི་སྐྱེས་ཚད་གླིང་ག་དང་སེམས་ཅན་གླིང་ག་ ཆུའི་གླིང་ག་ སྤྲོ་སྣང་ཅན་གྱི་གླིང་ག་ཚུ་ཡང་ཡོདཔ་ཨིན། ཁྲོམ་འདི་ མཁའ་འགྲུལ་དང་ཆུ་འགྲུལ་ ས་ཐོག་ལས་འགྲུལ་སྐྱོད་འབད་དེ་ལྷོད་ཚུགས་པའི་ཁྲོམ་ཚོགས་ཅིག་ཨིན་པས། གློག་བརྙན་ཁང་ཡང་ཡོདཔ་ཨིན། དེ་བཟུམ་སྦེ་རྫོང་ཁག་ནང་འཁོད་དང་གཞན་ཁར་འགྱོ་ནིའི་དོན་ལུ་བརྡོ་དོན་དང་བརྒྱུད་འབྲེལ་གྱི་ཞབས་ཏོག་ཚུ་ཡོདཔ་ཨིན་པས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) ཇོ་ཧོར་བྷ་རུ། https://en.wikipedia.org/wiki/Johor_Bahru ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༥) ཇོ་ཧོར་བྷ་རུ། https://en.wikipedia.org/wiki/Johor_Bahru ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་ཝོ་ཡེཆ། (ལོ་མེད) ཇོ་ཧོར་བྷ་རུ། https://en.wikivoyage.org/wiki/Johor_Bahru ནང་ལས་ཐོབ་ཡོདཔ་ཨིན།