Jump to content

ཉེ་བརྒྱུད་བླ་མ་ཁ་ཤས་ཀྱི་སྐུ་བསྟོད་ཀྱི་རིགས།

Wikipedia ལས།

༈ ཉེ་བརྒྱུད་བླ་མ་ཁ་ཤས་ཀྱི་སྐུ་བསྟོད་བཞུགས་སོ།།

མི་ཕམ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་པདྨ་དཀར་པོས། རྒྱ་ཆེན་ཐུགས་རྗེའི་དབང་ཕྱུག་གྲུབ་པའི་མགོན། མི་ཕམ་ཆོས་ཀྱི་སྤྱན་ཡངས་ཆོས་ཀྱི་རྗེ། རྒྱལ་བ་རྒྱ་མཚོའི་རྒྱལ་ཚབ་རིན་པོ་ཆེ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །དྲེགས་ལྡན་གཉིས་འཐུངས་མྱོས་པའི་ཁེངས་འཇོམས་པ། །མི་ཡི་སེང་གེ་དཔལ་ལྡན་འབྲུག་པ་ཞེས། །ཆོས་ཀྱི་རྒྱལ་པོའི་ཞབས་ལ༴ །ཕྱོགས་རྣམས་སྙན་པའི་དྲི་བཟང་གིས་བཀང་ནས། །ལས་སུ་སྐལ་བཟང་བུང་བའི་རེ་སྐོང་བའི། །རྣམ་དག་གྲུབ་རིགས་འདབ་རྒྱས་ལྡུམ་ར་འདིར། །རྒྱལ་བ་གེ་སར་རྡུལ་བཞིན་ཁེངས་པར་ཤོག །དྲི་མེད་གུར་ཀུམ་མེ་ཏོག་ཆུན་པོ་ལྟར། །ཁྱོད་ཞབས་མཛེས་པའི་སེན་རིས་བཀྲ་བ་ཡིས། །བགྲང་ཡས་སྐྱེས་བུ་ཡོངས་ཀྱི་ཟུར་ཕུད་རྩེར། །བརྒྱན་པའི་ཕུན་ཚོགས་རྟག་ཏུ་བརྟན་བྱེད་ཤོག། །རྒྱལ་རྣམས་ཐུགས་རྗེའི་གེ་སར་རྩེར་གཟུང་བས། །ཐུབ་བསྟན་ཟིལ་མངར་ཞིམ་པོ་དར་བྱེད་ཅིང་། །སྒྲུབ་བརྒྱུད་ཉིན་མོར་བྱེད་པའི་དབང་ཕྱུག་གིས། །སྙིགས་དུས་ཤར་རི་རྟག་ཏུ་སྐྱོང་གྱུར་ཅིག། ༈ རྗེ་བླ་མ་བསྟན་པའི་ཉི་མ་ལ་བསྟོད་པ་པདྨ་དཀར་པོས། དཔལ་ལྡན་འབྲུག་པའི་གདུང་དུ་ལུགས་གཉིས་ཀྱི། །ཉིན་མོར་བྱེད་ལ་བསམ་ཞིང་མངོན་འཁྲུངས་པའི། །བསྟན་པའི་ཉི་མས་རྟག་ཏུ་འཇིག་རྟེན་ཀུན། །རྨོངས་པའི་མུན་ལས་རྒྱལ་བར་བྱེད་གྱུར་ཅིག །བསྟན་པའི་སྣང་བ་རྒྱ་མཚོ་མཐར་འགྱེད་ལ། །སྦྱངས་སྟོབས་ཤར་རིའི་རྩེ་ལ་གུང་འཕགས་པའི། །ཕན་བདེའི་པདྨོ་ཀུན་དགའ་འབྱེད་པའི་གཉེན། །སྨྲ་བའི་ཉིན་མོར་གྱུར་ལ་གསོལ་བ་འདེབས། །དཔལ་ལྡན་གྲུབ་རིགས་ནམ་མཁའི་རྒྱན་ཤར་བཞིན། །ལེགས་བཤད་འོད་ཟེར་འབུམ་ཕྲག་འགྱེད་པ་ཡིས། །སྐྱེ་དགུའི་སྙིང་མུན་འཇོམས་ལ་འགྲན་འབྲལ་བའི།།མི་ཕམ་བསྟན་པའི་ཉི་མར༴།རང་བཞིན་གྲུབ་དང་སྦྱངས་ཤུགས་རྣམ་དཔྱོད་ཀྱིས། །བསམས་པས་མི་འཁྱུད་ཐུགས་རྗེའི་རོལ་མོས་ཀྱང་། །མངའ་བའི་དགེ་བའི་བཤེས་གཉེན་ཆེར་སྒྲོག་པའི། །མི་ཕམ་བསྟན་པའི་ཉི་མར༴ །མཐའ་དག་འགྲོ་རྣམས་འཁོར་བ་ནས་འདོན་ལ།། སླར་ཡང་སྤྲུལ་པའི་སྣང་བརྙན་བསྟན་ནས་ཀྱང་། །མཛད་པའི་ཕྲིན་ལས་རྣམ་པར་རྒྱལ་བ་ཡིས། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་གྱུར་ཅིག། ༈ རྗེ་སྟག་རྩེ་བ་པད་དཀར་དབང་པོ་ལ་བསྟོད་པ་ངག་དབང་རྣམ་རྒྱལ་གྱིས། རྒྱལ་ཀུན་ཐུགས་རྗེའི་མཐུ་ལས་ལེགས་འོངས་ཤིང་། །ངག་གི་དབང་ཕྱུག་གྲགས་པའི་སྤྲུལ་པའི་སྐུ། །མཁྱེན་བརྩེ་ནུས་མཐུས་ས་གསུམ་འགྲོ་བ་འདྲེན། པད་དཀར་དབང་པོའི་ཞབས་ལ་གསོལ་བ་འདེབས།། ༈ རྗེ་ལྷ་དབང་བློ་གྲོས་ལ་གསོལ་བ་འདེབས། །རྒྱལ་ཀུན་སྤྲུལ་པའི་གར་སྒྱུར་རྡོ་རྗེ་སྐུ། །ཡན་ལག་དྲུག་ཅུ་བརྗོད་མེད་རྡོ་རྗེའི་གསུང་། །ཇི་ལྟ་ཇི་སྙེད་གཡོ་མེད་རྡོ་རྗེའི་ཐུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་དེར་འདུད། །ཁྱོད་ནི་བརྩེ་བས་གཞན་དོན་མི་འདོར་ཞིང་། །མཁྱེན་པས་ངག་གི་དབང་ཕྱུག་ཁེངས་འཕྲོག་པ།།ནུས་པས་གཡོན་ཅན་དཔུང་ཚོགས་ལས་རྒྱལ་བའི། །རིགས་གསུམ་ལྷག་པའི་ལྷ་ཡི་ངོ་བོར་འདུད། །ཚུལ་ཁྲིམས་ལྡན་པའི་སྐུ་མངའ་ཚོགས་ཀྱི་མཆོག། །མང་ཐོས་གཙུག་ལག་གཏེར་འཛིན་གསུང་མཆོག་ཆོས། །མཉམ་ཉིད་ཐུགས་ནི་བདེ་ཆེན་བདེ་གཤེགས་ཏེ། །མཆོག་གསུམ་ཀུན་འདུས་མཁས་པའི་དབང་པོར་འདུད། །རིག་འཛིན་ཀུན་གྱི་རྩ་བ་རྗེ་བཙུན་ཁྱེད། །མི་ཟད་འཁོར་ལོའི་གར་སྒྱུར་ཡི་དམ་ལྷ། །བར་ཆད་སེལ་བ་མཁའ་འགྲོ་སྲུང་མར་མཚུངས། །གང་འདུལ་དེར་སྟོན་བློ་གྲོས་བཟང་པོར་འདུད། །དེ་ལྟར་ཁྱེད་ལ་བསྟོད་ཅིང་གསོལ་བཏབ་པས། །སྤྲུལ་པས་ཆོས་ཀྱི་དགའ་སྟོན་བསྩལ་བ་དང་། །བདག་སོགས་གདུལ་བྱར་གྱུར་པའི་སེམས་ཅན་ལ། །བླ་མེད་རྡོ་རྗེ་འཛིན་པའི་ལམ་བསྟན་མཛོད། །དེང་ནས་གཟུང་ཏེ་ཚེ་རབས་ཐམས་ཅད་དུ། །ཡོངས་འཛིན་ཁྱོད་ཀྱི་ཞབས་རྡུལ་ལ་བརྟེན་ཅིང་། །གསུང་མཆོག་བདུད་རྩི་བཏུང་བས་རབ་ཚིམས་ནས། །འགྲོ་རྣམས་འཁོར་བའི་མཚོ་ལས་སྒྲོལ་བྱེད་ཤོག །ཅེས་པ་པདྨ་དཀར་པོ་གསུམ་པས་སྦྱར་བའོ། །ཡང་རྗེ་དེ་ལ་བསྟོད་པ་ངག་དབང་རྣམ་རྒྱལ་གྱིས། སྡོམ་གསུམ་མཛེས་པའི་སྐུ་མངའ་ཉེས་བྲལ་ཞིང་། །ཟབ་རྒྱས་ཆོས་ཕུང་གསུང་གིས་འགྲོ་རྣམས་ཚིམ། །སྒྲིབ་གཉིས་སྤྲིན་བྲལ་ཐུགས་ཀྱིས་ཟབ་དོན་གཟིགས། ལྷ་དབང་བློ་གྲོས་ཞབས་ལ་གསོལ་བ་འདེབས།།