Jump to content

ཊུ་ནི་སི།

Wikipedia ལས།
ཊུ་ནི་སི།
རྒྱལ་ས།
ས་ཁྱོན།163,610 km²
མི་འབོར11,972,169

ངོ་སྤྲོད།

ཊུ་ནི་སི་ཡ་འདི་ བྱང་ཨཕ་རི་ཀ་ལུ་ ཆགས་ཏེ་ཡོདཔ་ཨིན། དེའི་ནུབ་ཁ་ཐུག་ལུ་ ཨཱལ་ཇི་རི་ཡ་རྒྱལ་ཁབ་དང་ ཤར་ལྷོ་ཁ་ཐུག་ལུ་ ལིབ་ཡཱ་རྒྱལ་ཁབ་ དེ་ལས་ བྱང་དང་ཤར་ཁ་ཐུག་ལུ་ མེ་ཌི་ཊེ་རེ་ནི་ཡཱན་གྱི་ ས་མཚམས་ཡོདཔ་ཨིན་པས། འདི་གི་རྒྱ་ཚད་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་ ༡༦༣,༦༡༠ ཁྱབ་སྟེ་ཡོདཔ་ལས་ བྱང་ཕྱོགས་ཨཕ་རི་ཀ་གི་ རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་པས། ཊུ་ནི་སི་ཡ་འདི་ ཆུང་ཀུ་ཅིག་ཨིན་རུང་ ས་ཆ་གི་ཆགས་ཚུལ་མ་འདྲཝ་ཡོདཔ་དང་ དེ་ཡང་ མེ་ཌི་ཊེ་རེ་ནི་ཡཱན་མཚོ་འགྲམ་ལས་ ལྷོ་ཕྱོགས་ལུ་ བྱེ་མའི་ཐང་གི་ས་ཁོངས་ཚུ་ཡོདཔ་ཨིན་པས།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

རྒྱལ་ས་ལྟེ་བ་འདི་ བྱང་ཕྱོགས་མེ་ཌི་ཊེ་རེ་ནི་ཡཱན་གི་ ཉེ་འདབས་ལུ་ཆགས་ཏེ་ཡོད་པའི་ ཊུ་ནིསི་ཁྲོམ་སྡེ་འདི་ཨིན་པས། འདི་རྒྱལ་ཁབ་ཀྱི་སྲིད་དོན་དང་ ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཨིན་པས། ཁྲོམ་སྡེ་སྦོམ་གཞན་ཚུ་ཡང་ ཚོང་འབྲེལ་གྱི་གྲུ་ཆགས་ས་ ཁག་ཆེ་བའི་ཨེསི་ཕེགསི་ཁྲོམ་སྡེ་དང་ ལྟ་བཤལཔ་འགྱོ་ས་ གཙོ་བོ་ཅིག་ཨིན་མི་སོའུས་ཁྲོམ་སྡེ་ དེ་ལས་ སྔར་སྲོལ་གྱི་ལམ་སྲོལ་དང་ མཚོ་འགྲམ་གྱི་ས་གནས་ གེབསི་ཁྲོམ་སྡེ་འདི་ཚུ་ཨིན་པས།

མི་རློབས།

སྤྱི་ལོ་ ༢༠༢༥ ཚུན་ ཊུ་ནི་སི་ཡ་གི་མི་རློབས་འདི་ ས་ཡ་ ༡༢.༥ དེ་ཅིག་ཡོདཔ་ཨིན་པས། དམིགས་བསལ་གྱིས་ བྱང་ཕྱོགས་དང་ མཚོ་འགྲམ་གྱི་ལུང་ཕྱོགས་ཚུ་ནང་འབད་བ་ཅིན་ མི་རློབས་མང་ཤོས་ཅིག་ར་ ཁྲོམ་ཁར་ཆགས་ཏེ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ལུ་ ཧ་ཅང་གིས་ གཞོན་སྐྱེས་ཀྱི་མི་འབོར་གནས་སྟངས་ཡོདཔ་ཨིན་མས། ཁྲོམ་ཚུ་ནང་ མི་རློབས་ཡར་འཕར་འགྱོ་མི་དང་ ཤེས་རིག་གི་གནས་ཚད་ཡར་སེང་འགྱོ་མི་ལུ་བརྟེན་ ད་རེས་ཀྱི་ལོ་ཚུ་ནང་ མི་རློབས་ཡར་འཕར་འགྱོ་ནི་འདི་ མར་འབབ་འགྱོ་ནུག།

མི་རིགས།

ཊུ་ནི་སི་ཡ་གི་མི་རློབས་འདི་ མང་ཆེ་བ་རང་ ཨ་རབ་བཱར་བཱར་མི་རིགས་ཚུ་ ཡོདཔ་ཨིན་པས། མི་རློབས་ཉུང་བའི་རིགས་ཚུ་ཡང་ སབ་ས་ཧ་རན་ ཨཕ་རི་ཀཱན་དང་ ཇིའུསི་ དེ་ལས་ ཡུ་རོ་པེན་གྱི་མི་རིགས་ཚུ་ཡོདཔ་ཨིན་པས། ཁོང་ལུ་ མི་རིགས་དབྱེ་བ་ཕྱེ་ནི་འདི་ གནམ་མེད་ས་མེད་ཅིག་ར་ གཙོ་བོར་བཏོན་ནི་མེདཔ་ལས་ རྒྱལ་ཡོངས་ཀྱི་ངོ་རྟགས་ཚུ་ནང་ ག་ར་མི་གཅིག་ཨིན་པའི་གནས་སྟངས་འདི་དར་ཁྱབ་ གཏང་དོ་ཡོདཔ་ཨིན་མས།

ཁ་སྐད།

གཞུང་འབྲེལ་གྱི་ཁ་སྐད་འདི་ ཨ་རབ་ཨིནམ་དང་ ཁ་སྐད་འདི་ གཞུང་དང་ བརྡ་བརྒྱུད་ དེ་ལས་ ཤེས་རིག་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས། ཊུ་ནི་སི་ཡ་གི་ ཨ་རབ་སྐད་ཡིག་(ཌ་རི་ཇ་)འདི་ མི་ཚུ་གི་ དུས་རྒྱུན་དུ་ སླབ་དོ་ཡོདཔ་ཨིན་པས། ཊུ་ནི་ཤི་ཡ་གི་ དབང་འོག་སྡོད་ཡོད་པའི་ རྒྱལ་རབས་ལས་བརྟེན་ ཕེརེནཆི་འདི་ ཚོང་ལཱ་དང་ མཐོ་རིམ་ཤེས་ཡོན་ དེ་ལས་ ཕྱི་འབྲེལ་སྲིད་སྐྱོང་ནང་ རྒྱ་ཆེ་དྲགས་སྦེ་ལག་ལེན་འཐབ་ཨིན་པས། ཨ་མ་ཟཱིག་༼བཱར་བཱར་༽ ཁ་སྐད་ཚུ་ མི་སྡེ་ལ་ལུ་ཅིག་གིས་སླབ་དོ་ཡོདཔ་ཨིན་པས།

རྒྱལ་རབས།

ཊུ་ནི་སི་ཡ་ལུ་ དང་ཕུའི་རྒྱལ་རབས་ ལེ་ཤ་ཡོདཔ་ཨིན་པས། འདི་ནང་ རོམ་དང་དོ་འགྲན་འབད་མི་ ཕོས་ནི་ཤིཡེན་གྱི་མངའ་སྡེ་སྟོབས་ཤུགས་ཅན་ ཀར་ཐེ་གཱི་ཁྲོམ་ཚོགས་ཡོདཔ་ཨིན་པས། ཀར་ཐེ་གཱི་འདི་ དམག་ནང་ཕམ་པའི་ཤུལ་ལས་ ཊུ་ནི་སི་ཡ་འདི་ རོ་མཱན་གྱི་མངའ་སྡེ་ལུ་གྱུར་ནུག། དུས་རབས་ ༧ པའི་ནང་ ཨ་རབ་རྒྱལ་ཁབ་ཀྱི་གྲངས་སུ་བཙུགས་ཏེ་ ཤུལ་ལས་ ཨོ་ཊོ་མཱན་རྒྱལ་ཁམས་ཀྱི་ ཡན་ལག་ལུ་གྱུར་ནུག། སྤྱི་ལོ་ ༡༨༨༡ ལུ་ཕེརེནཆི་གིས་ ཊུ་ནི་ཤི་ཡ་དབང་ལུ་བསྡུ་ཡོདཔ་དང་ སྤྱི་ལོ་ ༡༩༥༦ ལུ་ ཧ་བིབ་ བོར་གུ་ཡི་བཱ་འགོ་ཁྲིདཔ་གི་འོག་ལུ་ རང་དབང་ཐོབ་ནུག། སྤྱི་ལོ་༢༠༡༡ གི་ངོ་རྒོལ་ ཨ་རབ་ཨིསི་པིརིང་འདི་ ཊུ་ནི་སི་ཡ་ལུ་འགོ་བཙུགས་ཏེ་ དམངས་གཙོའི་གཞུང་སྐྱོང་གཞི་བཙུགས་འབད་ནུག།

ཆོས་ལུགས།

ཆོས་ལུགས་ཁྱབ་ཆེཝ་འདི་ར་ ཁ་ཆེའི་ཆོས་ལུགས་ཨིནམ་དང་ དམིགས་བསལ་དུ་ ཊུ་ནི་སི་ཡཱན་མང་ཆེ་ཤོས་ཀྱིས་ལག་ལེན་འཐབ་མི་ སུ་ནི་ཁ་ཆེའི་ཆོས་ལུགས་འདི་ཨིན། རྒྱལ་ཁབ་འདི་ནང་ ཆོས་ལུགས་ཀྱི་བཟོད་བསྲན་གྱི་སྔར་སྲོལ་འདི་ ཡུན་རིངམོ་སྦེ་ར་ཡོདཔ་མ་ཚད་ དེ་ཁ་ལུ་ ཡེ་ཤུའི་ཆོས་ལུགས་དང་ཇིའུ་གི་ཆོས་སྡེ་ཆུང་ཀུ་ཅིག་ཡང་ཡོདཔ་ཨིན། ཊུ་ནི་སི་ཡ་འདི་ ཨམ་སྲུ་ཚུ་གི་ཐོབ་དབང་དང་མི་སེར་གྱི་རང་དབང་ལུ་ ཡར་འཕེལ་གྱི་བསམ་འཆར་དང་བཅས་ མུཛ་ལིམ་གྱི་མང་ཆེ་ཤོས་ཡོད་པའི་ ཆོས་དང་མ་མཐུན་པའི་རྒྱལ་ཁབ་ཅིག་སྦེ་ཆ་བཞགཔ་ཨིན།

གནམ་གཤིས།

ཊུ་ནི་སི་ཡ་ལུ་ མེ་ཌི་ཊེ་རེ་ནི་ཡཱན་གྱི་ས་གཤིས་ཡོདཔ་དང་ འདི་ཡང་ བྱང་ཕྱོགས་ལུ་ བྱཱར་འདི་ཚ་དྲོད་ཅན་དང་ སྐམ་ཀྲོག་ཀྲོ་ དེ་ལས་ དགུན་འདི་བསིལ་ལྡན་དང་ རློན་གཤེར་ཅན་སྦེ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་ལྷོ་ཕྱོགས་འདི་ ས་ཧ་ར་བྱེ་ཐང་དང་མཐུད་དེ་ཡོདཔ་དང་ གནམ་གཤིས་འདི་ སྐམ་ཀྲོག་ཀྲོ་སྦེ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་ས་ཆ་ནང་ གངས་རི་དང་ ས་བཅུད་ཅན་ དེ་ལས་ བྱེ་མའི་ཐང་གི་སའི་ཆགས་ཚུལ་ཚུ་ཚུདཔ་མ་ཚད་ རང་བཞིན་གནས་སྟངས་སྣ་ཚོགས་ཡོདཔ་ཨིན་པས།

གཞུང་སྐྱོང་།

ཊུ་ནི་སི་ཡ་འདི་ སྲིད་འཛིན་གྱི་རྒྱལ་ཁབ་ཅིག་ཨིན་པས། སྤྱི་ལོ་ ༢༠༡༡ གི་ངོ་རྒོལ་གྱི་ཤུལ་ལས་ར་འདི་ གལ་གནད་ཅན་གྱི་ སྲིད་དོན་ལེགས་སྒྱུར་འབད་ནུག། སྲིད་འཛིན་འདི་ མི་དམངས་ཚོགས་རྒྱན་གྱིས་ བཙག་འཐུ་འབད་ཡོདཔ་དང་ བཀོད་ཁྱབ་ཀྱི་དབང་ཚད་ཚུ་ བློན་ཆེན་དང་གཅིག་ཁར་ བགོ་སྟེ་ཡོདཔ་ཨིན་པས། ཊུ་ནི་སི་ཡ་འདི་ ཨ་རབ་ཨིསི་པིརིང་ངོ་རྒོལ་ སྐབས་ དམངས་གཙོའི་གཞུང་གཞི་བཙུགས་འབད་ཚུགས་པའི་ རྒྱལ་ཁབ་དཔེ་ལེགས་ཤོམ་ཅིག་ཨིན་རུང་ ད་ལྟོ་འབྱུང་བཞིན་ཡོད་པའི་ སྲིད་དོན་དང་དཔལ་འབྱོར་གྱི་གདོང་ལེན་ཚུ་བྱུང་སྟེ་རང་ཡོདཔ་ཨིན་པས།

དཔལ་འབྱོར།

ཊུ་ནི་སི་ཡ་ལུ་ སོ་ནམ་ལཱ། ས་གཏེར་ལཱ། བཟོ་གྲྭ། ལྟ་བཤལ་ལས་སྡེ་ཚུ་བརྩིས་ཏེ་ དཔལ་འབྱོར་སྣ་ཚོགས་སྦེ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༢༤ ཚུན་ཚོད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཧ་ལམ་ཌོ་ལར་ཐེར་འབུམ་ ༤༩ དེ་ཅིག་ཡོདཔ་ཨིན་པས། ཕྱིར་ཚོང་གཙོ་བོ་ར་ ཨ་རུའི་མར་ཁུ། ཐགས་རིགས། གློག་ཆས། ཕཱོས་ཕེཊ་ཚུ་ཨིནམ་ད་ ནང་འདྲེན་ནང་ འཕྲུལ་ཆས། ས་སྣུམ། བཟའ་འཐུང་གི་ཐོན་སྐྱེད་ཚུ་ཨིན་མས། དཔལ་འབྱོར་ལེགས་སྒྱུར་གྱི་དམིགས་ཡུལ་འདི་ གཡོག་མེད་མི་མར་ཕབ་འབད་ནི་དང་ ཡར་རྒྱས་ཀྱི་དོན་ལུ་སེམས་ཤུགས་བསྐྱེད་བཅུག་ནི་འདི་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

ཊུ་ནི་སེན་གྱི་ལམ་སྲོལ་ནང་ ཨ་རབ། བཱར་བཱར། མེ་ཌི་ཊེ་རེ་ནི་ཡཱན། ཕེརེནཆི་གི་སྲོལ་ཚུ་ སླ་བསྲེ་རྐྱབ་ཡོདཔ་ཨིན་པས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྱོན་ཆས་ཚུ་ ཁྱབ་ཆེ་བ་ཅིག་ཨིན་རུང་ སྔར་སྲོལ་གྱི་གྱོན་ཆས་ ཇི་བཱ་དང་སིཕ་ས་རི་ཚུ་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ གྱོན་དོ་ཡོདཔ་ཨིན་མས། ཊུ་ནི་སེན་གྱི་ལམ་སྲོལ་གྱི་མི་ཚེ་ནང་ རྩོམ་རིག་དང་ སྙན་ཆ་ དེ་ལས་ གློག་བརྙན་ཚུ་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཅིག་ཨིནམ་ལས་ དུས་སྟོན་ཚུ་ཡང་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

ལྟ་བཤལ།

ལྟ་བཤལ་འདི་གལ་ཆེ་བའི་ལས་སྡེ་ཅིག་ཨིན་པས། ཊུ་ནི་སི་ཡ་གིས་ རྒྱལ་རབས་ཅན་གྱི་ས་གོ་ ཀར་ཐེ་ཇ། ཨིལ་ཇེམ། ཨེམ་ཕི་ཐིའེ་ཊར། ཊུ་ནིསི་གི་མི་ཌི་ན་དང་ གཞན་ཡང་ མེ་ཌི་ཊེ་རེ་ནི་ཡཱན་མཚོ་མཐའ་དང་ ས་ཧ་ར་ལྟ་བཤལ་ཚུ་ཡོགས་དྲགས་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༡ ལས་ཚུར་ བར་ཆད་དུམ་གྲ་ཅིག་རྐྱབ་སྟེ་ར་འབད་རུང་ ལྟ་བཤལ་གྱི་ལས་སྣ་འདི་ ལོག་དྲག་དོ་ཡོདཔ་ལས་ ལམ་སྲོལ་གྱི་ས་ཆ་དང་ རང་བཞིན་གྱི་མཛེས་ཆ་གཉིས་ཆ་རའི་ནང་ལུ་ ལྟ་བཤལཔ་ཚུ་ འོང་དོ་ཡོདཔ་ཨིན་པས།

རྩེད་རིགས།

རྐང་རྩེད་འདི་ ཡོངས་གྲགས་ཆེ་ཤོས་ཀྱི་ རྩེདམོ་ཅིག་ཨིན་པས། ཊུ་ནི་ཤི་ཡ་གི་རྒྱལ་ཡོངས་སྡེ་ཚན་གྱིས་ ཕི་ཕ་འཛམ་གླིང་རྐང་རྩེད་འགྲན་བསྡུར་ མང་རབས་ཀྱི་དོན་ལུ་ མཐར་འཁྱོལ་ནུག། རྩེད་རིགས་གཞན་ ལག་བཱོལ་དང་ དྲྭ་རིལ་ དེ་ལས་ ལུས་རྩལ་ཚུ་ཚུདཔ་ཨིན། རྩེད་རིགས་ཚུ་ རྒྱལ་ཡོངས་ཀྱི་ལས་རིམ་ཚུ་དང་ སློབ་གྲྭའི་འགྲན་བསྡུར་ཚུ་བརྒྱུད་དེ་ ཡར་རྒྱས་བཏང་ནུག།

བཞེས་སྒོ།

ཊུ་ནི་ཤན་གྱི་བཞེས་སྒོ་གི་ཁྱད་ཆོས་འདི་ བྲོཝ་གི་རྫས་སྦྱོར། ཨ་རུའི་མར་ཁུ། རྒྱ་མཚོའི་ཟས། ལུག་ཤ། ཀུསི་ཀུསི་དང་ ཚོད་བསྲེ་སྣ་ཚོགས་ཚུ་ཨིན་པས། བཞེས་སྒོ་ཁག་ཆེ་ཤོས་ར་ བིརིཀ་༼བཱམ་རོ་ཊི་བརྔོ་བརྔོཝ་༽དང་ ལེ་བཱ་བི་༼ཅིཀ་པཱི་གི་ཁུ་བ་༽ དེ་ལས་ ཧ་རི་ས་༼རྫས་སྦྱོར་ལྡན་པའི་ཨེ་རྫས་༽ ཚུ་ཚུདཔ་ཨིན། བཞེས་སྒོ་ཚུ་ མང་སུ་སྦེ་ བགོ་བཤའ་རྐྱབ་སྟེ་ བྱིན་དོ་ཡོདཔ་ལས་ དེ་གིས་མགྲོན་སྐྱོང་དང་ མི་སྡེ་ནང་མཐུན་ལམ་ཡོད་པའི་བརྡ་མཚོན་ སྟོནམ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

ཊུ་ནི་སི་ཡ་གིས་ ཡུ་རོབ་ཀྱི་རྒྱལ་ཁབ་དང་ ཨ་རབ་ དེ་ལས་ ཨཕ་རི་ཀ་རྒྱལ་ཁབ་ཚུ་དང་གཅིག་ཁར་ འབྲེལ་བ་སྒྲིང་སྒྲིང་སྦེ་ བཞགཔ་ཨིན། ཁོང་འདི་ ཨཕ་རི་ཀཱན་གཅིག་བསྡོམས་ཚོགས་པ་དང་ ཨ་རབ་མཐུན་ཚོགས་ དེ་ལས་ མེ་ཌི་ཊེ་རེ་ནི་ཡཱན་གཅིག་བསྡོམས་ཚོགས་པའི་ འཐུས་མི་ཨིན། དམིགས་བསལ་གྱིས་ ཨི་ཡུ་དང་ ཁྱིམ་ཚང་མ་གེརིབ་མངའ་སྡེ་ཚུ་དང་གཅིག་ཁར་ རྒྱལ་ཁབ་ཀྱིས་ དཔལ་འབྱོར་མཉམ་འབྲེལ་དང་ དམངས་གཙོའི་རིང་ལུགས་ཀྱི་མཉམ་འབྲེལ་ཚུ་ སྒྲིང་སྒྲི་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས།

མཇུག་དོན།

ཊུ་ནི་སི་ཡ་འདི་ རྒྱལ་རབས་ཀྱི་འབྱུང་གཞི་གཏིང་ཟབ་དྲགས་དང་ ལམ་སྲོལ་གྱི་སྔར་སྲོལ་ཕྱུགཔོ་ དེ་ལས་ དེང་སང་གི་དམངས་གཙོའི་ངོ་རྟགས་ཡོད་པའི་རྒྱལ་ཁབ་ཅིག་སྦེ་གནས་ཏེ་ཡོདཔ་ཨིན། དཔལ་འབྱོར་དང་ སྲིད་དོན་གྱི་གདོང་ལེན་ཚུ་ ཡོད་དེ་རང་འབད་རུང་ ཨ་རབ་རྒྱལ་ཁབ་ཚུ་ནང་ ལྡོག་ཤུགས་དང་ ཡར་རྒྱས་ཀྱི་དཔེ་གཙོ་བོ་ཅིག་སྦེ་ར་ཡོདཔ་ཨིན་པས།

"https://dz.wikipedia.org/w/index.php?title=ཊུ་ནི་སི།&oldid=39313" ལས་ སླར་འདྲེན་འབད་ཡོདཔ།