ཊོ་གོ།
| ཊོ་གོ། | ||
|
| ||
ངོ་སྤྲོད།
ཊོ་གོ་འདི་ ནུབ་ཕྱོགས་ཨཕ་རི་ཀ་གི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་དང་ ནུབ་ཕྱོགས་ལུ་གཱ་ནཱ་རྒྱལ་ཁབ། ཤར་ཕྱོགས་ལུ་བི་ནིན་རྒྱལ་ཁབ། བྱང་ཕྱོགས་ལུ་ བུར་ཀི་ན་ཕ་སོ་རྒྱལ་ཁབ། ལྷོ་ཕྱོགས་ལུ་ གུ་ཡ་ན་གི་མཚོ་ཁུག་གི་བར་ན་ ཆགས་ཏེ་ཡོདཔ་ཨིན། འདི་གི་རྒྱ་ཚད་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་ ༥༦,༧༨༥ ཁྱབ་སྟེ་ཡོདཔ་ལས་ ཨཕ་རི་ཀ་གི་ས་ཆ་གི་ཚད་ལས་ རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་མས། ཊོ་གོ་འདི་ ཆུང་ཀུ་ཨིན་རུང་ མཚོ་འགྲམ་གྱི་ཐང་དང་ རྩྭ་ཐང་ དེ་ལས་ སྒང་རི་ཅན་གྱི་ས་ཆ་བཅས་ སྣ་ཚོགས་སྦེ་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།
ཊོ་གོ་གི་རྒྱལ་ས་ལྟེ་བ་འདི་ གུ་ཡ་ན་གི་མཚོ་ཁུག་ནང་ཆགས་ཡོད་པའི་ ལོ་མེ་ཁྲོམ་སྡེ་འདི་ཨིན་པས། ཁྲོམ་སྡེ་འདི་སྦོམ་ཤོས་ཅིག་ཨིནམ་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ སྲིད་དོན་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཡང་ཨིན། ཁྲོམ་སྡེ་སྦོམ་གཞན་ཡང་ ཊོ་གོ་གི་དབུས་ཕྱོགས་ལུ་ ཁྲོམ་སྡེ་སྦོམ་ཤོས་གཉིས་པ་ཨིན་མི་ སོ་ཀོ་ཌི་ཁྲོམ་ཚོགས་དང་ བྱང་ཕྱོགས་ཁ་ཐུག་ལུ་ ཚོང་འབྲེལ་གྱི་ལྟེ་བ་ ཀ་ར་ཁྲོམ་ཚོགས་ དེ་ལས་ སོ་ནམ་གྱི་ལཱ་ཁག་ཆེ་བའི་ ཨ་ཊག་པཱ་མི་ཁྲོམ་ཚོགས་ཚུ་ཨིན་མས།
མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཊོ་གོ་ལུ་ མི་རློབས་ས་ཡ་ ༩ དེ་ཅིག་ཡོད་པའི་སྔོན་རྩིས་བཏོན་ཡོདཔ་ཨིན་པས། མི་རློབས་འདི་མང་ཆེ་བ་གཞོནམ་ཨིནམ་དང་ བརྒྱ་ཆ་ ༦༠ དེ་ཅིག་སྐྱེས་ལོ་ ༢༥ འོག་རྒྱུ་ཡོདཔ་ཨིན་པས། ཁྲོམ་ཚུ་རྒྱ་སྐྱེད་འདི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ ད་རེས་ མི་རློབས་མང་ཤོས་ཅིག་ར་ གྲོང་གསེབ་ཚུ་ནང་སྡོད་དོ་ཡོདཔ་དང་ འཚོ་བ་སྐྱོང་ནི་གི་དོན་ལུ་ སོ་ནམ་ལུ་བརྟེན་དོ་ཡོདཔ་ཨིན་མས།
མི་རིགས།
ཊོ་གོ་འདི་ མི་རིགས་སྡེ་ཚན་ ༤༠ ལྷགཔ་ཅིག་གིས་ས་གོ་ཨིནམ་དང་ ཨི་ཝི་མི་རིགས་དང་ མི་ན་མི་རིགས་ དེ་ལས་ ཀ་བི་མི་རིགས་ཚུ་ཡོངས་གྲགས་ཅན་ཅིག་ཨིན། ཨི་ཝི་མི་རིགས་ཚུ་གཙོ་བོ་ར་ལྷོ་ཕྱོགས་ལུ་ཡོདཔ་ད་ ཀཱ་བི་མི་རིགས་ཚུ་བྱང་ཕྱོགས་ལུ་སྡོདཔ་ཨིན། རྒྱལ་ཁབ་ནང་ལུ་མི་རིགས་ཚུ་ལེ་ཤ་ཡོད་རུང་ རྒྱལ་ཡོངས་ངོ་རྟགས་ཀྱི་ཐོག་ལས་ ལམ་སྲོལ་གཅིག་སྒྲིལ་ལུ་སེམས་ཤུགས་བྱིན་ཏེ་ སྤྱིར་བཏང་ལུ་ ཞི་བདེ་དང་ལྡནམ་སྦེ་གནས་ཏེ་ཡོདཔ་ཨིན།
ཁ་སྐད།
གཞུང་འབྲེལ་གྱི་ཁ་སྐད་འདི་ ཕེརེནཆི་ཨིནཔ་དང་ ཁ་འདི་དབང་འོག་བཙུགས་པའི་སྐབས་ཀྱི་ ཤུལ་ཅིག་ཨིན། ཨིན་རུང་ ཨི་ཝི་དང་ཀཱ་བི་བརྩིས་ཏེ་ རྒྱལ་ཡོངས་ཀྱི་ཁ་སྐད་སྦེ་ ངོས་འཛིན་འབད་ཡོད་པའི་ གཡུས་ཁའི་ཁ་སྐད་ལེ་ཤ་ཅིག་ར་ ཡོངས་གྲགས་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཁ་སྐད་མངམ་སྦེ་ལག་ལེན་འདི་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ ཡོངས་དྲགས་ཡོདཔ་ཨིན་པས།
རྒྱལ་རབས།
ཊོ་གོ་འདི་ སྤྱི་ལོ་ ༡༨༨༤ ལུ་ ཇར་མ་ནི་གི་དབང་འོག་ལུ་ མ་འགྱོ་བའི་ཧེ་མ་ ནུབ་ཕྱོགས་ཨཕ་རི་ཀ་གི་ རྒྱལ་ཁམས་ཀྱི་ཡན་ལག་ཁག་ལེ་ཤ་ཡོད་པའི་གྲས་ལས་ གཅིག་ཨིན་པས། འཛམ་གླིང་དམག་ཆེན་དང་པ་གི་ཤུལ་ལས་ རྒྱལ་ཁབ་འདི་ ཕེརེནཆི་དང་བིརི་ཊིཤ་གི་བར་ན་ བགོ་བཤའ་རྐྱབ་སྟེ་ ད་རེས་ནངས་པའི་ཊོ་གོ་འདི་ ཕེརེནཆི་གི་དབང་ཚད་འོག་ལུ་ཡོད་མི་འདི་ཨིན་པས། རྒྱལ་ཁབ་འདི་སྤྱི་ལོ་ ༡༩༦༠ ཟླ་༤ པའི་ཚེས་ ༢༧ ལུ་ཕརཱནསི་ལས་ རང་དབང་ཐོབ་ནུག། དེ་ལས་ཚུར་ ཊོ་གོ་ལུ་ སྲིད་དོན་གྱི་ནང་འཁྲུག་ཚུ་ཐོན་ཡོད་རུང་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་སྐྱོང་གི་ལམ་ལུགས་ཡང་ ཡར་དྲག་བཏང་ནུག།
ཆོས་ལུགས།
ཊོ་གོ་འདི་ ཆོས་ལུགས་ཀྱི་སྒོ་ལས་སྣ་ཚོགས་ཡོད། ཧ་ལམ་མི་རློབས་བརྒྱ་ཆ་ ༤༣% འདི་ཡེ་ཤུཔ་ཨིནམ་དང་བརྒྱ་ཆ་ ༡༤% འདི་མུཛ་ལིམ་ཨིནམ་དང་ ཧ་ལམ་བརྒྱ་ཆ་ ༣༥% དེ་ཅིག་གིས་ རང་ཡུལ་གྱི་ཨཕ་རི་ཀཱན་གྱིས་ རང་ལུགས་ཆོས་ལུགས་ཚུ་བཏོནམ་ཨིན་མས། ལྷག་པར་དུ་ གྲོང་གསེབ་ཀྱི་ས་གོ་ཚུ་ནང་འབད་བ་ཅིན་ སྔར་སྲོལ་གྱི་ཆོས་ལུགས་ལུ་ ཡིད་ཆེས་སྐྱེད་མི་ལས་བརྟེན་ཏེ་ ཡོངས་གྲགས་ཅན་སྦེ་ར་ཡོདཔ་ཨིན།
གནམ་གཤིས།
ཊོ་གོ་ལུ་ ཚ་དྲོད་ཡོད་པའི་ས་གཤིས་ཡོདཔ་དང་ བྱང་ཕྱོགས་ལུ་ ཟླཝ་བཞི་པ་ལས་བཅུ་པ་ཚུན་ ཆར་པའི་དུས་ཚོད་དང་ ལྷོ་ཕྱོགས་ལུ་ ཆར་འབབ་དུས་ཡུན་གཉིས་ཡོདཔ་ཨིན། མཚོ་འགྲམ་གྱི་ལུང་ཕྱོགས་འདི ་ཚ་ཏོག་ཏོ་དང་རློན་གཤེར་ཅན་སྦེ་ཡོདཔ་ད་ ནང་ན་འདི་གནམ་མེད་ས་མེད་ སྐམ་ཀྲོག་ཀྲོ་སྦེ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་ས་ཆ་འདི་ མཚོ་འགྲམ་གྱི་ས་གོ་དམའ་ཤོས། སྤོ་ཏོ་ཡོད་པའི་ས་ཁོངས། ས་ཐང་ཚུ་དང་ བྱང་ཕྱོགས་ལུ་གངས་རི་ཚུ་ཡོདཔ་ཨིན་པས།
གཞུང་སྐྱོང་།
ཊོ་གོ་འདི་ སྲིད་འཛིན་དབང་བའི་ མི་སེར་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་གྱིས་ རྒྱལ་ཁབ་དང་གཞུང་གི་འགོ་འཛིན་སྦེ་ཕྱག་ཞུཝ་ཨིནམ་དང་ ལོ་ལྔ་གི་དོན་ལུ་ བཙག་འཐུ་འབད་འབདཝ་ཨིན་པས། རྒྱལ་ཁབ་འདི་ སྲིད་དོན་གྱི་ལམ་ལུགས་ནང་ སྲིད་དོན་ཚོགས་པ་ལེ་ཤ་ཡོད་པའི་བསྒང་ལས་ སྲིད་དོན་ཚོགས་པ་གཅིག་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ གཞུང་སྐྱོང་འབད་དེ་ཡོད་མི་ལུ་བརྟེན་ དམངས་གཙོའི་རིང་ལུགས་ཀྱི་བྱ་སྤྱོད་ཚུ་གི་སྐོར་ལས་ ཚ་གྱང་ཚུ་ ལེ་ཤ་ཅིག་ར་འཐོན་དོ་ཡོདཔ་ཨིན་མས།
དཔལ་འབྱོར།
ཊོ་གོ་གི་དཔལ་འབྱོར་འདི་ མང་ཤོས་ར་ སོ་ནམ་ལུ་བརྟེན་དོ་ཡོདཔ་དང་ མི་རློབས་མང་ཆེ་ཤོས་ཅིག་སོ་ནམ་གྱི་ལཱ་འབད་མི་ཨིན་པས། ཕྱིར་ཚོང་གཙོ་བོ་ར་ ཕཱོསོ་ཕེཊ། ཀ་བལ། ཀཱོ་ཕི། ཀོ་ཀོ་ཚུ་ཨིན་པས། རྒྱལ་ཁབ་འདི་ ཁྱིམ་ཚང་སྐོབས་ཚུད་རྒྱལ་ཁབ་ཚུ་གི་དོན་ལུ་ ཚོང་འབྲེལ་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན་མས། སྤྱི་ལོ་ ༢༠༢༤ ཚུན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཧ་ལམ་ཐེར་འབུམ་ ༨ དེ་ཅིག་ཡོདཔ་ཨིན་པས། ནང་འདྲེན་གྱི་གྲངས་སུ་ འཕྲུལ་ཆས། སྣུམ་འཁོར་མར་ཁུ། བཞེས་སྒོའི་རིགས། བཟོ་སྐྲུན་འབད་ཡོད་པའི་ཅ་ཆས་ཚུ་ཨིན་པས།
ལམ་སྲོལ་དང་གྱོན་ཆས།
ཊོ་གོ་གི་ལམ་སྲོལ་འདི་ སྣ་མང་དང་སྣ་ཚོགས་སྦེ་ཡོདཔ་ཨིན་པས། སྔར་སྲོལ་གྱི་སྙན་ཆ་དང་ རྔ་བརྡུང་ནི་ དེ་ལས་ ཞབས་ཁྲ་རྐྱབ་ནི་ཚུ་ མི་སྡེའི་མི་ཚེ་ནང་ ཁག་ཆེཝ་སྦེ་ཡོདཔ་ཨིན་པས། གོ་ལ་ཚུ་ལུང་ཕྱོགས་ཀྱི་ཁྱད་པར་ཡོད་རུང་ ཁྲ་བཀོད་འོད་ཆེམ་ཆེ་ཡོད་པའི་རས་ཆ་ ཀེན་ཊི་དང་ བ་ཊིག་ཚུ་ཡང་ཚུདཔ་ཨིན་པས། སྔར་སྲོལ་གྱི་གྱོན་ཆས་འདི་ དུས་སྟོན་དང་རྟེན་འབྲེལ་ཚུ་ནང་གྱོནམ་ཨིན་པས།
ལྟ་བཤལ།
མཚོ་མཐའམ་བདའ་སྟེ་ཡོད་པའི་ ཀུ་ཊམ་མཀ་ ཡུ་ནེསི་ཀོ་ འཛམ་གླིང་གི་སྔར་ཁྱུན་ས་གོ། ཊོ་གོ་ཝིལ། རྒྱལ་རབས་ཅན་གྱི་ས་ཆ། ཁྲོམ་ཚོགས། མཚོ་མཐའི་བྱེ་ཐང་ཚུ་ནང་ ལྟ་བཤལ་འདི་ ཡར་དྲག་འགྱོ་དོ་ཡོདཔ་ཨིན་མས། ལམ་སྲོལ་གྱི་དུས་སྟོན་དང་ རྒྱལ་ཁབ་ཀྱི་མཛེས་ཆ་ཚུ་གིས་ ལྟ་བཤལཔ་ཚུ་འོང་ནིའི་སྤྲོ་བ་བསྐྱེད་བཅུགཔ་ཨིན་མས།
རྩེད་རིགས།
རྐང་རྩེད་འདི་ ཊོ་གོ་ལུ་ རྩེདམོ་ཡོངས་གྲགས་ཅན་ཅིག་ཨིན། རྒྱལ་ཡོངས་སྡེ་ཚན་གྱིས་སྤྱི་ལོ་ ༢༠༠༦ ལུ་ ཕི་ཕ་འཛམ་གླིང་རྒྱལ་རྟགས་ཀྱི་དོན་ལུ་མཐར་འཁྱོལ་ཏེ་ རྒྱལ་སྤྱིའི་གནས་ཚད་ནང་ མིང་གཏམ་ཐོབ་ནུག། ལུས་རྩལ་དང་ སྔར་སྲོལ་གྱི་སྐེད་བཤེད་ཡང་ ཡོངས་དྲགས་ཡོདཔ་ཨིན་པས།
བཞེས་སྒོ།
ཊོ་གོ་གི་བཞེས་སྒོ་ཚུ་ཡང་ ཕུ་ཕུ། ཨ་ཀུ་མི། ཏ་ལའི་ཤིང་འབྲས་ཁུ་བ། ཉ་བསྲེགས་བསྲེགསཔ་ཚུ་ཨིན་པས། བཞེས་སྒོ་ཚུ་འཕྲལ་འཕྲལ་ར་ཁ་ཚ་དྲགས་དང་ གཡུས་ཁའི་རྫས་སྦྱོར་ གེ་ཟ། ཀ་སཱ་ཝ། ཡཱམ་ཚུ་ལག་ལེན་འཐབ་ཨིན། ཁྲོམ་ལམ་གྱི་བཞེས་སྒོ་འདི་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ཡོངས་གྲགས་ཡོདཔ་ཨིན་པས།
ཕྱི་འབྲེལ་མཐུན་ལམ།
ཊོ་གོ་གིས་ འཛམ་གླིང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་འབྲེལ་ཚུ་ལེགས་ཤོམ་སྦེ་བཞགཔ་མ་ཚད་ ཨཕ་རི་ཀཱན་གཅིག་བསྡོམས་ཚོགས་པ་དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ ཨི་ཀོ་ཝཱསི་(ECOWAS) གི་འཐུས་མི་ཡང་ཨིན་པས། འདི་གིས་ མཐུན་ཕྱོགས་མེད་པའི་ཕྱི་འབྲེལ་སྲིད་བྱུས་དང་ ཚོང་འབྲེལ་དང་ སྲུང་སྐྱོབ་ཀྱི་ལུང་ཕྱོགས་མཉམ་འབྲེལ་གྱི་ལཱ་ཚུ་འཕྲོ་མཐུད་དེ་འབདཝ་ཨིན་པས།
མཇུག་དོན།
ཊོ་གོ་འདི་ཆུང་ཀུ་ཅིག་ཨིན་རུང་ ལམ་སྲོལ་གྱི་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་དང་ དཔལ་འབྱོར་ཡར་རྒྱས་འགྱོ་བའི་ནུས་པ་ཡོདཔ་ཨིན་པས། སྲིད་དོན་གྱི་གདོང་ལེན་ཚུ་ཡོད་རུང་ ཁོང་ལུ་ན་གཞོན་གྱི་མི་རློབས་དང་ ཐབས་བྱུས་ཅན་གྱི་ས་ཁོངས་ དེ་ལས་ སྔར་ཁྱུན་གྱི་ལམ་སྲོལ་ཚུ་ཡོད་པ་ལས་བརྟེན་ ནུབ་ཕྱོགས་ཨཕ་རི་ཀཱན་ལུང་ཕྱོགས་ནང་ ཡར་རྒྱས་དང་གཅིག་སྒྲིལ་ འགྱོ་ཚུགས་པའི་ཕན་པ་ཡོདཔ་ཨིན་པས།