Jump to content

ཌེལ་མཱས། Delmas

Wikipedia ལས།

༉ ཧེ་ཊི་རྒྱལ་ཁབ་ཀྱི་ འཚོལ་ཞིབ་ལས་ཁུངས་ནང་ལུ་ ཡོངས་གྲགས་ཅན་གྱི་ མི་སྡེ་ཅིག་ཨིན་མི་ ཌེལ་མཱས་འདི་ རྒྱལ་ཁབ་ཀྱི་ བཟོད་བསྲན་དང་ མགུ་རྙོག་དྲགས་ཀྱི་ བདེན་ཁུངས་ཅིག་སྦེ་ ཆགས་ཏེ་ཡོདཔ་ཨིན། པོརཊ་ཨའུ་པྲིནསི་རྫོང་ཁག་ནང་ལུ་ཆགས་ཏེ་ཡོད་མི་ ཌེལ་མཱས་འདི་ ཁྲོམ་ཚོགས་ལྟེ་བ་གལ་ཅན་ཅིག་ཨིནམ་མ་ཚད་ ཧེ་ཊི་རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་དང་ལམ་སྲོལ་གྱི་འགྱུར་བ་ཚུ་ གསལ་སྟོན་འབད་མི་ འཇིག་རྟེན་ཆུང་བ་ཅིག་ཨིན། འ་ནཱི་འཚོལ་ཞིབ་ཡོངས་རྫོགས་འདི་གིས་ ཌེལ་མཱས་ཀྱི་ གནས་སྟངས་མ་འདྲཝ་ཚུ་ནང་ལུ་ ཞིབ་འཇུག་འབད་དེ་ འཛམ་གླིང་རྒྱས་བཤད་དང་ བྱུང་རབས་ལམ་སྲོལ་དང་དཔལ་འབྱོར་ དེ་ལས་ གདོང་ལེན་ཚུ་གི་སྐོར་ལས་ ཤེས་རྟོགས་བྱིནམ་ཨིན།

ཌེལ་མཱས་འདི་ ཧེ་ཊི་གི་འཚོལ་ཞིབ་ལས་ཁུངས་ནང་ལུ་ཆགས་ཏེ་ཡོད་མི་ མི་སྡེ་ཅིག་ཨིནམ་དང་ འདི་ཡང་ པོརཊ་ཨའུ་པྲིནསི་རྫོང་ཁག་གི་ཆ་ཤས་ཅིག་ཨིན། ཌེལ་མཱས་འདི་ རྒྱལ་ས་ལྟེ་བའི་ཉེ་འདབས་ལུ་ཡོད་པའི་ ཐབས་བྱུས་ཅན་གྱི་གནས་རིམ་ཅིག་ཨིནམ་ལས་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ སྡོད་ཁྱིམ་གྱི་མི་ཚེའི་དོན་ལུ་ ཁག་ཆེ་བའི་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ཨིན། མི་སྡེ་གོང་འཕེལ་གྱིས་ ཧེ་ཊི་གི་འཕྲལ་ཁམས་ཅིག་གི་རྒྱལ་རབས་ནང་ ཁྲོམ་ཚོགས་གོང་འཕེལ་དང་ མི་སྡེ་སྲིད་དོན་གྱི་འགྱུར་བ་ཚུ་ གསལ་སྟོན་འབདཝ་ཨིན།

ཌེལ་མཱས་འདི་ མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༡༩༤ གི་ས་ཁར་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞིམ་ ༢༧.༧༤ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། ཁྲོམ་ཚོགས་ཀྱི་ས་ཆའི་གནས་སྟངས་འདི་ སྡོད་ཁྱིམ་གྱི་ཁྱིམ་ཚང་དང་ཚོང་འབྲེལ་གྱི་ས་ཁོངས་ དེ་ལས་ བཟོ་གྲྭའི་ས་ཁོངས་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ འདི་གིས་ པོརཊ་ཨའུ་པྲིནསི་ཁྲོམ་ཆེན་ལུང་ཕྱོགས་ནང་ལུ་ ལྟེ་བ་ཅིག་སྦེ་འགན་ཁུར་འབག་མི་འདི་ གསལ་སྟོན་འབདཝ་ཨིན། ཁྲོམ་སྡེ་འདི་ རྒྱལ་ས་ལྟེ་བ་དང་ ཉེ་འདབས་ལུ་ཡོདཔ་ལས་ ཡར་རྒྱས་འགྱོ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ལས་ རྒྱལ་ཁབ་ནང་ མི་རློབས་མངམ་ཡོད་པའི་ ས་ཁོངས་ཅིག་ལུ་གྱུར་ཡོདཔ་ཨིན། [༡] གིས་བཀོད་ནུག། སྤྱི་ལོ་ ༢༠༡༥ ལུ་ ཌེལ་མཱས་ལུ་ མི་རློབས་ ༣༩༥,༢༦༠ ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་ལས་ ཧེ་ཊི་ལུ་ མི་རློབས་མང་ཤོས་ཡོད་པའི་མི་སྡེ་ཅིག་ཨིན་པས། མི་རློབས་ཀྱི་འབོར་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་མ་རེ་ནང་ མི་ངོ་ ༡༤,༢༤༩ དེ་ཅིག་ཡོདཔ་ལས་ ས་གནས་འདི་གི་ཁྲོམ་ཚོགས་ཀྱི་ཁྱད་ཆོས་དང་ མི་རློབས་ཀྱི་སྟུག་ཚད་མཐོ་དྲགས་སྦེ་སྡོད་མི་དང་འབྲེལ་བའི་གདོང་ལེན་ཚུ་ གསལ་སྟོན་འབདཝ་ཨིན། ཌེལ་མཱས་ཀྱི་མི་འབོར་ཞིབ་རྩིས་འདི་ མ་འདྲཝ་སྦེ་ཡོདཔ་ལས་ མི་སྡེ་དཔལ་འབྱོར་གྱི་སྡེ་ཚན་མ་འདྲཝ་ཚུ་ ཁྱབ་ཚུགས་དོ་ཡོདཔ་མ་ཚད་ ཧེ་ཊི་གི་ལམ་སྲོལ་ཚུ་ཡང་ གསལ་སྟོན་འབདཝ་ཨིན་མས།

ཌེལ་མཱས་ལུ་ ཚ་དྲོད་ཀྱི་གནམ་གཤིས་འདི་ རློན་གཤེར་དང་སྐམ་པའི་དུས་ཚོད་མ་འདྲཝ་སྦེ་དབྱེ་བ་ཕྱེས་ཏེ་ཡོདཔ་ཨིན། གནམ་གཤིས་འོད་མདངས་ཀྱིས་ ལོ་གཅིག་གི་རིང་ལུ་ དྲོད་ཚད་འདི་ སྤྱིར་བཏང་ལུ་ ༧༢°F ལས་ ༩༣°F ཚུན་ཡོདཔ་དང་ དྲོད་ཚད་འདི་ སྤྱི་ཟླ་ ༦ པ་ལས་ ༩ པའི་བར་ན་ལུ་འབྱུངམ་ཨིན་ཟེར་བཀོད་ནུག། ཆརཔ་གི་དུས་ཚོད་འདི་ སྤྱི་ཟླ་ ༤ པ་ལས་ ༡༠ པ་ཚུན་ཚོད་ཨིནམ་དང་ སྤྱིར་བཏང་ལུ་ ཆརཔ་ཤུགས་སྦེ་ར་ སྤྱི་ཟླ་ ༥ པ་དང་ ༩ པའི་ནང་ རྐྱབ་དོ་ཡོདཔ་ཨིན་མས། ཌེལ་མཱས་ལུ་འོང་ནི་གི་དུས་ཚོད་ལེགས་ཤོམ་འདི་ སྐམ་པའི་དུས་ཚོད་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༣ པ་ཚུན་ཨིནམ་དང་ དེ་བསྒང་ ཕྱི་ཁའི་ལས་རིམ་དང་ ས་གནས་ཀྱི་སྐོར་ལས་ འཚོལ་ཞིབ་འབད་ནི་ལུ་ གནམ་གཤིས་ལེགས་ཤོམ་ཡོདཔ་ཨིན་ཟེར་ཨིན་པས།[༢]

ཌེལ་མཱས་འདི་ གལ་གནད་ཅན་གྱི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་འགྱུར་མི་འདི་ འཕྲལ་ཁམས་ཅིག་ཁར་ཨིནམ་དང་ དུས་རབས་ ༢༠ པའི་ཕྱེད་ཀ་ལུ་ ཡར་རྒྱས་སྦོམ་སྦེ་ར་འགྱོ་ནུག མི་སྡེ་རྒྱ་སྐྱེད་འདི་ གནས་སྤོ་འགྱོ་མི་གི་རྣམ་པ་དང་དཔལ་འབྱོར་གྱི་གོ་སྐབས་ དེ་ལས་ པོརཊ་ཨའུ་པྲིནསི་ཀྱི་ཉེ་འདབས་ལུ་ཡོད་པའི་ ཐབས་བྱུས་ཅན་གྱི་ས་གནས་ཚུ་གིས་ཤན་ཞུགས་འབད་ནུག། ལོ་ངོ་མང་རབས་ཅིག་གི་རིང་ལུ་ ཌེལ་མཱས་ལུ་ སྤྱི་ལོ་ ༢༠༡༠ ལུ་ ས་ཡོམ་གྱིས་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་མ་ཚད་ མི་ཤི་རྐྱེན་ཡང་ བྱུང་ཡོདཔ་ཨིན་པས། དེ་ལས་ཚུར་མི་སྡེ་འདི་གིས་ བསྐྱར་བཟོ་དང་གོང་འཕེལ་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་ཨིན།

ཌེལ་མཱས་འདི་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་མི་ མི་སྡེ་གི་བདག་སྐྱོང་གཞི་བཀོད་འོག་ལུ་ ལཱ་འབདཝ་ཨིན། ས་གནས་གཞུང་གིས་ ཉེར་མཁོའི་ཞབས་ཏོག་ཚུ་ བྱིན་ནི་དང་ གཞི་རྟེན་མཐུན་རྐྱེན་ཚུ་ རྒྱུན་སྐྱོང་འཐབ་ནི་ དེ་ལས་ གོང་འཕེལ་གཏང་ཐབས་ལུ་ སྲིད་བྱུས་ཚུ་ ལག་ལེན་འཐབ་ནི་ཚུ་ འགན་ཁུར་འབག་དགོཔ་ཨིན་པས། ཨིན་རུང་ ཧེ་ཊི་རྒྱལ་ཁབ་ཀྱི་ས་གནས་གཞན་ཚུ་བཟུམ་སྦེ་ ཌེལ་མཱས་ལུ་ཡང་ གཞུང་སྐྱོང་ལུ་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ ཐོན་སྐྱེད་ཚད་འཛིན་ཡོད་མི་ དེ་ལས་ རྒྱལ་ཁབ་མེན་པའི་ འཁྲབ་རྩེདཔ་ཚུ་གི་ཤན་ཞུགས་ལུ་བརྟེན་ཏེ་ གདོང་ལེན་བྱུང་དོ་ཡོདཔ་ཨིན། ཇིན་མི་ཤལ་ཧའུ་ཊི་ཝིལ་ལི་ [༣]གིས་ འཕྲལ་ཁམས་ཅིག་གི་ལོ་ཚུ་ནང་ སྡེ་ཚན་གྱི་ལཱ་ཚུ་ཡར་སེང་འགྱོ་མི་འདི་གིས་ གཞུང་སྐྱོང་འདི་ ཧེང་སྐལ་ར་ མགུ་རྙོག་དྲགས་བཟོ་སྟེ་ཡོདཔ་ལས་ ས་གནས་ལ་ལུ་ཅིག་ མཚོན་ཆ་ཅན་གྱི་སྡེ་ཚན་ཚུ་གི་དབང་ཚད་འོག་ལུ་ཚུད་དེ་ཡོདཔ་ཨིན་ཟེར་བཀོད་ནུག།

ཧེ་ཊི་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་འདི་ ཕཱེརེནཆི་དང་ ཧེ་ཊི་ཡན་ཀིརི་ཨོལ་སྐད་ཡིག་གཉིས་ཨིན། ཌེལ་མཱས་ལུ་ ཧེ་ཊི་ཡན་ཀིརི་ཨོལ་སྐད་ཡིག་འདི་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ མང་ཤོས་ཅིག་སྦེ་ སླབ་དོ་ཡོདཔ་དང་ ཕེརེནཆི་འདི་ ཤེས་རིག་དང་གཞུང་ དེ་ལས་ ཚོང་འབྲེལ་ཚུ་བརྩིས་ཏེ་ ལུགས་མཐུན་གྱི་གནས་སྟངས་ནང་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། མི་སྡེའི་སྐད་ཡིག་གཉིས་ལྡན་གྱི་རང་བཞིན་འདི་གིས་ རྒྱལ་ཁབ་ཀྱི་སྐད་ཡིག་གནས་སྟངས་རྒྱ་ཆེཝ་སྦེ་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། ཧེ་ཊི་གི་ས་གནས་མང་ཤོས་ཅིག་བཟུམ་སྦེ་ ཌེལ་མཱས་ལུ་ཡང་ སྙན་ཆ་དང་ཞབས་ཁྲ་ སྒྱུ་རྩལ་དང་ ཆོས་དོན་གྱི་ལག་ལེན་ཚུ་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་སྦེ་ཡོདཔ་ཨིན། རང་ལུགས་ཀྱི་དུས་སྟོན་ དཔེར་ན་ ཀར་ནི་བཱལ་ཚུ་ ཁྲོམ་སྐོར་དང་ སྙན་ཆ་ དེ་ལས་ མི་སྡེ་འཛོམས་འདུ་ཚུ་གི་ཐོག་ལས་ བརྩི་སྲུང་འབདཝ་ཨིན། ཨཕ་རི་ཀ་གི་ཆོས་ལུགས་དང་ ཀེ་ཐོ་ལིག་ཆོས་ལུགས་གཉིས་མཉམ་སྡེབ་འབད་མི་ ཝོ་ཌུ་ཟེར་མི་ཆོས་ལུགས་འདི་གིས་ མི་སྡེ་གི་ལམ་སྲོལ་གྱི་མི་ཚེ་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ སྒྱུ་རྩལ་དང་སྙན་ཆ་ དེ་ལས་ མི་སྡེའི་ལག་ལེན་ཚུ་ལུ་ ཤན་ཞུགས་འབདཝ་ཨིན་མས། ཌེལ་མཱས་ལུ་ ཆོས་ལུགས་ཀྱི་གནས་སྟངས་མ་འདྲཝ་ཡོདཔ་ལས་ ཡེ་ཤུའི་ཆོས་ལུགས་འདི་ ཁྱབ་ཆེ་ཤོས་ཅིག་ཨིན། དེ་མ་ཚད་ རོ་མཱན་ཀེ་ཐོ་ལིག་དང་ གསར་བརྗེ་ཆོས་ལུགས་མ་འདྲཝ་ཚུ་ལུ་ ས་གནས་ཀྱིས་རྒྱབ་སྐྱོར་སྦོམ་སྦེ་ར་ཡོདཔ་ལས་ ཆོས་ལུགས་གཙུག་སྡེ་ཚུ་གིས་ མི་སྡེ་ནང་ལུ་ འགན་ཁུར་གཙོ་བོ་ཅིག་འབགཔ་ཨིན་མས། ཝོ་ཌུ་གི་ལམ་ལུགས་འདི་ ཡེ་ཤུ་པའི་ཆོས་ལུགས་དང་གཅིག་ཁར་ མཉམ་སྡེབ་འབད་དེ་ཡོདཔ་ལས་ ཧེ་ཊི་ཡན་གྱི་ཆོས་ལུགས་དང་ལམ་སྲོལ་གྱི་ངོ་རྟགས་ཚུ་ མཉམ་མཐུན་སྦེ་ཡོདཔ་སྦེ་ཨིན་མས།

རྩེད་རིགས་འདི་ ཌེལ་མཱསི་ལུ་ མི་ཚེ་གི་ཆ་ཤས་གཙོ་བོ་ཅིག་ཨིནམ་ལས་ རྐང་རྩེད་འདི་ ཡོངས་གྲགས་ཅན་ཅིག་ཨིན། ས་གནས་ཀྱི་འགྲན་བསྡུར་དང་ རྩེད་འགྲན་ཚུ་ སྤྱིར་བཏང་སྦེ་ འགོ་འདྲེན་འཐབ་སྟེ་ མི་སྡེ་འབྲེལ་གཏོགས་འབད་ནི་ལུ་ ཕན་ཐོགས་ཡོདཔ་མ་ཚད་ ན་གཞོན་གོང་འཕེལ་གྱི་ གོ་སྐབས་ཡང་ བྱིན་དོ་ཡོདཔ་ཨིན་པས། གཞན་རྩེད་རིགས་དྲྭ་རིལ་དང་ ལུས་རྩེད་ཚུ་ཡང་ སྦྱོང་བརྡར་འབད་དེ་ མི་སྡེ་ནང་ རྩེད་རིགས་ཀྱི་ལམ་སྲོལ་ ཡར་རྒྱས་འགྱོ་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས། གཞན་ཡང་ ཌེལ་མཱས་ཀྱི་བཟའ་འཐུང་གི་མཐོང་སྣང་འདི་གིས་ ཧི་ཊེ་ཡན་གྱི་བཟའ་འཐུང་རྒྱ་ཆེཝ་སྦེ་སྟོནམ་ཨིནམ་དང་ འདི་ཡང་ ཨཕ་རི་ཀ་དང་ ཕེརེནཆི་ དེ་ལས་ ས་གནས་ཀྱི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ བྲོ་བ་ཅན་གྱི་བཟའ་འཐུང་ཚུ་ ཡོདཔ་ཨིན་མས། ཟས་རིགས་གཙོ་བོ་ཚུ་ཡང་ ཆུམ་དང་སྲནམ་ཅུམ་ དེ་ལས་ གིརིཊ་ཚུ་ཨིན། ཁྲོམ་ལམ་གྱི་བཟའ་འཐུང་ཚོང་པ་དང་ ས་གནས་ཀྱི་ཚོང་ཁང་ཚུ་གིས་ རང་ལུགས་ཀྱི་བཟའ་འཐུང་མ་འདྲཝ་ཚུ་བཙོང་སྟེ་ མི་སྡེ་ནང་བཟའ་འཐུང་གི་ལམ་སྲོལ་ སེམས་ཤུགས་ཅན་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།

ཌེལ་མཱས་འདི་ པོརཊ་ཨའུ་པྲིནསི་ཁྲོམ་ཆེན་ནང་འཁོད་ལུ་ དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་དང་ དེ་ནང་ ཚོང་འབྲེལ་དང་བཟོ་གྲྭའི་ལས་སྡེ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།  མི་སྡེའི་དཔལ་འབྱོར་ནང་ཚོང་འབྲེལ་དང་ བཟོ་སྐྲུན་ དེ་ལས་ ཞབས་ཏོག་ཚུ་ཚུད་དེ་ཡོདཔ་ལས་ མི་སེར་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིནམ་ཨིན་པས། ཨིན་རུང་ དཔལ་འབྱོར་གྱི་ལཱ་ཚུ་ འཕྲལ་འཕྲལ་སྐབས་ གཞི་རྟེན་མཐུན་རྐྱེན་གྱི་གདོང་ལེན་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ དེ་ལས་ ཉེན་སྲུང་གི་ ཚ་གྱང་ཚུ་གིས་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས། ཨཱལ་ཇ་ནི་ནར་སི་ཡས་ ཀྱིས་ ལུགས་མཐུན་མིན་པའི་ཚོང་འབྲེལ་འདི་ "མ་ཌན་སཱ་ར་" ཟེར་མི་ཚོང་པ་ཚུ་གིས་ མཐུན་རྐྱེན་བྱིན་མི་འདི་གིས་ ས་གནས་ཀྱི་དཔལ་འབྱོར་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་དང་ འདི་ཡང་ ཉེན་སྲུང་མེད་མི་དང་ ཐོན་སྐྱེད་ཚུ་ ཚད་འཛིན་འབད་དེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས་ཟེར་བཀོད་ནུག།[༤]

ཌེལ་མཱས་ལུ་ མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ལུ་ ཐོ་ཕོག་མི་དང་འབྲེལ་བའི་ གདོང་ལེན་ལེ་ཤ་ཅིག་ར་ཡོདཔ་ཨིན། མི་སྡེ་འདི་ སྡེ་ཚན་གྱི་རྩུབ་སྤྱོད་ཀྱིས་ གནམ་མེད་ས་མེད་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ལས་ མཚོན་ཆ་ཡོད་མི་སྡེ་ཚན་ཚུ་གིས་ ས་ཁོངས་ལ་ལུ་ཅིག་ དབང་འཛིན་འབད་དེ་ ཉེན་སྲུང་མེད་མི་དང་ གནས་སྤོ་འགྱོ་མི་ དེ་ལས་ མི་ཚུ་གི་ཚེ་སྲོག་ཤོར་མི་གི་གནས་སྟངས་ཚུ་ ཐོན་ཏེ་ཡོདཔ་ཨིན། པི་ཡར་རི་ཅརཌ་ལུ་ཀ་ས་མ་གིས་ དཔེར་ན་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༢ པའི་ནང་ སྡེ་ཚན་ཚུ་གིས་ ཌེལ་མཱས་ཀྱི་ཁྱིམ་ཚང་ ༣༠ ལུ་ མི་བསད་པའི་ གནོདཔ་བཀལ་མི་ལུ་བརྟེན་ མི་སེར་ལེ་ཤ་ཅིག་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་ཚུ་ ཁྱིམ་ནང་ལས་ ཐོན་འགྱོ་དགོཔ་ཐོན་ཡོད་པའི་གནས་ཚུལ་བཤད་དེ་འདུག། ད་རུང་ ཌེལ་མཱས་ས་ཁོངས་ནང་ལུ་ ཆུ་གཙང་ཏོག་ཏོ་དང་ གློག་མེ་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ལངམ་སྦེ་ མ་ཐོབ་མི་ཚུ་བརྩིས་ཏེ་ གཞི་རྟེན་མཐུན་རྐྱེན་གྱི་དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༡༠ ལུ་ ས་ཡོམ་རྐྱབ་པའི་ཤུལ་ལས་ བསྐྱར་བཟོའི་ལཱ་ཚུ་ མགྱོགས་དྲགས་དང་ འདྲ་མཉམ་མེདཔ་ལས་ གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་བྱུང་དོ་ཡོདཔ་ཨིན་པས། དཔལ་འབྱོར་གྱི་དཀའ་ངལ་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ མ་རྩ་གཞི་བཙུགས་འབད་མི་ ཚད་འཛིན་འབད་མི་ལུ་བརྟེན་ མི་སྡེ་གི་བཟོད་བསྲན་ལུ་ ཧེང་སྐལ་ར་དཀའ་ངལ་བྱུངམ་ཨིན་པས།[༥]

ཌེལ་མཱས་ཀྱི་ས་ཁོངས་འདི་ནང་ལུ་ ཧེ་ཊི་རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་དང་ལམ་སྲོལ་གྱི་གནས་སྟངས་རྒྱ་ཆེཝ་སྦེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་བཟོད་བསྲན་དང་ གདོང་ལེན་མ་འདྲཝ་ཚུ་ མཐོང་ཚུགསཔ་ཨིན། མི་སྡེ་འདི་ནང་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་ཡོདཔ་མ་ཚད་ དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་ཨིན་རུང་ སྲིད་དོན་གྱི་ བརྟན་ཏོག་ཏོ་མེད་མི་དང་ གཞི་རྟེན་མཐུན་རྐྱེན་ཚུ་ མ་ལང་མི་ དེ་ལས་ ཉེན་སྲུང་གི་ཚ་གྱང་ཚུ་རྩིས་ཏེ་ བར་ཆད་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་མས། གནད་དོན་འདི་ཚུ་སེལ་ཐབས་ལུ་ ས་གནས་ཀྱི་དབང་འཛིན་དང་ རྒྱལ་ཡོངས་གཞུང་ དེ་ལས་ རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་གིས་ ཡུན་བརྟན་གོང་འཕེལ་དང་ ཌེལ་མཱས་གི་མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ཡར་དྲག་གཏང་ནི་གི་དོན་ལུ་ མཉམ་འབྲེལ་གྱི་ཐོག་ལས་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. ↑ Wikipedia. (2025). Delmas, Haiti. Published by: Creative Commons. Retrieved from:          https://en.wikipedia.org/wiki/Delmas,_Haiti
  2. ↑ Weather Spark. (n.d). Climate and average weather year round in Delmas 73. Retrieved from: https://weatherspark.com/y/25371/Average-Weather-in-Delmas- 73-Haiti-Year-Round
  3. ↑ Hauteville, J, M. (2024). The rise of gangs in Haiti has enabled them to claim power. Published by: Le Monde. Retrieved from: https://www.lemonde.fr/en/opinion/article/2024/04/05/the-rise-of gangs-in-haiti-has-  enabled-them-to-claim-power_6667515_23.html
  4. ↑ Narcius, A. (2025). Haiti’s Madan Sara fight for survival as insecurity threatens the engine of Haiti’s informal economy. Published by:The Haitian’s Times. Retrieved from: https://haitiantimes.com/2025/03/21/haiti-madan-sara-  insecurity
  5. ↑ Hauteville, J, M. (2024). The rise of gangs in Haiti has enabled them to claim      power. Published by: Le Monde. Retrieved from:                       https://www.lemonde.fr/en/opinion/article/2024/04/05/the-rise-of-gangs-in-haiti-has-  enabled-them-to-claim-power_6667515_23.html
"https://dz.wikipedia.org/w/index.php?title=ཌེལ་མཱས།_Delmas&oldid=39576" ལས་ སླར་འདྲེན་འབད་ཡོདཔ།