Jump to content

ཌོང་གུའན། རྒྱ་ནག། Dongguan, China

Wikipedia ལས།

༉ ཌོང་གུའན་འདི་རྒྱ་ནག་གི་མངའ་སྡེ་གུཝང་ཌོང་གི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་འདི་གཙང་ཆུ་པརལ་ཁ་གྱེས་ས་ལུ་ཡོདཔ་དང་ བྱང་ཁ་ཐུག་ལུ་གུཝང་ཇུ་ བྱང་ཤར་ལུ་ཧུའི་ཇུ་ ལྷོ་ལུ་ཤིན་ཅན་དང་ ནུབ་ལུ་གཙང་ཆུ་པརལ་ཡོདཔ་ཨིན། ཁྲོམ་འདི་བཟོ་གྲྭ་འཕྲུལ་ཁང་ཡོད་པའི་ཁྲོམ་ཅིག་ཨིནམ་དང་ རྒྱ་ནག་གི་ཁྲོམ་ཚོགས་ཚུ་ལས་ ཤིན་ཅན་ ཤང་ཧའེ་དང་སུ་ཙེའུ་ཚུ་གི་ཤུལ་ལས་ར་ཨིན་པས། []གུཝང་ཇུ་ལས་ཀི་ལོ་མི་ཊར་ ༥༥ གི་སར་ཡོདཔ་དང་ ཤིན་ཅན་ལས་ཀི་ལོ་མི་ཊར་ ༩༠ དེ་ཅིག་གི་ས་ཁར་ཡོདཔ་ཨིན། ས་གནས་འདི་ རྒྱ་ནག་གི་བྱུང་རབས་ནང་ སྨྱོ་རྫས་ཨོ་པི་ཡཱམ་གྱི་ཕྱད་མདའ་ནང་གལ་ཆེ་ཤོས་ཅིག་སྦེ་ཡོདཔ་ཨིན། ཁྲོམ་ཚོགས་ཀྱི་སའི་རྒྱོན་འདི་ཀི་ལོ་མི་ཊར་གྲུ་བཞི་ ༢༤༦༠.༡ ཡོདཔ་དང་ མཚོའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་  ༨༢.༥༧ ཡོདཔ་ཨིན། []ཁྲོམ་འདི་ཤར་ཁ་ཐུག་སྤོ་ཏོ་སྦེ་ཡོདཔ་དང་ ནུབ་ཁ་ཐུག་ཐང་འཚམས་སྦེ་ཡོདཔ་ཨིན། དེ་ལས་མཚོ་འགྲམ་ ཀི་ལོ་མི་ཊར་ ༡༡༥.༩༨ ཡོདཔ་ཨིན།  []

ཌོང་གུའན་ལུ་ལོ་ངོ་ ༥༠༠༠ གི་ཧེ་མ་ མི་སྡོད་སྡོདཔ་གི་སྒྲུབ་བྱེད་ཡོདཔ་ཨིན་པས། ཨིན་རུང་ཁྲོམ་ཚོགས་སྦེ་ སྤྱི་ལོ་ ༡༩༨༥ ལུ་རྐྱངམ་གཅིག་གྱུར་ཡོདཔ་ཨིན། དེ་ལས་ཚུར་སོ་ནམ་ཞིང་ལཱ་འབད་ས་ལས་ སོ་ནམ་ཐོན་ཁུངས་བཏོན་མིའི་ས་ཁོངས་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ཨིན། ཁྲོམ་ཚོགས་འདི་ རྒྱ་ནག་གིས་ཕྱི་རྒྱལ་ཁབ་དང་ཚོང་འབྲེལ་འཐབ་མིའི་ཁྲོམ་ཚོགས་ ཨང་གསུམ་པ་ཨིནམ་དང་ གུཝང་ཌོང་མངའ་སྡེ་གི་ སྐྱེལ་འདྲེལ་གྱི་ལས་སྣ་འབད་དེ་ཡོད་ས་ལས་ གལ་ཆེ་ཤོས་ཅིག་སྦེ་ཡོདཔ་ཨིན། []ཌོང་གུའན་ལུ་དང་ཕུའི་རྣ་རྒྱུན་གྱི་སྲོལ་ཚུ་ཡོདཔ་དང་ གྲུ་ཐོག་འབྲུག་གི་འགྲན་བསྡུར་ ཀེན་ཊོ་ནིསི་རོལ་གར་ ཧ་ཀ་གི་རང་ལུགས་ཞབས་ཁྲ་དང་ སེང་གེ་གི་འཆམ་ཚུ་སྟོན་སྲོལ་ཡོདཔ་ཨིན། དེ་བཟུམ་སྦེ་རྣ་རྒྱུན་རྐྱངམ་གཅིག་གི་མ་དོ་བར་ དུས་སྟོན་མ་འདྲཝ་ཚུ་ཡང་རྩི་སྲོལ་ཡོདཔ་ལས་ ལྟདམོ་བལྟ་ནིའི་དོན་ལུ་ ས་གོ་དགའ་ཏོག་ཏོ་ཅིག་ཨིན་པས།[]

ཌོང་གུཝན་ལུ་བསིལ་དྲོད་རན་པའི་རློན་གཤེར་ལྡན་པའི་གནམ་གཤིས་ཡོདཔ་ཨིན། ཆརཔ་ཡང་འབོལ་ཏོག་ཏོ་སྦེ་རྐྱབ་ཏོ་ཡོདཔ་དང་ སྤྱིར་སྙོམས་ལོ་གཅིག་གི་དྲོད་ཚད་འདི་ ཌིག་རི་སེལ་སིཡསི་ ༢༢.༩ དང་ ལོ་བསྟར་ཆརཔ་འབབ་པའི་སྤྱིར་སྙོམས་ཚད་གཞི་འདི་ མི་ལི་མི་ཊར་ ༡༨༩༣ ཨིན་པས། ཁྲོམ་ཚོགས་ཀྱི་མི་ཚུ་ཕྱི་རྒྱལ་དང་གཞན་མི་མངའ་སྡེ་ནང་ལས་ཕར་ཡང་སྡོད་དོ་ཡོད་མི་དེ་ཡང་ ཧོང་ཀོང་དང་ ཏེའི་ཝན་མ་ཀའོ་ལུ་འབུམ་ ༧ དེ་ཅིག་དང་  འབུམ་ ༢ ལྷགཔ་ཅིག་གཞན་མི་རྒྱལ་ཁབ་ཚུ་ནང་སྡོད་ཡོདཔ་ཨིན། []

ཁྲོམ་དེ་ཁར་ འཛམ་གླིང་ནང་སྦོམ་ཤོས་སྡེབ་སྤུངས་ཚོང་ཁང་ ལྷོ་ཕྱོགས་རྒྱ་ནག་གསར་པའི་སྡེབ་སྤུངས་ཚོང་ཁང་ཡོདཔ་ཨིན། ས་གནས་ནང་གནམ་གྲུ་དང་རེལ་ལི་ མེ་ཊོ་ སྣུམ་འཁོར་གྱི་སྐྱེལ་འདྲེན་ཞབས་ཏོག་ཚུ་འཐོབ་སར་ཡོདཔ་ཨིན། ཁྲོམ་འདི་ཕྱི་རྒྱལ་ཁབ་ཀྱིས་མ་རྩ་གཞི་བཙུགས་འབད་མི་འདི་ རིམ་པ་བཞིན་དུ་གོང་འཕོལ་སོང་བཞིན་ཡོདཔ་ཨིན། དེ་བཟུམ་སྦེ་ ཁྲོམ་ཚོགས་དེ་ནང་ གཙུག་ལག་སློབ་སྡེ་དག་པ་ཅིག་ར་ཡོད་ས་ལས་ གུཝང་ཌོང་ཚན་རིག་དང་འཕྲུལ་གཙུག་ལག་སློབ་སྡེ་ གུཝང་ཌོང་གསོ་བའི་གཙུག་ལག་སློབ་སྡེ་དང་ ཌོང་གུའན་འཕྲུག་རིག་གཙུག་ལ་སློབ་སྡེ་ཡང་གྲས་ཁར་ཡོདཔ་ཨིན། དེ་བཟུམ་སྦེ་ཌོང་གུའན་ཚན་རིག་དང་འཕྲུག་རིག་གི་འགྲེམས་སྟོན་ཁང་ཡང་ཡོདཔ་ཨིན། ཁྲོམ་ཚོགས་ནང་ ལྷ་ཁང་དང་སྐུ་འདྲ་སྦོམ་ཚུ་ཡང་མཇལ་སར་ཡོད་པའི་ཁར་ ཚོང་འབྲེལ་དང་དངུལ་འབྲེལ་ འཕྲུལ་རིག་ གཞུང་གི་གཙུག་སྡེ་ལ་སོགས་པའི་སྒྲིང་ཁྱིམ་བཟོ་བཀོད་མ་འདྲཝ་ རིངམོ་སྦེ་ཡོད་མི་ཚུ་ མཐོང་ཚུགས་ནི་ཨིན།  []

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་ཁུངས་དཔེ་དེབ།

  1. 1 2 ཝི་ཀི་པི་ཌི་ཡ། (༢༠༢༣) ཌོང་གུའན། https://simple.wikipedia.org/wiki/Dongguan ནང་ལས་ཐོབ་ཡོདཔ་ཨིན།
  2. 1 2 ཊ་ཝཱལ་ཅཱའེ་ན་གའེཌ། (༢༠༢༤) ཌོང་གུའན་གྱི་ལམ་འགྲུལ་ལམ་སྟོན། https://www.travelchinaguide.com/cityguides/guangdong/dongguan/ ནང་ལས་ཐོབ་ཡོདཔ་ཨིན།
  3. 1 2 3 ཝི་ཀི་པི་ཌི་ཡ། (༢༠༢༣) ཌོང་གུའན། https://en.wikipedia.org/wiki/Dongguan ནང་ལས་ཐོབ་ཡོདཔ་ཨིན།