Jump to content

ཏའི་ཝཱན་

Wikipedia ལས།

ངོ་སྤྲོད།

ཏའི་ཝཱན་

ཏའི་ཝཱན་འདི་ གཞུང་འབྲེལ་དུ་ རྒྱ་ནག་གི་མི་སེར་རྒྱལ་ཁབ་ཟེར་མི་འདི་ ཤར་ཨེ་ཤི་ཡ་ལུ་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ཆུང་ཀུ་སྦེ་ཡོད་རུང་  ས་ཆ་འདི་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་ ༣༦,༠༠༠ དེ་ཅིག་ཡོདཔ་ཨིན། འདི་ནང་ རང་བཞིན་གྱི་མཛེས་ཆ་དང སྔར་སྲོལ་ལམ་ལུགས་ དེ་ལས་ ནུས་ཤུགས་ཅན་གྱི་དཔལ་འབྱོར་ཡོདཔ་ཨིན། ཏའི་ཝན་འདི་ དམངས་གཙོའི་གཞུང་དང་ འཕྲུལ་རིག་གོང་འཕེལ་ དེ་ལས་ སའི་ཆགས་ཚུལ་སྣ་ཚོགས་ལུ་ ཡོངས་གྲགས་ཡོད།

ས་ཁྱོན་དང་མི་རློབས།

ཏའི་ཝན་འདི་ཧ་ལམ་ཀི་ལོ་མི་ཊར་ ༣༩༤ ཡར་མར་གྱི་རིངམོ་དང་ཀི་ལོ་མི་ཊར་ ༡༤༤ ཕར་ཚུར་གྱི་རྒྱ་ཡོདཔ་ཨིན། རྒྱལ་ཁབ་ཆུང་ཀུ་ཨིན་རུང་ མི་ས་ཡ་ ༢༣ ལྷགཔ་ཅིག་ཡོདཔ་ཨིན་པས།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ་གཙོ་བོ་ཚུ།

རྒྱལ་ས་ལྟེ་བ་ ཊའི་པི་འདི་ བྱང་ཕྱོགས་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ད་ རྒྱལ་ཁབ་ཀྱི་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཡང་ཨིན། ཏའི་པི་ལུ་སྒྲིང་ཁྱིམ་རིངམོ་ཡོད་པའི་མིང་གཏམ་ཡོདཔ་དང་ ཁྱིམ་རིངམོ་ཀྲའི་པི་ ༡༠༡ ཟེར་མི་ཡང་ཡོངས་གྲགས་ཡོད། འདི་མ་ཚད་ ནུབ་མོའི་ཚོང་སྒྱུར་དང་ སྐྱེལ་འདྲེན་ལམ་ལུགས་ལེགས་ཤོམ་ཚུ་ལུ་ ཆ་བཞགཔ་ཨིན།

གཞན་མི་ཁྲོམ་སྡེ་སྦོམ་ཤོས་ཚུ་ཡང་ ལྷོ་ཕྱོགས་ཁ་ཐུག་ལུ་ གྲུ་ཆགས་སའི་ཁྲོམ་སྡེ་གཙོ་བོ་ཅིག་ཨིན་མི་ ཀའུ་སིང་དང་ ཊའི་ཝན་གྱི་ བཟོ་གྲྭ་དང་ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན་མི་ ཐའི་ཅུང་དང་ བྱུང་རབས་ལྡན་པའི་ལྷ་ཁང་དང་ སྔར་སྲོལ་གྱི་བཞེས་སྒོ་ཚུ་ལུ་ ཡོངས་གྲགས་ཡོད་པའི་ ཊའི་ནན་ཚུ་ཨིན་མས། ཁྲོམ་སྡེ་རེ་རེ་བཞིན་གྱིས་ ཏའི་ཝན་གྱི་གོང་འཕེལ་ལུ་ཕན་གྲོགས་འབདཝ་ཨིནམ་དང་ ལུང་ཕྱོགས་ཀྱི་རིགས་སྣ་ཚུ་ དཔེ་སྟོན་འབདཝ་ཨིན།

གནམ་གཤིས།

ཏའི་ཝན་གྱི་བྱང་ཕྱོགས་ལུ་བསིལ་དྲོད་ཡོདཔ་དང་ ལྷོ་ཕྱོགས་ལུ་ས་དྲོད་ཅན་སྦེ་ཡོདཔ་ཨིན། གནམ་བྱཱར་འདི་ཚ་ཏོག་ཏོ་དང་རློན་གཤེར་ཅན་ཨིནམ་དང་ འཕྲལ་འཕྲལ་ར་བསིལ་དྲོད་ཚད་ཌིགིརི་སེལ་ཤེསི་ ༣༠ ལས་ཡར་འཕར་འགྱོཝ་ཨིན། རླུང་འཚུབ་དྲག་པོ་ཚུ་ སྤྱི་ཟླ་དྲུག་པ་དང་བཅུ་པའི་བར་ན་ཆརཔ་ཤུགས་དང་ རླུང་མ་ཤུགས་སྦེ་འཕུཝ་ཨིན། དམིགས་བསལ་གྱིས་ལྷོ་ཕྱོགས་ལུ་གནམ་དགུན་འདི་ཐུང་ཀུ་དང་དྲོད་རན་ཏོག་ཏོ་ཡོདཔ་ཨིན། ས་གཤིས་འདི་གིས་ སྔོ་ཤིང་དང་སེམས་ཅན་གྱི་རིགས་སྣ་ཚུ་འཚོ་སྐྱོང་འབདཝ་ཨིནམ་དང་ ལོ་གཅིག་ར་སོ་ནམ་ལཱ་འབད་ཚུགསཔ་ཨིན།

སྲིད་དོན་གྱི་ལམ་ལུགས།

ཏའི་ཝན་འདི་ སྲིད་དོན་ཚོགས་པ་ལེ་ཤ་ཡོད་པའི་ དམངས་གཙོའི་གཞུང་ལྡན་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་འགོ་འཛིན་ཨིནམ་དང་ ལོ་བཞི་རེའི་བར་ན་ མི་མང་ཚོགས་རྒྱན་གྱིས་བཙག་འཐུ་འབདཝ་ཨིན། ཏའི་ཝན་གྱི་གཞུང་འདི་ རྒྱ་ནག་གི་བཙག་འཐུའི་རྩ་ཁྲིམས་ཆེན་མོ་ལུ་ གཞི་བཞག་སྟེ་ཡོདཔ་དང་ འདི་ལུ་ཁག་ལྔ་ཡོདཔ་དང་ དེ་ཡང་ བཀོད་ཁྱབ། ཁྲིམས་བཟོ། དྲང་ཁྲིམས། དཔྱད་ཞིབ། དབང་འཛིན་ཡུ་ཝཱན་ཚུ་ཨིན་པས། རྒྱལ་ཁབ་འདི་ལུ་ རང་དབང་ཅན་གྱི་གནས་ཚུལ་ལས་ཁང་དང་ རང་བཙན་དྲང་ཁྲིམས་ དེ་ལས་ དུས་རྒྱུན་བཙག་འཐུ་ཚུ་ཡོདཔ་ཨིན།

ཏའི་ཝན་གྱི་ སྲིད་དོན་གྱི་གནས་རིམ་འདི་ མགུ་རྙོག་དྲགས་སྦེ་ཡོདཔ་ཨིན་པས། ཏའི་ཝན་འདི་ རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་སྦེ་ རང་དབང་གི་གཞུང་དང་དམག་མི་ དེ་ལས་ རྩ་ཁྲིམས་ཆེན་མོ་ཚུ་ཡོད་དེ་འབད་རུང་ རྒྱ་ནག་གིས་མངའ་ཁོངས་ཀྱི་གྲངས་སུ་སྦེ་ ཐོབ་བརྗོད་བཀོད་དོ་ཡོདཔ་ཨིན་མས། ག་དེ་སྦེ་ར་ཨིན་རུང་ ཏའི་ཝན་གྱི་མི་སེར་མང་ཤོས་ཅིག་གིས་ར་ ཁོང་ཚུ་ཏའི་ཝན་ནིས་གྱི་མི་ཁུངས་སྦེ་ངོས་འཛིན་འབདཝ་ཨིནམ་དང་ རྒྱལ་ཁབ་འདི་ ཉིན་བསྟར་བཞིན་དུ་ རང་དབང་སྦེ་ལཱ་འབདཝ་ཨིན་མས།

ས་ཆའི་གནས་སྟངས།

ཏའི་ཝན་གྱི་ས་ཆ་འདི་ སྣ་ཚོགས་སྦེ་ཡོདཔ་ཨིན། མཚོ་གླིང་གི་ཤར་ཕྱོགས་ཁ་ཐུག་གི་རི་ཚུ་ རྩེ་གཟར་དྲགས་དང་ ལུང་གཤོང་ཚུ་ གཏིང་རིངམོ་སྦེ་ཡོདཔ་ཨིན། ཁྲོམ་སྡེ་དང་ས་ཞིང་ དེ་ལས་ བཟོ་གྲྭ་ཁང་ཚུ་ཡོད་པའི་ནུབ་ཕྱོགས་ཀྱི་ས་ཆ་འདི་ ཐང་སྦེ་ཡོདཔ་དང་ གོང་འཕེལ་སྦོམ་འགྱོ་ཡོདཔ་ཨིན་པས། ཏའི་ཝན་གྱི་རི་རྩེ་མཐོ་ཤོས་ ཡུ་ཤཱན་འདི་ ཧ་ལམ་མི་ཊར་ ༤༠༠༠ དེ་ཅིག་ཡོདཔ་ཨིན་པས། མཚོ་གླིང་འདི་ རྒྱ་ནག་གི་ཤར་ཕྱོགས་རྒྱ་མཚོ་དང་ ཕི་ལི་པིནས་རྒྱ་མཚོ་ དེ་ལས་ ཏའི་ཝན་རྒྱ་མཚོའི་མཐུད་ཡུར་གྱིས་ མཐའ་བསྐོར་ཏེ་ཡོདཔ་ཨིན་པས།

དཔལ་འབྱོར།

ཏའི་ཝན་ལུ་ ཁྱད་མཐོའི་འཕྲུལ་རིག་གི་ཅ་ཆས་ཕྱིར་ཚོང་ལུ་ གཞི་བཞག་པའི་དཔལ་འབྱོར་ཡོདཔ་ཨིན་པས། འདི་ཡང་དམིགས་བསལ་དུ་ སེ་མི་ཀཱོན་ཌག་ཊར་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན་པས། ཏའི་ཝན་གྱི་ སེ་མི་ཀཱོན་ཌག་ཊར་བཟོ་སྐྲུན་ལས་སྡེ་འདི་ འཛམ་གླིང་ནང་ འཕྲུལ་ཆས་བཟོ་སྐྲུན་འབད་མི་ དྲག་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ གློག་འཕྲུལ་དང་ འཕྲུལ་ཆས་ དེ་ལས་ སྐྱེ་ལྡན་འཕྲུལ་རིག་གི་ནང་ལུ་ཡང་ ཁྱད་འཕགས་ཅན་ཅིག་ཨིན་པས།

ཏའི་ཝན་ལུ་ རང་བཞིན་ཐོན་སྐྱེད་ཚད་གཅིག་ལས་བརྒལ་མེད་རུང་ རིག་རྩལ་ཅན་གྱི་ལས་གཡོགཔ་དང་ གཞི་རྟེན་མཁོ་ཆས་སྒྲིང་སྒྲིང་ཡོདཔ་ཨིན་པས། ཨེ་ཤི་ཡ་གི་དཔལ་འབྱོར་གོང་འཕེལ་ཅན་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པའི་ཁར་ འཚོ་བའི་གནས་ཚད་འདི་ ལེགས་ཤོམ་ཡོད་པའི་ཁར་ གསོ་བ་དང་ཤེས་རིག་གི་ལམ་ལུགས་ཚུ་ཡང་ ཁྱད་འཕགས་ཅན་ཅིག་སྦེ་ཡོདཔ་ཨིན་མས།

ལམ་སྲོལ།

ཏའི་ཝན་གྱི་ལམ་སྲོལ་འདི་ རྒྱ་ནག་གི་སྔར་སྲོལ་དང་ ནང་འཁོད་ཀྱི་སྔར་སྲོལ་ དེ་ལས་ དེང་སང་གི་རྒྱལ་སྤྱིའི་འགྲོས་ཚུ་ སླ་བསྲེ་སྟེ་ཡོདཔ་ཨིན། མན་ཌ་རིན་འདི་གཞུང་འབྲེལ་གྱི་ཁ་སྐད་ཨིན་རུང་ མི་མང་ཤོས་ཀྱིས་ར་ ཊའི་ཝན་ནིས་ཧོག་ཀིན་ ཡང་ན་ ཧཀ་ཀ་སླབ་ཨིན་པས། ཆོས་ལུགས་གཙོ་བོ་ནང་ ནང་པའི་ཆོས་དང་ ཊ་ཡོའི་སཱམ་ དེ་ལས་ སྔར་སྲོལ་ཡིད་ཆེས་ཚུ་ ཉམས་ལེན་འབད་དོ་ཡོདཔ་ཨིན་པས།

སྔར་སྲོལ་གྱི་དུས་སྟོན་ གནམ་ལོ་གསརཔ་དང་ འབྲུག་གྲུ་གི་དུས་ཆེན་ དེ་ལས་ སེར་ཁ་གི་དུས་སྟོན་ཚུ་ ལེ་ཤ་ཅིག་གིས་ར་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས། ཏའི་ཝཱན་འདི་ སྤྱི་ལོ་ ༢༠༡༩ ལུ་ ཨེ་ཤི་ཡ་ལས་ ཕོ་མོའི་དབྱེ་བ་གཅིག་པའི་གཉེན་སྦྱོར་ ཁྲིམས་མཐུན་བཟོ་ཡོད་པའི་རྒྱལ་ཁབ་ དང་པ་ཨིན་པའི་གྲངས་སུ་ཚུད་དེ་ སྲིད་བྱུས་གོ་ཡངས་དྲགས་དང་ མི་སྡེའི་ཡར་དྲག་ལུ་ཡོངས་གྲགས་ཅན་ཨིན།

ལྟ་བཤལ།

ཏའི་ཝན་འདི་ རང་བཞིན་གྱི་མཛེས་ཆ་དང་ ཁྲོམ་གྱི་མཛེས་ཆ་ སླ་བསྲེ་སྟེ་ཡོད་མི་ ཡོངས་གྲགས་ཅན་གྱི་ལྟ་བཤལ་པའི་ས་གོ་ཅིག་ཨིན། ལྟ་བཤལཔ་ཚུ་གིས་ ཏ་རོ་ཀོ་གི་ལུང་གཤོང་། སཱན་མཱུན་མཚོ། ཨེ་ལི་ཤཱན་གི་སྒང་རིའི་རེལ་ལི། ཀེན་ཏིང་གི་དྲོད་ལྡན་མཚོ་མཐའ་ཚུ་ནང་ བཤལ་བར་འགྱོ་ཚུགས། ཁྲོམ་གྱི་ས་ཁོངས་ ཏའི་པི་བཟུམ་གྱི་ འཛམ་གླིང་གི་ཁྱད་འཕགས་ཅན་གྱི་ཉོ་ཚོང་ཁང་དང་ འགྲེམས་སྟོན་ཁང་ དེ་ལས་ ཕྱི་རུའི་ཁྲོམ་ཚོང་ཚུ་ བལྟ་ནིའི་དོན་ལུ་ཡོདཔ་ཨིན།

གྱོན་ཆས།

ཏའི་ཝན་ལུ་ ཉིན་བསྟར་གྱི་གྱོན་ཆས་འདི་ དེང་སང་གི་ཨིནམ་མ་ཚད་ ནུབ་ཕྱོགས་ཀྱི་ དུས་བབ་གྱོན་ཆས་ཚུ་དང་ཅོག་གཅིགཔ་ཨིན་པས། མི་ཚུ་གིས་ དགའ་སྟོན་དང་འཁྲིལ་ སྤྱིར་བཏང་གྱོན་ཆས་ཡང་ན་ ཚོང་འབྲེལ་གྱོན་ཆས་ཚུ་གྱོནམ་ཨིན། ཆོས་ཨོང་སངམོ་ཟེར་བའི་སྔར་སྲོལ་གྱི་གོ་ལ་ཚུ་ ལམ་སྲོལ་གྱི་དུས་སྟོན་དང་ གཉེན་སྦྱོར་ཚུ་ནང་ གྱོན་དོ་ཡོདཔ་ཨིན་མས། རྒྱལ་ཁབ་ནང་འཁོད་ཀྱི་མི་སྡེ་ཚུ་གིས་ དམིགས་བསལ་གྱི་ དུས་སྟོན་ཚུ་གི་སྐབས་ལུ་ རང་སོའི་རང་ལུགས་ཀྱི་གྱོན་ཆས་ཚུ་ ཉམས་སྲུང་འབད་དོ་ཡོདཔ་ཨིན་མས།

བཞེས་སྒོ།

ཏའི་ཝན་འདི་བཞེས་སྒོ་དགའ་མི་ཚུ་གི་ཞིང་ཁམས་ཨིན། འདི་ནང་བཞེས་སྒོ་ཚུ་ཡང་ རྒྱ་ནག་དང་ཇ་པཱན་ དེ་ལས་ གཡུས་ཁའི་བཞེས་སྒོ་ཚུ་ཡོདཔ་ཨིན། ཡོངས་གྲགས་ཅན་གྱི་བཞེས་སྒོ་གི་གྲངས་སུ་ནོར་ཤའི་རྒྱ་ཐུག། ཕག་ཤ་དང་ལྟོ། མོ་མོ། ཨིས་ཏིང་ཀི་ཊོ་ཕུ་ཚུ་ཚུདཔ་ཨིན། ཏའི་ཝན་ནང་དང་ འཛམ་གླིང་ནང་ཡོངས་ལུ་ཡོངས་གྲགས་ཅན་གྱི་ བཱ་བཱལ་ཇ་གི་འཐོན་ས་ཡང་ཨིན། ནུབ་མོའི་ཚོང་དུས་ཀྱིས་ ཁྲོམ་ཁའི་བཞེས་སྒོ་ ཞིམ་ཏོང་ཏོ་སྣ་ཁག་རྒྱ་ཆེ་དྲགས་སྦེ་བྱིནམ་ཨིན།

མཇུག་བསྡུས།

ཏའི་ཝན་འདི་ མཚོ་གླིང་ཆུང་ཀུ་ ས་གོ་སྤྲོ་བ་ཅན་ཅིག་ཨིན། དེང་སང་གི་ཁྲོམ་སྡེ་དང་ ཡར་རྒྱས་འགྱོ་བའི་དཔལ་འབྱོར་ལས་འགོ་བཙུགས་ཏེ་ སྔར་སྲོལ་གྱི་ལམ་སྲོལ་ཚུ་ལེགས་ཤོམ་ཡོད་པའི་ཁར་ མཛེས་ཆ་དང་ལྡན་པའི་ རང་བཞིན་གནས་སྟངས་ཚུ་ཡོད་པའི་བསྒང་ལས་ ཏའི་ཝཱན་འདི་ ཨེ་ཤི་ཡ་གི་རྒྱལ་ཁབ་ གཞན་དང་མ་འདྲཝ་ཅིག་དང་ ཡིད་ཁར་འོང་ཏོག་ཏོ་ཅིག་སྦེ་ཡོདཔ་ཨིན། འདི་ནང་གི་ལམ་སྲོལ་ལྟ་བཤལ། བཞེས་སྒོ། ས་ཆའི་མཛེས་ཆ་བལྟ་རུང་ ཏའི་ཝན་གྱིས་ ག་རའི་དོན་ལུ་ སྤྲོ་བ་ཕུལ་ཚུགས་པའི་གནས་སྟངས་ཡོདཔ་ཨིན་པས།



"https://dz.wikipedia.org/w/index.php?title=ཏའི་ཝཱན་&oldid=38924" ལས་ སླར་འདྲེན་འབད་ཡོདཔ།