ཏཱན་ཟ་ནི་ཡ།

ངོ་སྤྲོད།
ཏཱན་ཟ་ནི་ཡ་འདི་ ཨཕ་རི་ཀ་གི་ཤར་ཕྱོགས་ཁ་ཐུག་ལུ་ཡོདཔ་ཨིན། བྱང་ཕྱོགས་ལུ་ ཀེན་ཡ་དང་ཡུ་གཱན་ཌ། ར་ཝཱན་ཌ་དང་བུ་རུན་དྲི་ དེ་ལས་ མི་སེར་དམངས་གཙོའི་རྒྱལ་ཁབ་ཀོང་གོ་གསུམ་ནུབ་ཁ་ཐུག། ལྷོ་ཕྱོགས་ལུ་ཟམ་བི་ཡ་དང་མ་ལ་ཝི་ དེ་ལས་ མོ་ཟམ་བིཀ། དེ་ལས་ ཤར་ཕྱོགས་ལུ་ ཨིན་ཌི་ཡཱན་རྒྱ་མཚོ་ཡོདཔ་ཨིན།
ས་ཆ་དང་རྒྱ་ཁྱོན།
རྒྱ་ཁྱོན་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་ ༩༤,༥༠༨༧ ཡོདཔ་དང་ དེ་གིས་ ཨཕ་རི་ཀ་གི་རྒྱལ་ཁབ་སྦོམ་ཤོས་ཅིག་སྦེ་རྩིཝ་ཨིན་པས།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།
ཏཱན་ཟ་ནི་ཡ་གི་གཞུང་འབྲེལ་གྱི་རྒྱལ་ས་ལྟེ་བ་འདི་ དོ་དོ་མ་ཨིནམ་དང་ འདི་ནང་ གཞུང་གི་ཡིག་ཚང་ཡང་ཆགས་སྟེ་ཡོདཔ་ཨིན། ཨིན་རུང་ དར་ཨེས་སཱ་ལམ་འདི་ ཁྲོམ་སྡེ་སྦོམ་ཤོས་ཅིག་དང་ རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིན་མས། ཁྲོམ་སྡེ་གཞན་ཚུ་ཡང་ ཨ་རུ་ཤ་འདི་ ལྟ་བཤལ་དང་ ཕྱི་འབྲེལ་སྲིད་སྐྱོང་གི་ལྟེ་བ་ཨིན་མས། མཱན་ཛ་འདི་ ཝིག་ཀྲོ་རི་ཡ་མཚོ་གི་མཐའ་མ་ཡོདཔ་ཨིན་པས། མེབ་ཡ་ཁྲོམ་ཡང་ཡོདཔ་ཨིན། དེ་ལས་ ཟཱན་ཟི་བར་ཁྲོམ་སྡེ་འདི་ རང་སྐྱོང་གི་ ཟཱན་ཟི་བར་མཚོ་གླིང་གི་རྒྱལ་ས་ལྟེ་བ་ཨིན་པས།
མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཏཱན་ཟ་ནི་ཡ་ལུ་ མི་ས་ཡ་ ༦༥ ལྷགཔ་ཅིག་ ཡོདཔ་ཨིན་པས། རྒྱལ་ཁབ་ནང་ལུ་ མི་རློབས་ཡར་སེང་གི་ཚད་གཞི་འདི་ མཐོ་སུ་ཅིག་དང་ ན་གཞོན་གི་མི་རློབས་ཡང་ མཐོ་སུ་ཅིག་ཨིནམ་དང་ འདི་ནང་ ལོ་༢༥ ལས་མན་ཆད་འབད་མིའི་བརྒྱ་ཆ་འདི་ རྒྱ་ཆེཝ་སྦེ་ཡོདཔ་ཨིན་པས། ཁྲོམ་ཚོགས་རྒྱ་སྐྱེད་འདི་ ཐང་ཐིག་གཅིག་སྦེ་ཡར་སེང་འགྱོ་སྟེ་འབད་རུང་ མི་རློབས་མང་སུ་ཅིག་མཐའ་ཟུར་ས་གནས་ཚུ་ནང་ཡོདཔ་ཨིན་པས།
མི་རིགས།
ཏཱན་ཟ་ནི་ཡ་ལུ་ སུ་ཀུ་མ། ཆག་ག། ཧཱ་ཡ། ཉམ་ཝེ་ཟི་བརྩིས་ཏེ་ མི་རིགས་སྡེ་ཚན་ ༡༢༠ ལྷགཔ་ཅིག་གིས་ སྡོད་ས་ཨིན། འ་ནཱི་མི་རིགས་ཚུ་ མང་ཤོས་ར་ བཱན་ཊུ་གི་མི་ཁུངས་ཨིན་པས། མི་རིགས་ཚུ་སྣ་ཚོགས་སྦེ་ཡོད་རུང་ ཏཱན་ཟ་ནི་ཡ་ལུ་ ཕན་ནུས་ཅན་གྱི་རྒྱལ་ཡོངས་སྲིད་བྱུས་དང་ གཅིག་མཐུན་གྱི་སོ་ཧེ་ལི་ཁ་སྐད་ཀྱི་བཀའ་དྲིན་ལས་བརྟེན་ ཞི་བདེ་དང་ མཐུན་འབྲེལ་ཚུ་ལེགས་ཤོམ་སྦེ་ཡོདཔ་ཨིན་པས།
ཁ་སྐད།
ཏཱན་ཟ་ནི་ཡ་ལུ་ སོ་ཧེ་ལི་འདི་རྒྱལ་ཡོངས་དང་ རྒྱ་ཆེ་དྲགས་སྦེ་སླབ་མི་ཁ་སྐད་ཅིག་ཨིན། འདི་ཡང་ སློབ་གྲྭ་ཆུང་བ་ཚུ་ནང་ སློབ་སྟོན་ཁ་སྐད་ཨིནམ་དང་ དུས་རྒྱུན་བརྡ་སྤྲོད་ནང་ཡང་ལག་ལེན་འཐབ་ཡོདཔ་ཨིན། ཨིང་ལིཤ་འདི་ གཞུང་འབྲེལ་ཡིག་འགྲུལ་གྱི་ཁ་སྐད་ཅིག་ཡང་ཨིནམ་དང་ མཐོ་རིམ་ཤེས་ཡོན་དང་ ཁྲིམས་ལུགས་ དེ་ལས་ རྒྱལ་སྤྱིའི་ཚོང་འབྲེལ་ཚུ་ནང་ལག་ལེན་འཐབ་ཡོདཔ་ཨིན་པས།
རྒྱལ་རབས།
ཏཱན་ཟ་ནི་གི་བྱུང་རབས་ནང་ ཨཱ་རབ་དང་ པར་སི་ཡཱན་ཚུ་དང་གཅིག་ཁར་ ཨཕ་རི་ཀ་གི་ཤར་ཕྱོགས་ཀྱི་མཚོ་འགྲམ་བདའ་སྟེ་ སྔོན་རབས་ཀྱི་ཚོང་འབྲེལ་ལོ་རྒྱུས་ཚུད་དེ་ཡོད། ཤུལ་ལས་ ཇར་མ་ནི་གི་གནས་ཁོངས་ལུ་གྱུར་ཏེ་ འཛམ་གླིང་དམག་ཆེན་དང་པའི་ཤུལ་ལས་ བིརི་ཊིཤ་གི་བདག་སྐྱོང་གི་འོག་ལུ་བཙུགས་ནུག། ཧེ་མ་ ཏང་གཱན་ཡི་ཀ་ཟེར་ སླབ་མི་ས་གནས་གཙོ་བོ་འདི་ སྤྱི་ལོ་ ༡༩༦༡ ལུ་ རང་དབང་ཐོབ་ཡོདཔ་དང་ དེ་ལས་ ༡༩༦༣ ལུ་ ཟཱན་ཛི་བར་ཡང་རང་དབང་འཐོབ་ནུག། སྤྱི་ལོ་ ༡༩༦༤ ལུ་ སྲིད་འཛིན་ཇུ་ལི་ཡསི་ནེ་རི་རི་གི་འོག་ལུ་ མི་སེར་གྱི་གཅིག་མཐུན་རྒྱལ་ཁབ་ ཏཱན་ཟ་ནི་ཡ་བཟོ་ནིའི་དོན་ལུ་ གཅིག་ཁར་བསྡོམས་ནུག།
ཆོས་ལུགས།
ཏཱན་ཟ་ནི་ཡ་འདི་ཆོས་ལུགས་ཀྱི་སྒོ་ལས་སྣ་ཚོགས་ཡོད། མི་རློབས་བརྒྱ་ཆ་ ༦༠ དེ་ཅིག་གིས་ ཡེ་ཤུ་པ་ཨིནམ་དང་ ༣༥% གིས་མུཛ་ལིམ་ཨིནམ་སྦེ་ངོས་འཛིན་འབད་དོ་ཡོདཔ་དང་ ༼ཟཱན་ཛི་བར་དང་མཚོ་འགྲམ་གྱི་ས་གོ་ཚུ་ནང་༽ གཞན་མི་ཚུ་གིས་ ཁོང་རའི་སྔར་སྲོལ་ཆོས་ལུགས་ ཡང་ན་ ཆོས་ལུགས་གཞན་མི་ཚུ་བརྟེན་དོ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ ཆོས་ལུགས་སོ་སོ་འབད་མི་ཚུ་གི་བར་ན་ བཟོད་བསྲན་ཡོདཔ་ལས་ གར་མཐུན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན་པས།
གནམ་གཤིས།
ཏཱན་ཟ་ནི་ཡ་གི་ས་གཤིས་འདི་ ལུང་ཕྱོགས་དང་བསྟུན་ཏེ་ ཁྱད་པར་ཞུགས་དོ་ཡོདཔ་ཨིན་པས། མཚོ་འགྲམ་འདི་ ཚ་ཏོག་ཏོ་དང་རློན་གཤེར་ཅན་ཡོདཔ་ད་ དབུས་ཕྱོགས་ཀྱི་ཐང་འདི་ ཕྱེད་ཀ་སྐམ་ཀྲོག་ཀྲོ་ཨིན་པས། རྒྱལ་ཁབ་ནང་ལུ་ ཆརཔ་རྐྱབ་ནིའི་དུས་ཚོད་ཁག་གཉིས་ཡོདཔ་ཨིན་པས། དེ་ཡང་ ཆརཔ་རིངམོ་སྦེ་རྐྱབ་མི་འདི་༼ཟླཝ་༣ པ་ལས་༥ པ་ཚུན་༽དང་ དུས་ཐུང་སྦེ་རྐྱབ་མི་འདི་ ༼ཟླཝ་༡༠ པ་ལས་༡༢ ཚུན་༽ཨིན་པས། ཏཱན་ཟ་ནི་ཡ་འདི་ ཨཕ་རི་ཀ་ལུ་ རི་རྩེ་མཐོ་ཤོས་ མའུནཊ་ཀི་ལི་མེན་ཇ་རོ་དང་ ཨཕ་རི་ཀ་ལུ་ མཚོ་སྦོམ་ཤོས་ ཝིག་ཊོ་རི་ཡ་གི་ མཚོའི་མཐའམ་ལ་ལུ་ཅིག་ཡང་ཚུདཔ་ཨིན་པས།
གཞུང་སྐྱོང་།
ཏཱན་ཟ་ནི་ཡ་འདི་ སྲིད་འཛིན་གྱི་དབུ་ཁྲིད་འབད་བའི་ མི་སེར་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་འདི་ མངའ་སྡེའི་འགོ་འཛིན་དང་གཞུང་གི་དབུ་ཁྲིདཔ་ཨིནམ་དང་ ལོ་ལྔ་གི་གནས་ཡུན་དོན་ལུ་ མི་དམངས་ཚོགས་རྒྱན་གྱིས་ཐོག་ལས་ བཙག་འཐུ་འབད་དེ་བཀལ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ སྲིད་ཚོགས་ལེ་ཤ་ཡོད་པའི་རྒྱལ་ཁབ་ཨིན་རུང་ རང་དབང་ཐོབ་ཞིནམ་ལས་ཚུར་ ཆ་མ་ཆ་མ་པིན་དུ་ཟི་སྲིད་ཚོགས་འདི་ ཤུགས་འཐོན་ཏེ་ དབང་ཁྱབ་ཅན་ཅིག་སྦེ་ཡོདཔ་ཨིན་པས།
དཔལ་འབྱོར།
ཏཱན་ཟ་ནི་ཡ་གི་དཔལ་འབྱོར་འདི་ སོ་ནམ་ལུ་ཤུགས་བཏོན་ཡོདཔ་ཨིནམ་དང་ སོ་ནམ་གྱི་ལཱ་གིས་ མི་རློབས་བརྒྱ་ཆ་ ༦༥ དེ་ཅིག་ལུ་ ལཱ་གཡོག་བྱིནམ་ཨིན། སྤྱི་ལོ་ ༢༠༢༤ ནང་གི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཐེར་འབུམ་ ཌོ་ལར་ ༨༥ ལུ་སྔོན་རྩིས་བཏོན་ནུག། ཕྱིར་ཚོང་གཙོ་བོ་འདི་ གསེར། ཀཱོ་ཕི། ཇ། ཀེ་ཤུ་ནཊ། ཀ་བལ་ཚུ་ཨིན་པས། ནང་འདྲེན་གཙོ་བོ་ར་འཕྲུལ་ཆས། སྣུམ་འཁོར། སྣུམ་འཁོར་མ་ཁུ། བཟོ་གྲྭའི་ཅ་ལ་ཚུ་ཨིན་པས། ས་གཏེར་དང་རང་བཞིན་གྱི་རྫས་རླངས་ཚུ་ཡང་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་པས།
ལམ་སྲོལ་དང་གྱོན་ཆས།
ཏཱན་ཟ་ནི་ཡ་ལུ་ སྙན་ཆ། ཞབས་ཁྲ། སྒྱུ་རྩལ། དུས་སྟོན་ཚུ་གི་ ལམ་སྲོལ་ཡོངས་དྲགས་ཡོདཔ་ཨིན་པས། ཨམ་སྲུ་ཚུ་གིས་ དུས་བབ་གྱོན་ཆས་དང་ ལམ་སྲོལ་གྱི་ངོ་རྟགས་གཉིས་ཆ་རའི་དོན་ལུ་ གྱོན་མི་གི་གྱོན་ཆས་ ཀི་ཊེང་གེ་དང་ ཀང་གཱ་ཚུ་ ཚུད་དོ་ཡོདཔ་ཨིན་མས། མ་སའི་གི་མི་ཚུ་ ཁོང་རའི་གྱོན་ཆས་དམརཔོ་དང་ ཕྱེངམ་གི་རྒྱན་ཆ་ཚུ་ ཡོངས་གྲགས་ཡོདཔ་ཨིན་པས།
ལྟ་བཤལ།
ལྟ་བཤལ་འདི་ཏཱན་ཟ་ནི་ཡ་གི་ དཔལ་འབྱོར་ལུ་གལ་ཅན་ཅིག་ཨིན། རྒྱལ་ཁབ་འདི་ རི་དྭགས་སེམས་ཅན་གླིང་ག་ ལེ་ཤ་ཡོདཔ་དང་འདི་ཚུ་ཡང་ སེ་རེན་གེ་ཀྲི། ངོར་རོང་གོ་རོ་ཀེརེ་ཊར། སེ་ལའུསི་གེམ་རི་སརབ། མཱུནཏ་ཀི་ལི་མཱན་ཇ་རོ་ཚུ་ཨིན་པས། ཟཱན་ཛི་བར་གྱི་མཚོ་གླིང་འདི་གིས་ བལྟ་བཤལ་པ་ཚུ་ མཚོ་མཐའ་དང་ ལམ་སྲོལ་ དེ་ལས་ བྱུང་རབས་ཀྱི་དོན་ལུ་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།
རྩེད་རིགས།
རྐང་རྩེད་འདི་ ཏཱན་ཟ་ནི་ཡ་ལུ་ རྩེདམོ་ཡོངས་གྲགས་ཅན་ཅིག་ཨིནམ་དང་ རྒྱལ་ཡོངས་སྡེ་ཚན་དང་ ས་གནས་ཀྱི་སྡེ་ཚན་ཚུ་ལུ་རྒྱབ་སྐྱོར་ རྒྱ་ཆེ་དྲགས་སྦེ་ཐོབ་སྟེ་ཡོདཔ་ཨིན་པས། རྩེད་རིགས་གཞན་གྱི་གྲངས་སུ་ ལུས་རྩལ། མཛོག་ཁྱད། དྲྭ་རིལ་རྩེདམོ་ཚུ་ཚུདཔ་ཨིན་པས། རྒྱུག་ནིའི་ལས་རིམ་ཚུ་ ཏཱན་ཟཱ་ནི་ཡཱན་གྱི་ལུས་རྩལ་པ་ཚུ་གིས་ སེམས་ཤུགས་བསྐྱེད་བཅུག་མི་འདི་ ཁྱབ་ཆེ་སུ་འགྱོ་དོ་ཡོདཔ་ཨིན།
བཞེས་སྒོ།
ཏཱན་ཟཱ་ནི་ཡ་གི་བཞེས་སྒོ་གིས་ མི་རིགས་སྣ་ཚོགས་ཡོད་པའི་ གནས་སྟངས་མཏོནམ་ཨིན་མས། སྤྱིར་བཏང་གི་བཞེས་སྒོ་གི་གྲངས་སུ་ ཨུ་གཱ་ལི་ ༼གེ་ཟ་ཕྱེ་གི་བཞེས་སྒོ་༽། ཆུམ་གྱི་ལྟོ། སྲནམ་ཅུམ། རྒུན་འབྲུམ་གྱི་རིགས། ཤ་བསྲེག་དང་ མཚོ་འགྲམ་གྱི་བཞེས་སྒོ་ ཉ་དང་བེ་ཏའི་ཨོམ་ཚུ་ཚུདཔ་ཨིན། ཟཱན་ཛཱི་བཱར་གྱི་ཚོད་མའི་རྫས་སྦྱོར་ཚུ་ཡང་ རྒྱ་ཆེ་དྲགས་སྦེ་ལག་ལེན་འཐབ་མས།
ཕྱི་འབྲེལ་མཐུན་ལམ།
ཏཱན་ཟ་ནི་ཡ་གིས་ རྒྱལ་ཁབ་ཀྱི་ཁྱིམ་ཚང་ཚུ་དང་གཅིག་ཁར་ ཞི་བདེ་དང་མཐུན་འབྲེལ་ཚུ་ རྒྱུན་སྐྱོང་འབདཝ་མ་ཚད་ རྒྱལ་སྤྱི་འདུས་ཚོགས་ ཨཕ་རི་ཀཱན་གཅིག་བསྡོམས་ཚོགས་པ་དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ ཤར་ཕྱོགས་ཨཕ་རི་ཀཱན་མི་སྡེ་ཚུ་ནང་ འཐུས་མི་ཅིག་ཨིན་མས། འདི་གིས་ ལུང་ཕྱོགས་ཀྱི་ཞི་བདེ་བཞག་ནི་དང་ འཆམ་ཁ་བཟོ་ནིའི་བརྩོན་ཤུགས་ནང་ལུ་ གལ་གནད་ཆེ་བའི་ལཱ་འགན་འབག་ཡོདཔ་ཨིན་པས།
མཇུག་དོན།
ཏཱན་ཟ་ནི་ཡ་འདི་ལམ་སྲོལ། རང་བཞིན་གྱི་མཛེས་ཆ། དཔལ་འབྱོར་གྱི་ནུས་ཤུགས་ཡོད་པའི་རྒྱལ་ཁབ་ཅིག་ཨིན། གངས་རི་ཀི་ལི་མན་ཇ་རོ་ལས་ ཟཱན་ཟི་བར་གྱི་མཚོ་གླིང་ཚུན་དང་ རྒྱལ་རབས་ཅན་གྱི་གཅིག་མཐུན་ལས་འགོ་བཙུགས་ཏེ་ བཟོ་གྲྭ་ཁང་ཚུ་ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ལུ་བརྟེན་ཏཱན་ཟ་ནི་ཡ་འདི་ ཤར་ཕྱོགས་ཨཕ་རི་ཀ་ལུ་ རྒྱལ་ཁབ་གཙོ་ཆེ་ཤོས་ཅིག་སྦེ་ ཐོན་དོ་ཡོདཔ་ཨིན། རྒྱལ་ཁབ་དེ་གིས་ ཞི་བདེ་དང་ ལམ་སྲོལ་གྱི་ངོ་རྟགས་ དེ་ལས་ ཡུན་བརྟན་གོང་འཕེལ་ལུ་ ཁས་ལེན་འབད་མི་འདི་གིས་ མ་འོངས་གོང་འཕེལ་ ལེགས་ཤོམ་སྦེ་འགྱོ་བའི་རེ་བ་ཡོདཔ་ཨིན་པས།