Jump to content

ཐགས་བཟོ།

Wikipedia ལས།

༉ ཐགས་བཟོ་འདི་ཡང་ ཧེ་མ་ སངྱས་ཞལ་བཞུགས་པའི་སྐབས་ལས་ར་ བྱུང་བྱུངམ་ཨིན་མས། དེ་ཡང་ ཧེ་མ་ སངྱས་ཞལ་བཞུགས་པའི་སྐབས་ འབྲུག་མི་ཚུ་ལུ་ ཁ་བ་རི་བྲག་པ་ཟེར་སླབ་དོ་ཡོདཔ་ཨིན་མས། དེ་ནང་གི་མི་ཚུ་ འཚོ་བ་སྐྱོང་ནིའི་དོན་ལུ་ཟས་དང་ ལུས་ཤ་ཁྲག་གནས་ནིའི་དོན་ལུ་ཁྱིམ། ཕྱིའི་འབྱུང་བ་ལས་སྐྱོབས་ནིའི་དོན་ལུ་ རས་གོས་ཚུ་རང་བཞིན་གྱིས་བཟོ་ཤེས་པའི་བཟོ་རིག་གི་རྣམ་དཔྱོད་ཚུ་ ཧེ་མ་ལས་ཡོདཔ་སྦེ་བཤད་དེ་འདུག། རིམ་པ་བཞིན་དུ་ ཁ་བ་རི་བྲག་གི་ཡུལ་འདི་ མོན་ཡུལ་ཟེར་བའི་ མིང་གི་ཐ་སྙད་ལུ་ རང་བཞིན་གྱིས་གྱུར་ཏེ་ གནས་པའི་སྐབས་ མོན་པའི་མི་ཚུ་གིས་ ཤ་ཁྲག་ལུ་ལོངས་སྤྱོད། ཤིང་དང་ཤོམ་འདབ་ཚུ་ལས་ གོ་ལ་ཚུ་འཐག་སྟེ་ གྱོན་པའི་སྲོལ་བྱུང་ཡོདཔ་ཨིན་པས། ཤུལ་ལས་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་འབྲུག་ཡུལ་ལུ་འབྱོན་པའི་སྐབས་ལུ་ མི་ཆེན་དང་དཔོན་ཆེན་ཚུ་གིས་ དར་གོས་ཀྱི་ན་བཟའ་བཞེས་ནི་དང་། མི་དཀྱུས་མ་ཚུ་གིས་ ཟྭོ་ཆག་གཡུ་རས་ལས་འཐག་པའི་གོ་དང་ སེམས་ཅན་གྱི་པགས་ཀོ་ལས་བཟོ་བའི་གོ་ཚུ་གྱོན་སྲོལ་བྱུང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ས་ཁ་མཐོ་སར་སྡོད་མི་ཚུ་གིས་ སེམས་ཅན་གྱི་པགས་ཀོ་ལས་བཟོ་བའི་གོ་ལ་དང་ ས་ཁ་དམའ་སར་སྡོད་མི་ཚུ་གིས་ ཟྭོ་ཆག་གཡུ་རས་ཚུ་ལས་འཐག་པའི་གོ་ལ་ཚུ་གྱོན་སྲོལ་འདུག།
དུས་རབས་ ༡༧ པའི་ནང་ལས་ ཁྱིམ་མཚེས་རྒྱལ་ཁབ་ལས་ ཐེར་མ་དང་སྣམ་བུའི་གོ། གོས་ཆེན། ཀ་བལ་གྱི་སྐུདཔ་ལས་འཐག་པའི་སྐམ་འཐགམ། ལ་སོགས་པ་ཚུ་བྱུང་ནུག། ད་རེས་ནངས་པ་འབད་བ་ཅིན་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ ཁྱིམ་མཚེས་རྒྱལ་ཁབ་དང་གཞན་རྒྱལ་ཁབ་ཚུ་ལས་ སྐུདཔ་མ་འདྲཝ་ཐོན་ཏེ་ཡོད་ནི་འདི་གིས་ གོ་དང་དཀྱི་ར་ཚུ་མེ་ཏོག་མ་འདྲཝ་གིས་བརྒྱན་ཏེ་ ཐགས་བཟོ་རིག་པ་འདི་ གོང་འཕེལ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་མ་ཚད་ གོ་དང་དཀྱི་རའི་དབྱེ་བ་ཡང་ སྤང་རྩེ། སེར་ཁྲ། ཨ་ཐང་དམར་ཁྲ། གཡུ་འཐགམ། ཐགས་རས། ཧོར་ཁྲ། འཇའ་འགྲིགསམ། ཟེར་བའི་དཔེ་གསར་གྱི་རིགས་དང་ སྨན་ཙེ་དམར་ཁྲ། ལུང་སེརམ། སྒྲོམ་ཅུང་ཅནམ། མོན་འཐག། སྔོ་གཤམ། སྐུད་ཤུད་ཐགས་ར་ལ་སོགས་པའི་མེ་ཏོག་ཅན་གྱི་འཐག་འཐགཔ་དབྱེ་བ་མ་འདྲཝ་ལེ་ཤ་ཡོདཔ་ཨིན།
དང་ཕུའི་དུས་ལུ་འབད་བ་ཅིན་ རས་གོ་འཐག་སྟེ་གྱོན་སྲོལ་ཡོད་མི་འདི་ ངོ་མ་ར་ ཉི་ཆར་དང་རླུང་ཚུ་ལས་ སྐྱོབས་ནིའི་དོན་ལུ་ཨིན་པས། དེ་ཡང་ ཧེ་མ་ སྡོད་སའི་ཁྱིམ་ཟེར་མེད་པར་ བྱག་ཕུག་དང་ཤིང་གི་རྩ་བར་སྡོད་པའི་སྐབས་ གོ་ལའི་དགོས་པ་ངོ་མ་ར་ ཉིམ་གིས་མི་འཚིག་ནི་དང་། ཆར་རླུང་ལ་སོགས་པ་ཚུ་གིས་གྱང་ནི་ལས་ བསྲུང་ནིའི་ཐབས་ལུ་ ཤིང་གི་ཤོམ་འདབ་དང་རུ་ཤིང་ལས་འཐག་པའི་གོ་ལ་ཚུ་ གྱོན་ཏེ་སྡོད་ཡོདཔ་ཨིན་པས། ཤུལ་ལས་ མིའི་མནོ་བསམ་ཚུལ་མཐུན་སྦེ་གཏང་ཤེསཔ་འགྱོ་བའི་དུས་ལུ་ རང་ལུ་བལྟ་སྟེ་ངོ་ཚ་ནི་དང་ གཞན་ལུ་བལྟ་སྟེ་ ཁྲེལ་ཡོདཔ་གྱུར་ཏེ་ དེ་ཚུ་བསྲུང་ནིའི་དོན་ལུ་ རྒྱུ་ག་ཅི་ལས་འབད་རུང་འཐག་ཏེ་ ཁོད་སྟོད་དང་ཁོད་སྨད་ཚུ་བཀབ་སྟེ་ གྱོན་སྲོལ་བྱུང་ནུག། དེ་ལས་ རིམ་པ་བཞིན་དུ་ གོ་དང་དཀྱི་ར་ཚུ་འཐག་སྟེ་ གཟུགས་ཀྱི་མཛེས་རྒྱན་གཙོ་བོ་སྦེགྱོན་པའི་སྲོལ་བྱུང་ནུག།
ད་རེས་ནངས་པའི་དུས་ལུ་འབད་བ་ཅིན་ ཐགས་བཟོ་འདི་ མང་ཤོས་ཅིག་ ཨམ་སྲུ་ཚུ་གིས་འཐག་དོ་ཡོདཔ་དང་ ཐགས་བཟོ་འདི་ལས་བརྟེན་ རྒྱལ་ཁབ་ཀྱི་ས་གནས་ལ་ལུ་ཅིག་ནང་ དངུལ་གྱི་འོང་འབབ་བཟོ་ནིའི་ཐབས་ལམ་གཙོ་བོ་ཅིག་སྦེ་ཡོདཔ་མ་ཚད་ དེ་ལས་བརྟེན་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ལས་ འཕྲུལ་གྱིས་འཐག་སྟེ་ཡོད་པའི་ གོ་དང་དཀྱི་ར་ཚུ་ ནང་འདྲེན་འབད་མ་དགོ་པར་ རྒྱལ་ཁབ་ཀྱི་རང་མགོ་རང་འདྲོང་གི་ དམིགས་ཡུལ་གྲུབ་ཐབས་ལུ་ཡང་ ཕན་ཐོགས་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ ཐགས་བཟོ་མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ མི་དབང་ཨ་ཞེ་སངྱས་ཆོས་སྒྲོན་དབང་ཕྱུག་མཆོག་གི་སྐྱབས་འཛིན་གྱི་འོག་ལུ་ རྒྱལ་འཛིན་ཐགས་རིགས་སློབ་སྡེ་ཟེར་ ཁེབ་ས་མེད་པའི་མི་སྡེ་ལས་ཚོགས་ཅིག་ གཞི་བཙུགས་མཛད་གནང་སྟེ་ཡོད་མི་འདི་གིས་ ན་གཞོན་དང་ཨམ་སྲུ་ཚུ་ལུ་ ཐགས་རིགས་ཀྱི་སྦྱོང་བརྡར་ཚུ་ཡང་ གནང་དང་གནང་བཞིན་ཡོདཔ་ཨིན།
མདོར་བསྡུ་བ་ཅིན་ ཐགས་བཟོ་འདི་ རྒྱལ་ཁབ་ནང་ལུ་ ཧེ་མ་ལས་དར་ཏེ་ཡོད་པའི་ རང་ལུགས་སྔར་སྲོལ་བཟང་པོ་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་ཨིན་པའི་ཁར་ འཕྲུལ་རིག་གིས་འཐག་སྟེ་ཡོད་པའི་གོ་དང་དཀྱི་ར་ཚུ་དང་གཅིག་ཁར་ རྩ་ལས་མ་འདྲ་བའི་མེ་ཏོག་གི་རྣམ་པ་ཚུ་ བཀྲིས་རྟགས་བརྒྱད་དང་ གཞན་ཡང་ མེ་ཏོག་གི་རིགས་མ་འདྲཝ་ལེ་ཤ་སྦེ་ འཐག་སྲོལ་ཡོད་པའི་ཁར་ སྤུས་ཚད་ཡང་གནམ་མེད་ས་མེད་ལེགས་ཤོམ་འོངམ་ཨིན། ཐགས་བཟོ་འདི་མང་ཤོས་ཅིག་ ཨམ་སྲུ་ཚུ་གིས་འཐག་དོ་ཡོད་པའི་ཁར་ འབྲུག་ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཁྱབ་ཆེ་ཏོག་ཏོ་སྦེ་ འཐག་སྲོལ་ཡོད་པའི་བཟོ་རིགས་བཅུ་གསུམ་གྱི་ནང་གསེས་ཅིག་ཨིན་ནོ།

ཁུངས་གཏུག།

[ཞུན་དག]
  1. ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
  2. མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཕིམ་ཕུག། སྐལ་བཟང་གཞན་ཕན།
"https://dz.wikipedia.org/w/index.php?title=ཐགས་བཟོ།&oldid=29391" ལས་ སླར་འདྲེན་འབད་ཡོདཔ།