ཐིམ་ཕུག་ཚེས་བཅུ།
ཧོར་ཟླ་ ༨ པའི་ཚེས་ ༡༠ ལས་ ཉིནམ་ ༣ ཐིམ་ཕུག་ཚེས་བཅུའི་ངལ་གསོ་ཨིན།
དེ་ཡང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ནི་ ཡབ་འབྲུག་པ་ཀུན་ལེགས་ཀྱི་གདུང་རབས་གཉིས་པ་ཚེ་དབང་བསྟན་འཛིན་དང་ ཡུམ་ཕ་ཇོ་འབྲུག་སྒོམ་གྱི་གདུང་རབས་ ལྕང་སྒང་ཁ་བླ་མའི་སྲསམོ་ དམ་ཆོས་བསྟན་འཛིན་གྱི་སྲས་ལུ་རབ་བྱུང་ ༡༡ པའི་ས་སྟག་ སྤྱི་ལོ་ ༡༦༣༨ ལུ་ སྐུ་འཁྲུངས་ཏེ་ ཡབ་དང་ ཞབས་དྲུང་རིན་པོ་ཆེ་དང་ གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་དང་ དམ་ཆོས་རྒྱལ་མཚན་དང་ རྗེ་བསྟན་འཛིན་རྣམ་རྒྱལ་སོགས་ལས་ མདོ་སྔགས་རབ་འབྱམས་ཀྱི་གསན་བསམ་དང་ དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཉམས་བཞེས་གྲུབ་སྟེ་ མཁས་གྲུབ་ཀྱི་གོ་འཕང་ཐོབ་ནུག།
དེའི་ཤུལ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་རང་ཉིད་ དགུང་གྲངས་ཞེ་གསུམ་བཞེསཔ་ད་ སྤྱི་ལོ་ ༡༦༨༠ ལྕགས་སྤྲེལ་དགུན་འབྲིང་རྒྱལ་ཟླ་གསུམ་པ་ལུ་ སྡེ་སྲིད་བཞི་པའི་ཁྲི་ལུ་བྱོན། ལོ་དེའི་ཁྲུམས་ཟླ་བརྒྱད་པའི་ཚེས་བཅུ་ལས་འགོ་བཙུགས་ཏེ་ དང་པ་ར་ གུ་རུའི་ཚེས་བཅུ་ཉིནམ་ ༣ ཉི་མ་ལྷོ་ནུབ་མའི་སྤྱན་འདྲེན་སྐབས་ གུ་རུ་དངོས་སུ་བྱོན་པ་ལྟ་བུའི་ཐོག་ལས་ གསེར་སྦྲེང་དང་བཅས་པའི་ སྤྲོས་བཅས་ཀྱི་ཐིམ་ཕུག་ཚེས་བཅུ་རྒྱས་པ་བཙུགས་གནང་ནུག།
ཤུལ་ལས་ འཆམ་རྒྱས་པར་བཙུགས་དགོ་མི་འདི་ ཧེ་མ་ཚེས་བཅུ་གསར་བཙུགས་གནངམ་ད་ར་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཁོ་རའི་ཐུགས་དགོངས་ལུ་ཨོ་རྒྱན་ཚེས་བཅུའི་སྐབས་ གུ་རུ་མཚན་བརྒྱད་ཀྱི་གར་འཆམ་དང་འབྲེལ་བར་བཙུགས་དགོས་པའི་ཐུགས་བཞེད་གནངམ་གནང་སར་ཡོད་པའི་ཁར་ ཞབས་དྲུང་རིན་པོ་ཆེ་གིས་སྔོན་མ་ལས་ བདེ་མཆོག་འཁོར་ལོའི་སྒྲུབ་མཆོད་ཀྱི་སྐབས་ རིག་མ་བཅུ་དྲུག་གི་མཆོད་པ་དང་འབྲེལ་བའི་ གར་འཆམ་འཛུགས་རྒྱུའི་རུས་རྒྱན་ཚུ་གི་ཅ་ཆས་མང་པོར་བསྒྲུབས་གནང་རུང་ སྲོལ་རྒྱུན་བཙུགས་མ་ཚུགས་པར་ལུས་མི་འདི་གི་ ཐུགས་དགོངས་ཡང་རྫོགས་པར་བསྒྲུབ་ནི་གི་དོན་ལུ་བཙུགས་གནང་གནངམ་ཨིན་མས།
དེའི་དོན་ལུ་ བོད་ལྷོ་བྲག་འཇའ་ལུང་པ་ཨོ་རྒྱན་ཚེ་རིང་ སྔར་ལྷ་ལུང་ཆོས་སྡེར་ཞུགས་རུང་ ཕྱིས་འབྲུག་པའི་ཆོས་སྒོར་ཞུགས་ཏེ་སྡོད་པའི་སྐབས་ལུ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ གུ་རུ་མཚན་བརྒྱད་ གཏུམ་རྔམ་དང་ རིག་མ་བཅུ་དྲུག་གི་གར་འཆམ་ ལེགས་པར་སྦྱང་དགོ་པའི་བཀའ་རྒྱ་ནན་དུ་བསྩལ་ཏེ་ བོད་ལུ་ཆེད་མངགས་བཏང་གནངམ་བཞིན་དུ། ཁོ་གིས་བོད་ གོང་དཀར་གྱི་ཆོས་སྡེ་རྡོ་རྗེ་གདན་ལས་ མཚན་བརྒྱད་ཀྱི་འཆམ་དང་། སྣེ་གདོང་ཆོས་སྡེ་དང་ ལྷ་ལུང་ཆོས་སྡེ་ཚུ་ལས་ མཚམས་གཅོད། གཏུམ་རྔམ། རྒྱན་དྲུག། མཁའ་འགྲོ་སྡེ་ལྔ་། དཔའ་མོའི་རྔ་འཆམ། དུར་ཁྲོད་བདག་མོའི་གིང་འཆམ་བཅས་ ཟླཝ་བརྒྱད་ཀྱི་རིང་ལུ་ ཆ་ཚང་མཐར་ཕྱིནམ་སྦེ་ལྷབ་ནུག།
དེ་ལས་ལོག་འབྲུག་ལུ་ལྷོད་ཞིན་ན་ འཆམ་དེ་ཚུ་རྒྱལ་སྲས་ལུ་གཟིགས་འབུལ་ཕུལཝ་ད་ཐུགས་མཉེས་ཏེ་ དང་པ་ར་དགེ་བཤེས་ངག་དབང་འབྲུག་པ་དང་ ཆོས་རྗེ་དཔལ་འབྱོར་གཉིས་ལྷབ་བཅུག་ དེ་ལས་རིམ་བཞིན་སྐུ་དྲུང་ཚེ་དབང་རྡོ་རྗེ་ལ་སོགས་པའི་ལུས་རྩལ་ཅན་ཚུ་ལུ་ ལེགས་ཤོམ་སྦེ་སྦྱང་བཅུག་ཞིན་ན་ལས་ གནས་ཕུན་སུམ་ཚོགས་པ་བཀྲིས་ཆོས་ཀྱི་རྫོང་ཆེན་འདི་ནང་། དུས་ཕུན་སུམ་ཚོགས་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ལོའི་ སྟོན་ཟླ་ར་བའི་ཁྲུམས་ཟླ་སྟེ་ ཧོར་ཟླ་ ༨ པའི་ཚེས་བཅུ་ སྤྱི་ལོ་ ༡༦༨༧ ལས་འགོ་བཟུང་ ཧེ་མ་ཨོ་རྒྱན་ཚེས་བཅུའི་སྲོལ་གསར་བཙུགས་གནང་མི་དང་འབྲེལ་ཏེ་ གུ་རུ་མཚན་བརྒྱད་དང་ རིག་མ་བཅུ་དྲུག་ གཏུམ་རྔམ་ལ་སོགས་པའི་སྤྲོས་བཅས་གར་འཆམ་དང་བཅས་པའི་དུས་སྟོན་གསར་འཛུགས་གནང་ནུག།
དེ་ཡང་འདུ་ཁང་ཆེན་མོར་ དགེ་འདུན་བརྒྱ་ཕྲག་མང་པོས་ བླ་མ་དགོངས་འདུས་ཀྱི་ལས་བྱང་ མེ་ཏོག་ཕྲེང་མཛེས་ཀྱི་སྒྲུབ་མཆོད་རིམ་པར་གནང་གྲུབ་པའི་མཐར་ ལྷ་མི་ཡོངས་ཀྱི་དགྱེས་པ་བསྐོང་བའི་ཕྱིར་ ཞྭ་ནག་དང་མཚམ་གཅོད་ཞྭ་ནག་རྔ་འཆམ་ དུར་ཁྲོད་བདག་མོ་དང་ གཏུམ་རྔམ་ གུ་རུ་མཚན་བརྒྱད་དང་ དཔའ་མོའི་རྔ་འཆམ། རིག་མ་བཅུ་དྲུག་ མཁའ་འགྲོ་སྡེ་ལྔའི་མཆོད་དབྱངས་ཀྱི་གར་འཆམ་སོགས། ཉིནམ་གསུམ་གྱི་རིང་ རོལ་རྩེད་དུ་བསྒྱུར་ཏེ་ སྐྱེ་འགྲོ་ཀུན་གྱི་འདོད་པའི་རེ་བ་སྐོང་བར་མཛད་པ༌འདི་ནི་ རྒྱལ་སྲས་བདག་ཉིད་ཆེན་པོ་བསྟན་འཛིན་རབ་རྒྱས་ཀྱི་བཀྲིན་ཨིན།
ཚེས་བཅུ་དེ་སྐབས་ རྒྱལ་ས་ཐིམ་ཕུག་གི་ཆ་འོག་ལུ་ ཉིནམ་ ༣ གྱི་གཞུང་འབྲེལ་ངལ་གསོ་བཞག་སྲོལ་ཡོད་མི་འདི་ཡང་ རང་གིས་དད་པ་གིས་ལྕོགས་པ་ཅིན་ གུ་རུ་མཚན་བརྒྱད་དང་ རིག་མ་བཅུ་དྲུག་དངོས་སུ་མཇལ་བ་དང་ གར་འཆམ་མཇལ་བ་ལ་ཕན་ནུས་དང་ བྱིན་རླབས་ཚུ་ཁྱད་པར་མེདཔ༌ལས་ དངོས་འཆམ་མཇལ་དགོས་པའི་དོན་ལུ་ཨིནམ་མ་ཚད་ དེ་ཚུ་ཡང་འཇིག་རྟེན་པའི་གཡེང་ཐབས་ཀྱི་རྩེད་འཆམ་དང་མ་འདྲ་བར་ལྷ་ཚོགས་དེ་ཚུ་དངོས་སུ་བྱོན་ཏེ་ དེར་ཚོགས་ཀྱི་མི་དང་ ས་གཞི་ལུ་བྱིན་རླབས་དང་ དད་པ་ཅན་ལུ་བར་ཆད་རྐྱེན་སེལ་དང་ ལས་ཉོན་སྡིག་སྒྲིབ་དག་པའི་མཐོང་གྲོལ་ཡང་ཨིནམ་ལས་ ག་དེ་འབད་རུང་མཇལ་དགོཔ་གལ་ཆེ།
དེ་ཁར་ དུས་ཕྱིས་ལུ་ ༡༩༥༨ དེ་ཅིག་ཁ་ལས་ འབྲུག་གི་རྒྱལ་རབས་གསུམ་པ་ མངའ་བདག་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ པད་གླིང་གིང་གསུམ་ དགྲ་མེད་རྩེའི་རྔ་འཆམ་ རཀྵ་དམང་འཆམ་ ཤཝ་ཤ་ཁྱི་ ཨ་ཅོ་ཕན་ཐོཊ་ལ་སོགས་པའི་བོད་འཆམ་ཚུ་ཡང་བཙུགས་ཏེ་ ཚེས་བཅུ་ཉིནམ་ ༡ འཐེབ་སེང་སྟེ་ ལྷ་འཆམ་དང་ བོད་འཆམ་མ་འདྲཝ་མང་རབས་ཅིག་མཇལ་ནི་ཡོདཔ་ལས་ དེ་ཚུ་མཇལ་ཚུགས་ནིའི་དོན་ལུ་ གཞུང་འབྲེལ་ངལ་གསོ་ཉིནམ་གསུམ་བཞག་གནངམ་ཨིན་ནོ།།