Jump to content

ཐེག་ཆེན་སེམས་བསྐྱེད་ཀྱི་སྐོར།

Wikipedia ལས།

ཐེག་ཆེན་སེམས་བསྐྱེད་ལ་དཔྱད་པ་པད་དཀར་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

[ཞུན་དག]

གང་ཞིག་བསྟེན་ན་ཉེར་ཞི་གཉིས་ཀྱི་གོང་དུ་འཁྲིད་ལ་སོམ་ཉིད་བྲལ། །གང་དང་ལྡན་ན་ཞི་བ་ལྷ་སོགས་འཕགས་པ་རྣམས་ཀྱིས་ཕྱག་བྱར་འོས། །[]

གང་ལ་བསྟེན་ན་སྒོ་གསུམ་ཉེས་པ་མ་ལུས་པ་ཡང་སྤོང་བྱད་པ། །བླ་མེད་བྱང་ཆུབ་སེམས་ལ་མི་ཕྱེད་དད་པ་བརྒྱ་ཡིས་བླངས་ནས་མཆོད། །

གང་གི་གཞུང་ལུགས་ཟབ་པའི་ཆུ་གཏེར་ལ། །ཁྲོན་པའི་སྦལ་པས་རོལ་བར་མ་ནུས་ཀྱང་། །

ཟབ་དགོངས་རྒྱ་མཚོར་འབབ་པའི་ཆུ་ཕྲན་ལ། །སྒྱུ་རྩལ་ཆུང་ངུའི་སྒོ་ནས་འཁྱམ་ལ་སྤྲོ། །

ཞེས་མཆོད་པར་བརྗོད་པ་དང་དམ་བཅའ་བས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོས་གདུལ་བྱའི་ཁམས་དང་། བསམ་པ་དང་། མོས་པ་དང་། དབང་པོ་དང་བསྟུན་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་དེ་དག་ཀྱང་བསྡུ་ན། ཀུན་མཁྱེན་ཆེན་པོས།

རྟུལ་འབྲིང་རྣོན་པོ་འདུལ་བྱེད་ཀྱིས། །འཁོར་ལོ་རིམ་པ་གསུམ་དུ་བསྡུས། །ཞེས་དང་།

ཝཱ་རཱ་ཎ་སཱིར་བདེན་བཞི་གཞན་དུ་ཡང་། །ཕར་ཕྱིན་རྡོ་རྗེ་ཐེག་པ་མ་ལུས་པའི། །

ཞེས་གསུངས་པ་ལྟར་ཆོས་འཁོར་རིམ་པ་གསུམ་དུ་སྡུད་པ་ཡིན་ལ། དེའི་ནང་ནས་ཀྱང་ཆོས་འཁོར་སྤྱིའི་དབང་དུ་བཏང་ན་བར་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། མདོ་ལུགས་གཞིར་བཞག་གི་དབང་དུ་བཏང་ན། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་དགོངས་འགྲེལ་དུ་འགྱུར་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། དེ་ལའང་དོན་གྱི་བརྗོད་བྱ་དོན་བདུན་ཅུ་ཡོད་པའི་ཐོག་མ་སེམས་བསྐྱེད་ཀྱི་སྐོར་མདོ་ཙམ་ཞུ་བ་ལ། དང་པོ་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན།  གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དཔྱད་པ།  གསུམ་པ་དབྱེ་བ་དང་ས་མཚམས་བཅས་གསུམ་ལས།   དང་པོ་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས།  དང་པོ་ནི།  འགལ་རྐྱེན་མི་ཁོམས་པའི་གནས་བརྒྱད་ལས་གྲོལ།  མཐུན་རྐྱེན་འབྱོར་པ་བཅུ་ཚང་བའི་ལུས་རྟེན་ཞིག་དགོས་ཏེ། དེ་ལ་དགོངས་ནས་སྤྱོད་འཇུག་ལས།

དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་བསྒྲུབ་ཐོབ་པར་གྱུར་པ་ལ། །

གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །

ཞེས་གསུངས། དེའང་ལུས་རྟེན་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་ཡིན་གྱི། སེམས་བསྐྱེད་སྐྱེ་བའི་ལུས་རྟེན་ཡིན་ན་དེ་ཡིན་པས་མ་ཁྱབ་སྟེ།  ངན་འགྲོའི་རྟེན་ལའང་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པར་ཀུན་མཁྱེན་ཆེན་པོས་བཞེད་པའི་ཕྱིར། གཉིས་པ་སེམས་རྟེན་ཕུན་སུམ་ཚོགས་པའི་དབང་དུ་བཏང་ནས་སྡོམ་གསུམ་རྒྱ་ཆེར་འགྲེེལ་པ་ལེའུ་བར་པ་དང་། བྱང་ཆུབ་ལམ་སྒྲོན་ལས་སོ་ཐར་གྱི་སྡོམ་པ་དགོས་པར་གསུངས་ཀྱང་། ངེས་བཟུང་གི་ཡན་ལག་ཏུ་ནི་མ་ཡིན་ཏེ་གོང་གི་དཔེ་བཞིན་ནོ། །

གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དཔྱད་པ་ལ།  གཞན་ལུགས་དགག  རང་ལུགས་བཞག རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག ཀུན་མཁྱེན་ཆེན་པོས་བྱམས་པའི་ཞལ་ལུང་དུ།  ཐེག་ཆེན་དུ་སེམས་བསྐྱེད་པ་ནི།  སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་དུ་སེམས་བསྐྱེད་པ།  ཞེས་པའི་ཚིག་གཞིར་བཟུང་ནས།  དེས་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་བསྟན་ཞེས་པའང་འཐད་པར་མ་མཐོང་སྟེ།  མཚན་ཉིད་དེའི་དོན།  སྙིང་རྗེས་ཆེད་དུ་བྱ་བ་གཞན་དོན་དུ་དམིགས་ལ།  ཤེས་རབ་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་སྟེ་དོན་གཉིས་སམ་དམིགས་པ་གཉིས་དང་བཅས་པའི་སེམས་བསྐྱེད་ལ་བཞེད་པ་འདྲ།   སྐབས་དེར་བསྟན་གྱི་མཚན་ཉིད་དེ་ཡང་ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ལས།  བྱང་ཆུབ་ཀྱི་སེམས་གང་ཞེ་ན། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་མཁྱེན་པའོ།  །ཞེས་པའི་སྐབས་ནས་བསྟན་པའི་མཚན་ཉིད་དེ་དང་དོན་གཉིས་སུ་མི་སེམས་ཞིང་།  དེ་ལྟར་ཡིན་ན།  དེ་ལྟ་བུའི་སེམས་བསྐྱེད་དེ་ལ་ངོ་བོའི་སྒོ་ནས་སྨོན་པ་དང་། འཇུག་པ་སེམས་བསྐྱེད་གཉིས་སུ་དབྱེ་འདུག་པས།  མཚན་ཉིད་དེ་ལྡན་གྱི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ཡིན་པར་སེམས་ཏེ།  ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་དབྱེར་རུང་བའི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ལས་གཞན་ལ་འོས་མེད་པའི་ཕྱིར་རོ།  །དེ་ཡང་སྤྱོད་འཇུག་དབུ་མ་ལམ་སྒྲོན་ལས། མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་ནི།  བྱང་ཆུབ་ལ་འཇུག་པ་ཉིད་ཡིན་ནོ། །དེ་གཉིས་ཀུན་རྫོབ་ཁོ་ན། ཞེས་དངོས་སུ་གསལ་བས་དོགས་པའི་གཞི་མེད་དོ།།

འོ་ན་ཀུན་མཁྱེན་ཆེན་པོས་དོན་གཉིས་སམ་དམིགས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་དེ་ལ་ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་དབྱེ་བ་དེ་ཇི་ལྟར་འཐད་ཅེ་ན།  དེ་ཉིད་སློབ་དཔོན་གྱི་དགོངས་པའང་ཡིན་པར་སྣང་ཏེ། དེ་ཉིད་ཀྱིས་མཛད་པའི་འགྲེལ་ཆུང་དོན་གསལ་ལས།  སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།  །ཡང་དག་རྫོགས་པའི་བྱང་ཆུབ་འདོད།  །ཅེས་པའི་གཞུང་གི་འཐད་དུ། སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །ཞེས་གསུངས་པས་སོ།།

དེར་མ་ཟད། དོན་དམ་སེམས་བསྐྱེད་ནི་ལུང་ལ་འཇུག་སྒོར།  གཏེར་ལྟ་བུ་ནས་མཉམ་བཞག་གི་ངོ་ཏི་ལ་དོན་དམ་སེམས་བསྐྱེད། ཅེས་དང་། སྡོམ་གསུམ་སྙིང་པོ་བསྟན་པར། དོན་དམ་སེམས་བསྐྱེད་ནི་ས་དེ་པའི་མཉམ་བཞག་ཡཻས། གསུངས་པ་ལྟར་བྱང་སེམས་འཕགས་པའི་རྒྱུད་ཀྱི་མཉམ་བཞག་ཡཻས་ལ་འཇོག་དགོས་ཤིང་། །དེ་ཡང་དམིགས་མེད་ཀྱི་ཡཻས་ཤིག་དགོས་པའི་ཕྱིར་རོ། །

དེར་མ་ཟད་སློབ་དཔོན་གྱིས། རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་དེའི་སྒྲར་བསྟན་པ་ནི་དེ་ལྟར་ན་བྱང་ཆུབ་སེམས་པ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་དང་། བྱམས་པའི་ཞལ་ལུང་ལས།  སེམས་པ་ཞེས་པ་ནི་མཚུངས་པ།  གང་དེ་དང་མཚུངས་པར་ལྡན་ན།  སེམས་འབྱུང་བ་སྟེ་དོན་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བར་སྐྱེ་བ་ཞེས་སྟོན་པའོ།  །ཞེས་པའི་གཞུང་ཚིག་དེ་དག་གིས་མཚན་ཉིད་དེ་ལྡན་གྱི་སེམས་བསྐྱེད་དེའི་མཚན་གཞི་གཙོ་སེམས་ལ་བཞེད་པ་ལས་ཀྱང་།  སྐབས་དེར་བསྟན་གྱི་མཚན་ཉིད་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པར་གོ་ནུས་སྙམ་སྟེ།  རང་གི་གོ་བ་མ་ནོར་བ་ཡིན་ན། ལུང་ལ་འཇུག་སྒོ་ལས།  དེ་ཡང་དོན་གཉིས་སམ་དམིགས་པ་གཉིས་དང་ལྡན་པའི་ཡིད་ཀྱི་རྣམ་ཤེས་སུ་བཞག་པ་ནི།  སེམས་བསྐྱེད་པ་དེ་ལ་ཡང་དག་པར་བླངས་པ་ལས་ཐོབ་པ་དང་།  ཆོས་ཉིད་ཀྱིས་ཐོབ་པ་གཉིས་ཡོད་པ་དང་པོའི་དབང་དུ་བྱས་པའི་ཕྱིར། ཞེས་པའི་གཞུང་ཚིག་གི་དགོངས་པ་ཡིན་པར་འདྲ་བས་སོ། །

ཡང་སྤྱོད་འཇུག་དབུ་མ་ལམ་སྒྲོན་ལས། དེའི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་ལ་དམིགས་པའི་ཡིད་ཤེས་དགེ་བ་ཡོན་ཏན་ཟད་མི་ཤེས་པ་འདྲེན་ནུས་པ་ཞིག་གོ །ཞེས་པའི་མཚན་ཉིད་འཇོག་ཚུལ་ལྟར་ནའང་། དམིགས་པ་རྣམ་པ་གཉིས་དང་བཅས་ཤིང་། ཡིད་ཤེས་ཀྱི་ངོ་བོར་འགྱུར་པའི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ལས་གཞན་ལ་འོས་མེད་པར་འདྲའོ། །

ཡང་ཁ་ཅིག སྟོང་པ་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོར་བཞག་ནས།  དེའི་དོན་སྙིང་རྗེས་གཞན་དོན་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་དང་ལྡན་པའི་སེམས་བསྐྱེད་ལ་བཞེད་ཅིང་། དེའི་སྒྲུབ་བྱེད་དུ།  མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་གཞུང་ཚིག་དྲངས་པ་ཡང་ཡོད་དོ། །དེར་ཅུང་ཟད་དཔྱད་ན། དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་དེ་མངོན་རྟོགས་རྒྱན་གྱི་གཞུང་ཚིག་དེའི་དངོས་བསྟན་གྱི་བརྗོད་བྱ་ཉིད་དུ་བཞེད་མི་བཞེད་གང་། དང་པོ་ལྟར་ན་དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་གཉིས་པོ་དེ།  གཉིས་ཀ་དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་ཡིན་པར་འདྲ་བས།  གཞུང་ཚིག་དེས་དོན་དམ་སེམས་བསྐྱེད་སྦས་དོན་གྱིས་བསྟན་པའི་རྣམ་བཞག་ཡང་མི་འཐད་པར་ཐལ་ལོ།  །འདོད་མི་ནུས་ཏེ་ཀུན་མཁྱེན་ཆེན་པོས་ལུང་ལ་འཇུག་སྒོར།  འདིས་གཙོ་བོར་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་བསྟན་ལ་སྦས་དོན་གྱིས་ཕྱི་མའང་བསྟན་ནོ།།ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ།  དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་དེ་གཞུང་ཚིག་དེས་ཚིག་ཟིན་ལ་བསྟན་པའི་ཕྱིར་རོ།  །དེས་ན་མངོན་རྟོགས་རྒྱན་གྱི་གཞུང་ཚིག་དེས་དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་དེ་དངོས་སུ་བསྟན་ཅིང་། དོན་དམ་སེམས་དེ་དམིགས་པ་གཉིས་དང་བཅས་པའི་སེམས་བསྐྱེད་ཡིན་ཡང་། གཞུང་ཚིགས་དེའི་སྦས་དོན་དུ་བཞེད་པ་ནི་མ་བརྟག་པར་རང་དགར་དུ་སྨྲ་བའི་གཏམ་སྟེ།  ཀུན་མཁྱེན་དགོངས་པའི་འབེན་མུན་པར་བཞག་ནས་རློམ་ཚོད་ཀྱིས་མདའ་འཕེན་པ་ལ་དགོས་པ་མ་མཐོང་ངོ། །

ཁོ་བོ་ཁྱི་རྒན་མྱོས་པའི་ཀུ་ཅོ་ཡིས། །

སེང་གེའི་ངར་སྒྲ་གཞོམ་པར་མི་ནུས་ཀྱང་། །

ཚིག་དོན་ཕུན་ཚོགས་མེད་པའི་སྒྲ་སྐད་ཀྱིས། །

ཁྱི་རྒན་གཞན་ཡང་རྗེས་སུ་འབྲང་ཕྱིར་བཏོན། །

གཉིས་པ་རང་ལུགས་བཞག་པ་ནི།  འོ་ན་ཀུན་མཁྱེན་ཆོས་པོས་ཐེག་ཆེན་སེམས་སྤྱིའི་མཚན་ཉིད་མི་བཞེད་པ་ཡིན་ནམ་ཞེ་ན།  ཁོ་བོ་ནི་འདོད་ཅེས་པའི་ལན་འདེབས་པ་ལ་བློ་རྩེ་གཉིས་མི་མངའ་བ་ཡིན་ཏེ། སྒྲུབ་བྱེད་ནི་རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོག་པ་ཐ་དད་ཕྱིར། །ཞེས་པ་དེས་གྲུབ་བོ། །དེས་ན་ཀུན་མཁྱེན་ཆེན་པོའི་རྗེས་འབྲང་དུ་བཞེད་པ་དག་གིས། ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པའི་སྒྲུབ་བྱེད་ཁས་ལེན་བཞིན་དུ་ཐེག་ཆེན་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་ཁས་ལེན་པ་ནི་ཆོས་རྗེ་ས་པན་གྱིས། ནགས་ལ་གནས་པའི་སྤྲེའུ་དག ། ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་པའི་འགྲོས་ལྟར་དུ་མི་འགྱུར་རམ། ཁོ་བོ་ནི་ཟས་ཟ་སའི་སྣོད་དུ་སྐྱག་པ་གཏང་འདོད་ཀྱི་བློ་མེད་པས། རེ་ཞིག་ཐེག་ཆེན་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་ཁས་མི་བླང་ངོ། །

  ཐེག་ཆེན་དོན་དང་ཀུན་རྫོབ་སེམས་བསྐྱེད་གཉིས། །

  ཡུལ་གྱི་རྣམ་པ་ཤིན་དུ་མི་མཐུན་པས། །

  སྤྱི་ལ་ཁྱབ་པའི་མཚན་ཉིད་མི་འདོད་ཅེས། །

རྨོངས་བློས་ཡང་ཡང་དཔྱད་པའི་འབྲས་ལགས་སོ། །ཅེས་པས་བསྡུ་བའི་ཚིགས་བཅད་དོ། །

གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་དང་། མི་སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་གཉིས་པོ་དེ་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས། དོན་དམ་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད། ཅེས་ཟེར་རོ། །དེ་ལ་མཁས་པའི་བཞེད་ཚུལ་མང་ཡང་། ཁོ་བོའི་རྟོག་བློ་ལ་འཆར་ཚུལ་མདོ་ཙམ་ཞུས་ན། ཡུལ་གྱི་རྣམ་པ་མི་མཐུན་པ་ཙམ་གྱིས་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པར་འཇོག་མི་ནུས་སྙམ་ཏེ། དེ་ལྟར་མིན་ན་ལུང་ལ་འཇུག་སྒོ་དང་བྱམས་པའི་ཞལ་ལུང་གཉིས་ཀྱི་ནང་དུ། མཐར་ཐུག་པའི་མངོན་རྟོགས་དེ་མི་སློབ་ལམ་སྤྱིའི་མཚན་ཉིད་དུ་གསུངས་པ་དང་ཧ་ཅང་འགལ་ཏེ། མི་སློབ་ལམ་སྤྱིའི་མཚན་ཉིད་དེས་མི་ཐེག་པ་གསུམ་ཆར་གྱི་མི་སློབ་ལམ་ལ་ཁྱབ་དགོས་པའི་ཕྱིར་རོ། །གལ་ཏེ་མཐར་ཐུག་པའི་མངོན་རྟོགས་དེ་ཐེག་ཆེན་མི་སློབ་ལམ་ཁོ་ནའི་མཚན་ཉིད་ཡིན་གྱི། ཐེག་པ་གསུམ་ཆར་གྱི་མི་སློབ་ལམ་གྱི་མཚན་ཉིད་མིན་ནོ་སྙམ་ན། མི་འཐད་དེ། མཚན་ཉིད་དེའི་དོན་བྱམས་པའི་ཞལ་ལུང་ལས་རང་ལུགས་ཀྱི་བསླབ་པ་ཡོངས་སུ་རྫོོགས་པ་ཞེས་གསུངས་ཤིང་། རང་ལུགས་ཞེས་པའི་ཚིག་ལ་དམིགས་བསལ་གྱི་དགོངས་པ་ཡོད་པའི་ཕྱིར་དང་། ལུང་ལ་འཇུག་སྒོར་ལམ་ལྔའི་མཚན་ཉིད་གསུངས་པའི་རྗེས། དེ་ལས་ཐར་པའི་ཆ་དང་མཐུན་པའི་ཉན་ཐོས་ཀྱི་མངོན་རྟོགས། ཉན་ཐོས་ཀྱི་ཚོགས་ལམ་དུ་བཞག་པ་བཞིན་གྱི་ལམ་ལྔ་གསུམ་བཅོ་ལྔ་ཀུན་ཤེས་པར་བྱའོ། །ཞེས་པའི་ཚིག་གི་འགྲོས་ལྟར་ན། མཐར་ཐུག་པའི་མངོན་རྟོགས་དེ་མི་སློབ་ལམ་སྤྱིའི་མཚན་ཉིད་དུ་བཞག་ནས། ཐེག་པ་སོ་སོ་ལ་སྦྱར་བའི་ཚེ། མཐར་ཐུགས་པའི་ཉན་ཐོས་ཀྱི་མངོན་རྟོགས། མཐར་ཐུག་པའི་རང་རྒྱལ་གྱི་མངོན་རྟོགས། མཐར་ཐུག་པའི་ཐེག་ཆེན་གྱི་མངོན་རྟོགས་ཞེས་སྦྱར་དགོས་པར་ཤུགས་ལ་གསལ་བས་སོ། །

འོ་ན་སྔར་ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པའི་སྒྲུབ་བྱེད་ཇི་ལྟར་ཡིན་སྙམ་ན། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད། ཐ་སྙད་ཚད་མ་དང་དོན་དམ་ཚད་མ་ལ་སོགས་པའི་ཡུལ་ཅན་རྣམས་ནི་ཡུལ་གྱི་ཆ་ནས་ཁྱད་པར་འཇོག་དགོས་པས། ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་ན་སྤྱི་ལ་ཁྱབ་པའི་མཚན་ཉིད་འཇོག་མི་ནུས་ལ། སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་དང་མི་སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད། ཐེག་དམན་གྱི་མི་སློབ་ལམ་དང་ཐེག་ཆེན་གྱི་མི་སློབ་ལམ་ལ་སོགས་པའི་ཡུལ་ཅན་རྣམས་ནི་ཡུལ་གྱི་ཆ་ནས་ཁྱད་པར་འཇོག་མི་དགོས་པས། ཡུལ་ཅན་དེ་གཉིས་ཡུལ་གྱི་རྣམ་པ་མི་མཐུན་ཀྱང་སྤྱི་ལ་ཁྱབ་པའི་མཚན་ཉིད་འཇོག་ནུས་སྙམ་ཏེ། སྒྲུབ་བྱེད་ཚད་ལྡན་གྱི་གཞུང་ལུགས་དང་མ་སྦྱར་བའི་ཅལ་སྒྲོག་འགའ་ཞིག་འདིར་ཞུས་པ་ལ་དགོངས་འགལ་མེད་པར་ཞུའོ། །

ཁ་ཅིག སངས་རྒྱས་ཀྱི་སེམས་བསྐྱེད་དང་།  སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་གཉིས་པོ་དེ་ཡུལ་གྱི་རྣམ་པ་ཤིན་ཏུ་ནས་མི་མཐུན་པ་མ་ཡིན་ཏེ།  སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་དེས་དོན་དམ་བདེན་པ་ལ་དམིགས་པའི་ཕྱིར་ཏེ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཕྱིེར།  རྟགས་གྲུབ་སྟེ།  ཀུན་རྫོབ་སེམས་བསྐྱེད་དེ་དམིགས་པ་རྣམ་པ་གཉིས་དང་བཅས་པ་ཡིན་པའི་ཕྱིར།  ཞེས་ཟེར་རོ།  །དེ་ལ་རྣམ་དཔྱོད་ཧ་ཅང་གིས་ཆེ་བ་རྣམས་ལ་སོམ་ཉིད་དེ་མི་འབྱུང་ལ།  རྣམ་དཔྱོད་གཏན་ནས་མེད་པ་རྣམས་ལའང་དོགས་པ་དེ་མི་འབྱུང་བས།  གཞུང་ལུགས་ལ་དཔྱད་པའི་རྣམ་དཔྱོད་གང་འཚམས་དང་ལྡན་པ་རྣམས་ཀྱི་ཆེད་དུ་ཁོ་བོའི་བསམ་ཚུལ་ཅུད་ཟད་སྨྲོས་ན།  ཀུན་རྫོབ་སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་ཞེས་པའང་རྣམ་བཞག་འདི་ལྟར་ཕྱེ་བར་བྱ་སྟེ།  སློབ་པའི་རྒྱུད་ཀྱི་རྣམ་པར་རྟོག་པས་བཟོས་པའི་དོན་དམ་བདེན་པའམ།  རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་ཡང་རྣམ་གྲངས་པའི་དོན་དམ་བདེན་པ་ལས་མ་འདས་པས།  རྣམ་པར་དཔྱད་ན་ཀུན་རྫོབ་སེམས་བསྐྱེད་དེས་རྫོགས་པའི་བྱང་ཆུབ་ལ་དངོས་སུ་དམིགས་མི་ནུས་སོ། །འོ་ན་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཐོབ་མི་ནུས་ཏེ།  དངོས་སུ་དམིགས་བྱར་འགྱུར་པའི་ཡུལ་དེ་རྣམ་གྲངས་པའི་དོན་དམ་ཡིན་པའི་ཕྱིར་ཞེ་ན།  ཀུན་རྫོབ་སེམས་བསྐྱེད་དེས་རང་གི་དངོས་ཡུལ་དུ་འགྱུར་པའི་རྣམ་གྲངས་པའི་དོན་དམ་བདེན་པའམ། རྫོགས་པའི་བྱང་ཆུབ་རྣམ་གྲངས་པ་དེ་ལ།  རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པའམ། རྣམ་གྲངས་མ་ཡིན་པའི་རྫོགས་བྱང་ཉིད་དུ་ཞེན་ནས། དེ་ཐོབ་པའི་ཕྱིར་ལམ་ལ་བརྩོན་པ་ཡིན་པས། རྣམ་གྲངས་མ་ཡིན་པའི་དོན་དམ་ཐོབ་མི་ནུས་པའི་སྐྱོན་དུའང་མི་འགྱུར་རོ། ། དེའང་ཆོས་རྗེ་ས་པན་གྱིས། །

འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །ཅེས་པའི་གནད་ཤེས་ན་དོགས་པ་རང་གྲོལ་དུ་འགྱུར་རོ། །

གསུམ་པ་ས་མཚམས་ནི།  ཐེག་ཆེན་སེམས་བསྐྱེད་ནི་མ་མཐའ་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ཡོད།  དེའང་ནང་གསེས་སུ་དབྱེ་ན།  ཀུན་རྫོབ་སེམས་བསྐྱེད་ནི་མ་མཐའ་ཚོགས་ལམ་ཆུང་ངུ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར།  དེའི་ནང་གསེས་སེམས་ཐོག་མར་བསྐྱེད་པའི་སྨོན་རྐྱང་ནི་ཚོགས་ལམ་ཆུང་ངུ་ཁོ་ནར་ཡོད་དོ།  །དེ་ཡང་ལུང་ལ་འཇུག་སྒོར། དང་པོ་ནི་བདག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་ནས་དམ་བཅས་པ་ཡིན་ལ། དེ་འགྲུབ་པར་བྱེད་པའི་ཐབས་ཀྱིས་མ་ཟིན་པ་སྨོན་རྐྱང་། དེ་ཡང་ཚོགས་ལམ་ཆུང་ངུ་ཁོ་ནར་རིགས་ཀྱི། ཞེས་དངོས་སུ་གསལ་ལོ། །དོན་དམ་སེམས་བསྐྱེད་ནི་མ་མཐའ་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ཡོད་དོ། །དེ་ཡང་ངོ་སྤྲོད་ཀེའུ་ཚང་མའི་འགྲེ་པར།

དང་པོ་ཐེག་ཆེན་མཐོང་ལམ་ནས། །སངས་རྒྱས་ས་ཡི་བར་ན་ཡོད། །  ཅེས་དང་།  བྱམས་པའི་ཞལ་ལུང་ལས།  དེ་ཡང་རབ་ཏུ་དགའ་བ་དང་པོར་སྐྱེ་བའི་ས་མཚམས་སུ་བཞག་སྟེ། ཞེས་གསུངས་པས་སོ།  །དེ་ཡང་མཉམ་བཞག་ཡཻས་ལ་འཇོག་དགོས་པ་ནི་སྡོམ་གསུམ་སྙིང་པོ་བསྟན་པར། དོན་དམ་སེམས་བསྐྱེད་ནི་ས་དེ་པའི་མཉམ་བཞག་ཡཻས། ཞེས་དང་།  ལུང་ལ་འཇུག་སྒོར། གཏེར་ལྟ་བུ་ནས་མཉམ་བཞག་གི་ངོ་ཏི་ལ་དོན་དམ་སེམས་བསྐྱེད།  སྦྱོར་རྗེས་ཀུན་རྫོབ་ཀུན་རྫོབ་སེམས་བསྐྱེད་དུ་བཞག་གོ །ཞེས་གསུངས། འོ་ན་ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པར།

དོན་དམ་ཀུན་རྫོབ་རྣམ་པ་གཉིས། །དང་པོ་ཐེག་ཆེན་མཐོང་ལམ་ནས། །

སངས་རྒྱས་ས་ཡི་བར་ན་ཡོད། །གཉིས་པ་ཐེག་ཆེན་ཚོགས་ལམ་ནི། །

ཆུང་ནས་སངས་རྒྱས་ས་ཡི་བར། །

ཞེས་པའི་གཞུང་ཚིག་དེས་སེམས་བསྐྱེད་གཉིས་ཀྱི་ཡ་མཐའི་ས་མཚམས་སངས་རྒྱས་ཀྱི་སར་གསུངས་པ་དང་འགལ་ལོ་སྙམ་ན། དོན་དམ་སེམས་བསྐྱེད་སངས་རྒྱས་ཀྱི་སར་ཡོད་པ་ལ་གནོད་བྱེད་མེད་ཅིང་། ཀུན་རྫོབ་སེམས་བསྐྱེད་ཀྱི་ཡ་མཐའི་ས་མཚམས་སངས་རྒྱས་ཀྱི་སར་གསུངས་པ་ནི། ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་ལ་དགོངས་པ་མ་ཡིན་པར་དེའི་གནས་འགྱུར་པ་ལ་དགོངས་པ་མིན་ནམ་སྙམ་སྟེ། དཔེར་ན་ཀུན་མཁྱེན་ཆེན་པོས་སངས་རྒྱས་ཀྱི་སར་བྱང་སྡོམ་གྱི་གནས་གྱུར་ཡོད་པར་ཁས་བླངས་པ་ལྟ་བུའོ།  །འོ་ན་སངས་རྒྱས་ཀྱི་སར་བྱང་སྡོམ་དང་ཀུན་རྫོབ་སེམས་བསྐྱེད་ཡོད་པར་འགྱུར་ཏེ། དེའི་གནས་གྱུར་ཡོད་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེ་ལྟར་ན་སྐུ་བཞི་དང་ཡཻས་ལྔ་པོ་དེའང་འཇུག་ཤེས་དང་ཉོན་ཡིད་སོགས་ཀྱི་གནས་གྱུར་ཡིན་པར་ཚད་མའི་སྤྱི་དོན་རིགས་པའི་སྙིང་པོ་ལས་གསལ་བས། སངས་རྒྱས་ཀྱི་སར་ཉོན་ཡིད་སོགས་ཀྱང་ཡོད་པར་ཁས་བླངས་དགོས་པར་ཐལ་ལོ།  །དེ་ལ་ངོ་སྤྲོད་ཀེའུ་ཚང་གི་གཞུང་ཚིག་དེའི་དགོངས་པ་དེ་ལྟར་ཡིན་པའི་སྒྲུབ་བྱེད་ཀྱི་ལུང་རིགས་རྣམ་དག་ཞུ་བར་མ་སྤོབས་ཀྱང་།  རྨོངས་བློའི་རྟོག་བཟོ་འགའ་ཞིག་འདིར་ཞུས་པ་ལ་ཅི་ནས་ཀྱང་བཟོད་ཐུབ་པར་ཞུའོ། །[] []

རྣམ་པར་དཔྱད་བྱ་སྐར་ཚོགས་བཀྲ་བ་ལ། །

རྨོངས་བློས་དཔྱད་པ་གད་མོའི་གནས་ཡིན་མོད། །

ཡིན་ཡང་ཀུན་མཁྱེན་གཉིས་པའི་གཞུང་ལུགས་ལ། །

སྦྱངས་པ་རྙེད་ཕྱིར་ཅུང་ཟད་འབད་པ་དགེའོ།། །།

ཞེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་རུས་པ་ཀུན་བཟང་སྟོབས་རྒྱས་མིང་པས་སྤྱི་ལོ་ ༢༠༢༣ ལོར་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་ལ་ཐོས་བསམ་བྱེད་པའི་གཞོར་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག།།  །། སྤྱི་ཚེས་ ༣༠/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

རྒྱབ་རྟེན་ཡིག་ཆ།

[ཞུན་དག]
  1. https://web.archive.org/web/20240730100457/https://dharmacloud.tsadra.org/book/%e0%bd%98%e0%bd%84%e0%bd%bc%e0%bd%93%e0%bc%8b%e0%bd%94%e0%bd%a2%e0%bc%8b%e0%bd%a2%e0%be%9f%e0%bd%bc%e0%bd%82%e0%bd%a6%e0%bc%8b%e0%bd%94%e0%bc%8b%e0%bd%a2%e0%be%92%e0%be%b1%e0%bd%93%e0%bc%8b%e0%bd%82/
  2. [༡]
  3. [༢]